༄༅།། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༥ པ་དེ་བཞིན་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ས་གནས་ཀྱི་བོད་མིའི་ཆོལ་གསུམ་ཚོགས་ཁང་དུ་བོད་རྒྱལ་ལོ་ ༢༡༤༡ སྤྱི་ལོ་ ༢༠༡༤ ཟླ་བ་ ༨ ཚེས་ ༡༡ ནས་ ༡༦ བར་བསྐྱངས་པའི་པའི་གྲོས་ཆོད་ཁག་གཤམ་གསལ།
གྲོས་གཞི་དོན་ཚན་དང་པོ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་དང་། ས་གནས་རྒྱུན་ལས་ཁག་གི་ལས་བསྡོམས་དང་རྩིས་ཁྲར་ཞིབ་བཤེར་གནང་རྒྱུ།
གྲོད་ཆོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་དང་། ས་གནས་རྒྱུན་ལས་ཁག་གི་ལས་བསྡོམས་དང་རྩིས་ཁྲར་ཞིབ་བཤེར་འཐུས་ཚང་ཟིན།
གྲོས་གཞི་དོན་ཚན་གཉིས་པ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༣ པའི་གྲོས་ཆོད་ཁག་ཞིབ་བཤེར་དང་འབྲེལ། ཕྱག་ལེན་འཁེལ་བསྡད་མཇུག་སྐྱོང་ཞུ་ཕྱོགས་ཇི་དགེའི་སྐོར།
གྲོད་ཆོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ པའི་གྲོས་གཞི་དོན་ཚན་གསུམ་པ་ཀ་པའི་གྲོས་ཆོད་ཨང་གཉིས་པ། གྲོས་གཞི་དོན་ཚན་དྲུག་པ་ཁ་པའི་གྲོས་ཆོད་ཨང་གཉིས་པ། གྲོས་གཞི་དོན་ཚན་བདུན་པ་ཀ་པའི་གྲོས་ཆོད་ཨང་གསུམ་པ། དེ་གཞིན་འགན་ལྷན་ཐེངས་ ༤༢ པའི་གྲོས་གཞི་དོན་ཚན་གསུམ་པའི་ཀ་པའི་གྲོས་ཆོད་ཨང་དང་པོ། གྲོས་གཞི་དོན་ཚན་བཞི་པའི་གྲོས་ཆོད་གཉིས་པ་། གཞོན་ལྷན་འགན་ལྷན་ཐེངས་ ༤༣ གྲོས་གཞི་དོན་ཚན་ལྔ་པའི་གྲོས་ཆོད་ཨང་དང་པོ། གྲོས་གཞི་དོན་ཚན་ལྔ་པའི་གྲོས་ཆོད་ཨང་གསུམ་པ། གྲོས་གཞི་དོན་ཚན་བདུན་པའི་གྲོས་ཆོད་ཨང་གཉིས་པ་བཅས་མཇུག་སྐྱོང་ཞུ་རྒྱུ།
གྲོས་གཞི་དོན་ཚན་གསུམ་པ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དང་འབྲེལ་བའི་ཆབ་སྲིད་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར།
ཀ༽ བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་དངོས་ཡོད་ཀྱི་ལོ་རྒྱུས་དག་བོད་མི་དང་རྒྱལ་སྤྱིའི་མི་མང། ལྷག་པར་དུ་རྒྱལ་སྤྱིའི་མཐོ་སློབ་ཁག་གི་སློབ་མ་ནས་མཁྱེན་རྟོགས་ཆེད་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡༽ བོད་རང་བཙན་གཙང་མ་ཡིན་པའི་ཁུངས་སྐྱེལ་ར་སྤྲོད་ཀྱི་དཔེ་དེབ་ཅིག་སྐད་ཡིག་འདྲ་མིན་ནང་ཕབ་བསྒྱུར་གྱིས་རྒྱལ་སྤྱིའི་མཐོ་སློབ་ཁག་དང་སློབ་གྲྭ་ཁག དེ་བཞིན་རྒྱལ་ཁབ་ཁག་གི་གཞུང་ཚབ་དང་ལོ་རྒྱུས་ཉམས་ཞིབ་པ་རྣམས་ལ་འགྲེམ་སྤེལ་རྒྱ་ཆེར་ཞུ་རྒྱུ།
༢༽ འདས་པའི་ལོ་རྒྱུས་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གཞི་རྒྱ་ཆེ་བའི་ལས་འགུལ་སྣ་མང་ཞིག་སྤེལ་ཡོད་པ་དེས། རྒྱལ་སྤྱིའི་མི་མང་ལ་བོད་དོན་གོ་རྟོགས་ཤུགས་ཆེར་སྤེལ་ཐུབ་ཡོད་པས། ད་ལན་སླར་ཡང་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་རྒྱུ།
༣༽ གཞོན་ལྷན་ཚོགས་མི་རྣམས་ནས་དུས་རྒྱུན་དུ་སྤྱི་ཚོགས་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་བོད་ཀྱི་བདེན་དོན་ལོ་རྒྱུས་བརྒྱུད་བསྒྲགས་ཤུགས་ཆེར་བྱ་རྒྱུ།
ཁ༽ བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། དེ་བཞིན་བོད་ཀྱི་བདེན་དོན་འཐབ་རྩོད་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་ཚོགས་པ་ཁག གཞན་ཡང་འཛམ་གླིང་རྒྱལ་ཁབ་ཁག་གི་གྲོས་ཚོགས་དང། མི་མང་བཅས་ནས་རྒྱབ་སྐྱོར་ཡོང་ཐབས་སུ་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡༽ བོད་ཀྱི་དངོས་ཡོད་ཛ་དྲག་གི་གནས་སྟངས་ཐོག་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དང། འབྲེལ་ཡོད་ཚོགས་སྡེ་ཁག དེ་བཞིན་རྒྱལ་ཁབ་སོ་སོའི་དབུས་གཞུང་དང་། མངའ་སྡེ་གཞུང་སོ་སོར་སྤྱི་ཁྱབ་དབུས་རྒྱུན་ལས་ནས་སྣེ་ཁྲིད་ཀྱིས་ཁྱབ་ཁོངས་ས་གཞོན་རྒྱུན་ལས་དང་ལྷན་དུ་ཞུ་གཏུགས་ལས་འགུལ་སྤེལ་རྒྱུ།
༢༽ རྒྱ་གར་གྱིས་གཙོས་ཕྱི་རྒྱལ་གྱི་མཐོ་སློབ་ཁག་གི་སློབ་མར་བོད་ཀྱི་དངོས་ཡོད་གནས་སྟངས་དང་རྒྱ་དམར་གཞུང་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ས་མཚམས་ཀྱི་དཀའ་ངལ་བཟོ་བ་སོགས་གླེང་སློང་གིས་བོད་རང་བཙན་གྱི་གནད་དོན་དེ་རྒྱ་གར་གྱི་བདེ་འཇགས་ཙམ་མ་ཟད། ཨེ་ཤེ་ཡ་ཁྱོན་ཡོངས་ཀྱི་ཞི་བདེ་ལ་འབྲེལ་བ་ཤུགས་ཆེན་ཡོད་པའི་གོ་རྟོགས་རྒྱ་ཆེར་སྤེལ་རྒྱུ།
༣༽ གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་འགན་འཁུར་འོག་བོད་རིགས་དང། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་ཚོའི་བོད་འབྲེལ་རྩོམ་ཡིག་ཁག་ཕྱོགས་སྒྲིག་དང། བོད་བསྒྱུར་བྱས་ནས་གང་མང་ཁྱབ་སྤེལ་བྱ་རྒྱུ།
ག༽རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་འོག་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་དང་དཀའ་ངལ་མྱོང་བཞིན་པའི་རྒྱལ་ཁབ་དང་མི་རིགས་ཁག་དང་ལྷན་མཐུན་ཕྱོགས་ཀྱི་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡༽ ལྷོ་ཨེ་ཤེ་ཡའི་རྒྱ་མཚོའི་ས་མཚམས་ཀྱི་ཐོག་རྒྱ་ནག་གི་ཧམ་བཟུང་ལ་རྩོད་གླེང་གི་གནད་དོན་ཡོད་པའི་ཝི་ཏི་ནམ་དང། ཉི་ཧོང། ཕིན་ལི་ཕིན་སོགས་ཀྱི་གཞོན་ནུའི་ཚོགས་པ་ཁག་ལ་དབུས་གཞོན་ལྷན་ནས་འབྲེལ་ལམ་གསར་འཛུགས་ཀྱིས་མཉམ་རུབ་ཐོག་འཚེ་བ་མེད་པའི་མཐུན་ཕྱོགས་ཀྱི་ལས་འགུལ་སྤེལ་རྒྱུ།
༢༽ རྒྱ་ནག་དམར་པོའི་གཞུང་གི་དབང་བསྒྱུར་འོག་ལ་གཉའ་གནོན་དང་དཀའ་ངལ་མྱོང་བཞིན་པའི་མང་གཙོ་དོན་གཉེར་ཅན་དང། དེ་བཞིན་ཤར་ཏུར་ཀི་སི་ཐན་དང་ལྷོ་སོག་པོ་བཅས་ཀྱི་རྒྱལ་ཁབ་ཁག་དང་མཉམ་རུབ་ཐོག་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་འདུ་ཞིག་གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས་སྐོང་ཚོགས་ཞུ་རྒྱུ།
ང༽ རྒྱ་ནག་གཞུང་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྐྱོན་འཛུགས་དང་། མི་སེར་སྤེལ་བའི་གདུག་རྩུབ་ཅན་གྱི་སྲིད་ཇུས་འོག་བོད་ཀྱི་སྣོད་བཅུད་གཉིས་ལ་ཚད་ལས་འདས་པའི་གཏོར་བརླག་གཏོང་བཞིན་པར་གདོང་ལེན་བྱེད་ཕྱོགས་ཇི་དགེ་སྐོར།
གྲོས་ཆོད།
༡༽ རྒྱ་དམར་གཞུང་གིས་༸སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྐུར་འདེབས་བྱེད་པའི་གནས་ཚུལ་ཐོན་སྐབས་དབུས་གཞོན་ལྷན་ནས་འཕྲལ་མར་ལན་འདེབས་གནང་དགོས་པ་དང། དེ་དག་ས་རྒྱུན་ཁག་ནས་ཁྱབ་སྤེལ་ཤུགས་ཆེན་གནང་རྒྱུ།
༢༽ རྒྱ་དམར་གཞུང་ནས་བོད་ནང་མི་སེར་སྤེལ་བའི་སྲིད་ཇུས་ལག་བསྟར་བྱས་ནས་རྒྱ་རིགས་འབོར་ཆེན་ཞིག་གནས་སྤོ་བྱས་པ་དང། ལྷག་པར་དུ་མེ་འཁོར་ལྕགས་ལམ་གསར་འཛུགས་བྱས་པ་ནས་བཟུང་བོད་ནང་རྒྱ་རིགས་ཀྱི་གྲངས་འབོར་དེ་ལྡབ་འགྱུར་གྱིས་འཕར་བཞིན་ཡོད་པ་དང། ཞིང་འབྲོག་གྲོང་སྡེ་ཅན་ལ་བསྒྱུར་བའི་སྲིད་ཇུས་འོག་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་ལ་དཀའ་ངལ་འཕྲད་བཞིན་པ། རྩ་ཐང་བཅད་བགོས་ཀྱིས་བོད་མིའི་འཚོ་བའི་གོམས་གཤིས་དང་ཆིག་སྒྲིལ་ལ་དོ་ཕོག་ཆེན་པོ་ཡོང་བཞིན་པ། དེ་བཞིན་གཏེར་ཁ་སྔོག་འདོན་གྱི་ལས་གཞི་རྒྱ་ཆེར་སྤེལ་ནས་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོ་བཞིན་པའི་དངོས་ཡོད་ཀྱི་ཁུངས་ལྡན་ཡིག་ཆ་རྒྱལ་སྤྱིའི་ནང་འགྲེམས་སྤེལ་བྱ་རྒྱུ།
ཅ༽ ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་པའི་བོད་ནང་གི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་དང། དེ་བཞིན་རྒྱ་གཞུང་གིས་འཛིན་བཟུང་འོག་གར་སོང་ཆ་མེད་དུ་གྱུར་པའི་བོད་མི་རྣམས་གློད་གྲོལ་ཡོང་ཐབས་སུ་ལས་འགུལ་སྤེལ་ཕྱོགས་ཇི་དགེ་སྐོར།
གྲོས་ཆོད།
༡༽ ད་རེས་འགན་ལྷན་འདིིའི་ཐོག་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པར་སྙན་གསེང་ཞུས་ཏེ་༧ཀུན་གཟིགས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡོད་མེད་ཤེས་རྟོགས་དང་། བོད་ཀྱི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་གྲོལ་ཡོང་ཆེད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་མུ་མཐུད་ཞུ་རྒྱུ།
༢༽ ༧ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་ཡོང་ཐབས་སུ་འཛམ་གླིང་ཆོས་ལུགས་ཁག་གི་དབུ་ཁྲིད་རྣམས་ནས་རྒྱབ་སྐྱོར་གྱི་ཕྱག་བྲིས་བསྩལ་གནང་ཡོང་བའི་འབོད་སྐུལ་དང། ཕྱག་བྲིས་ཁག་ཕྱོགས་བསྒྲིགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་ཡོད་ཚོགས་སྡེ་ཁག་གིས་ཁོང་གློད་གྲོལ་ཡོང་ཐབས་གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་འབད་རྩོན་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ།
གྲོས་གཞི་དོན་ཚན་བཞི་པ།
བོད་ཀྱི་བདེན་དོན་འཐབ་རྩོད་ཆེད་བོད་ཕྱི་ནང་གཉིས་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ནས་སྐུ་ལུས་མེར་མཆོད་དུ་ཕུལ་མཁན་སོགས་རླབས་ཆེ་བའི་བློས་གཏོང་གི་ལས་འགུལ་བསྟུད་མར་སྤེལ་བཞིན་པའི་དགོས་འདུན་ཁག་སྒྲུབ་ཐབས་སུ་གཞོན་ལྷན་གྱིས་ལས་འགུལ་སྤེལ་ཕྱོགས་ཇི་དགེ་སྐོར།
གྲོས་ཆོད།
༡༽ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་བོད་བསྟན་སྲིད་ཆེད་སྐུ་ལུས་མེར་བསྲེགས་ཀྱིས་འཚེ་བ་མེད་པའི་ལས་འགུལ་སྤེལ་གནང་མཁན་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ལོ་རྒྱུས་དང་འདྲ་དཔར་སོགས་གསལ་པོར་འཁོད་པའི་དྲ་རྒྱ་ཞིག་སྤྱི་ཁྱབ་དབུས་རྒྱུན་ལས་ཀྱིས་བཟོ་རྒྱུ།
༢༽རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་སྐུ་ལུས་མེར་སྲེག་གཏོང་བཞིན་པའི་བརྙན་པར་ཇི་ཡོད་ཕྱོགས་བསྡུས་ཀྱིས་འོད་སྡེར་ཞིག་བཟོས་ཏེ་འགྲེམ་སྤེལ་བྱ་རྒྱུ།
༣༽སྐུ་ལུས་མཆོད་མེར་ཕུལ་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཞལ་ཆེམས་རྣམས་སྐད་ཡིག་འདྲ་མིན་ནང་ཕབ་བསྒྱུར་གྱིས་ཁོང་རྣམ་པའི་དགོས་འདུན་ཁག་རྒྱལ་སྤྱིའི་སྟེང་མཁྱེན་རྟོགས་ཐུབ་པ་བཟོ་རྒྱུ་དང་། ལྷག་པར་དུ་རྒྱལ་སྤྱིའི་དབུ་ཁྲིད་སོགས་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་སྐབས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཞལ་ཆེམས་སྤྱན་བསྟར་ཞུས་ཏེ། བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུ་རྒྱུ།
གྲོས་གཞི་དོན་ཚན་ལྔ་པ།
རང་རེའི་མི་རབས་གསར་པ་རྣམས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག དེ་བཞིན་བོད་མིའི་གཤིས་སྤྱོད་བཟང་པོ་རྣམས་རྒྱུན་གནས་ཐུབ་ཐབས་སུ་གཞོན་ལྷན་ནས་འགན་འཁུར་ཞུ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡༽བོད་ཀྱི་སྐད་ཡིག་མི་ཉམས་གོང་འཕེལ་ཐད་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས་དེང་སྐབས་སྤྱོད་སྒོ་ཆེ་བའི་ཐ་སྙད་ཁག་བོད་ཡིག་ནང་ཕྱོགས་བསྒྲིགས་ཀྱིས་གྱང་སྦྱར་པར་གཞི་བཟོས་ནས་ས་གཞོན་གྱི་འགན་འཁུར་འོག་བོད་རིགས་གནས་ཁུལ་གྱི་ས་གནས་ཁག་ལ་འགྲེམ་སྤེལ་བྱས་ཏེ་བོད་རིགས་རྒན་གཞོན་བར་གསུམ་ནས་བོད་སྐད་གཙང་མ་བཤད་ཐུབ་པ་ཡོང་ཐབས་ཀྱི་འབད་བརྩོན་བྱེད་རྒྱུ།
༢༽ ས་གཞོན་ཁག་ནས་ཁུངས་སོ་སོའི་གཞིས་ཆགས་ནང་གི་ཕྲུ་གུ་ཚོས་བོད་ཀྱི་སྐད་ཡིག་ཐོག་དོ་སྣང་སླེབས་ཐབས་སུ་ནུས་པ་འདོན་དགོས་པ་དང་། སྐད་ཡིག་སློབ་གསོའི་ཐད་ས་གཞོན་ཁག་གིས་ལས་བསྡོམས་སྙན་ཐོ་ཞིག་འགན་ལྷན་ཐེངས་༤༦ ཐོག་འཁྱེར་རྒྱུ་ཡོད་པ་ཞིག་གནང་དགོས།
༣༽བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་ལོ་ལྟར་རྒྱ་བལ་འབྲུག་གསུམ་ནང་གི་འཛིན་རིམ་བཅུ་གཉིས་ཀྱི་བོད་ཡིག་ཡིག་རྒྱུགས་ཨང་དང་པོ་ལོན་མཁན་གྱི་བོད་རིགས་སློབ་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་དམིགས་བསལ་བྱ་དགའ་ཞིག་སྤྲོད་རྒྱུ།
གྲོས་གཞི་དོན་ཚན་དྲུག་པ།
༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཐོག་འགན་འཁུར་ཞུ་ཕྱོགས།
ཀ༽ བོད་རྒྱལ་ཁབ་ཆེན་པོའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་ཐད་གཞོན་ལྷན་ནས་དམིགས་བསལ་འགན་འཁུར་ཞུ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡༽དུས་དང་རྣམ་པ་ཀུན་ཏུ་རང་ཅག་གངས་ཅན་ལྷ་མི་ཀུན་གྱི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་མཚུངས་ཟླ་མ་མཆིས་པ་༧སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་སྲུང་སྐྱོབ་ཐད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་ཀྱིས་དུས་ཐོག་འགན་འཁུར་དམ་འཛིན་དགོས་རྒྱུ།
༢༽ ད་རེས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ཞེ་ལྔ་པ་འདིའི་ཐོག ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་སུང་སྐྱོབ་ཐོག་འབྲེལ་ཡོད་རྒྱ་གར་དབུས་སའི་གཞུང་གི་ལས་ཁུངས་ཁག་དང། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ཁག་སོ་སོར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་སྲུང་སྐྱོབ་ཐོག་འགན་འཁུར་ལྷོད་མེད་གནང་བར་ཐུགས་རྗེ་ཆེ་ཞུ་དང་། སླད་མར་ཡང་སྔར་རྒྱུན་བཞིན་༧སྐུ་ཕྱྭའི་སྲུང་སྐྱོབ་ཐོག་དོ་དམ་ལྷོད་མེད་གནང་སྐྱོང་ཡོང་བའི་ཞུ་སྙན་འབུལ་རྒྱུ།
༣༽དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལྷན་ཁང་ལ་མ་འོངས་པར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༧དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སོགས་མི་མང་འདུ་འཛོམས་ཆེ་བའི་གསུང་ཆོས་གལ་ཆེའི་རིགས་གནང་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་༧སྐུ་ཕྱའི་སྲུང་སྐྱོབ་ཐོག་ཕྱག་རོགས་དང་། སྤྱི་ཚོགས་ཞབས་ཞུ་སོགས་ལྷག་བསམ་གཡོ་བ་མེད་པའི་ཐོག་ནས་སྔར་ལམ་བཞིན་ཞུ་རྒྱུ་ལགས་ན་དེ་དོན་དགོངས་བཞེས་ཀྱིས་དགོས་མཁོ་ནམ་བྱུང་ལ་གོ་སྐབས་གནང་སྐྱོང་ཡོང་བའི་ཞུ་སྙན་འབུལ་རྒྱུ།
༤༽ སྤྱི་ལོ་ ༢༠༡༥ ལོར་རང་ཅག་གི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དུས་བཟང་དང་བསྟུན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་འབུལ་རྒྱུའི་གསོལ་འདེབས་ཞུ་རྒྱུ།
ཁ༽ དོལ་རྒྱལ་རྗེས་འབྲང་པ་ཉུང་ཤས་ནས་བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྒྲོ་འདོགས་ཀྱི་སྐུར་འདེབས་བྱེད་བཞིན་པར་གཞོན་ལྷན་ནས་གདོང་ལེན་ཞུ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡༽བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་རྣམས་ས་གནས་ཁག་ལ་འཚམས་གཟིགས་གནང་སྐབས་ངེས་པར་དུ་དོལ་རྒྱལ་གནད་དོན་ཐོག་ས་གནས་མང་ཚོགས་དང། ལྷག་པར་གཞོན་སྐྱེས་རྣམས་ལ་ངོ་སྤྲོད་གསལ་བཤད་གནང་རྒྱུ།
༢༽ད་རེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་འདིའི་ཐོག དོལ་རྒྱལ་སྐོར་ལ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་བཞག་པའི་གྲོས་ཆོད་ཁག་ལ་རྒྱབ་སྐྱོར་ཞུ་རྒྱུ་དང་། དེ་བཞིན་གཞོན་ལྷན་དབུས་སའི་རྒྱུན་ལས་གཙོས་པའི་ཚོགས་མི་ཡོངས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱི་ལོ་ ༡༩༩༦ ནས་བཟུང་སྔ་ཕྱི་རིམ་པར་བཞག་པའི་དོལ་རྒྱལ་སྐོར་གྱི་གྲོས་ཆོད་ཁག་ལག་བསྟར་མུ་མཐུད་བྱ་རྒྱུ།
གྲོས་གཞི་དོན་ཚན་བདུན་པ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སའི་སྒྲིག་འཛུགས་སྲ་བརྟན་དང་། ལས་དོན་བྱེད་ཕྱོགས། དེ་བཞིན་འབྲེལ་ལམ་ཡར་རྒྱས་ཚགས་ཚུད་གོང་འཕེལ་གཏོང་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡༽གཞོན་ལྷན་དབུས་སྤྱི་ཁྱབ་རྒྱུན་ལས་ནས་ས་གནས་ཁག་བརྒྱད་ལ་དུས་ཡུན་ལོ་གཅིག་རིང་འགྲིག་ཆགས་ཡོང་ཐབས་ཀྱི་འབད་རྩོལ་རིམ་པར་བྱས་ཀྱང་དོན་འབྲས་མ་གསོན་སྟབས། ད་ཐེངས་འགན་འཛིན་ལྷན་ཚོགས་འདིའི་ཐོག་ནས་ལྷོ་ཕྱོགས་ཀྱིས་གཙོས་པའི་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་ཚོས་གཞོན་ལྷན་གྱི་སྒྲིག་གཞིར་རང་འགར་བཟོ་བཅོས་བྱས་པའི་ཐལ་ཆེའི་བྱ་སྤྱོད་དེས་ད་ལྟའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་རྩིས་མེད་བཏང་བ་མ་ཟད་། ལོ་ངོ་ ༤༥རིང་བོད་བསྟན་སྲིད་ཆེད་ཞབས་འདེགས་ཞུས་དང་ཞུ་བཞིན་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་གཏོར་བཤིག་གཏོང་བའི་བྱ་སྤྱོད་ཅིག་ལ་འགན་ལྷན་འདིའི་ཐོག་ནས་ངོས་འཛིན་ཞུ་རྒྱུ།
༢༽ སྦེལ་ཀོབ་ས་གནས་གཞོན་ལྷན་དང་། ཧོན་སུར་ས་གནས་གཞོན་ལྷན། ཀོ་ལི་ཀལ་ས་གནས་གཞོན་ལྷན། མོན་གྷོ་ས་གནས་གཞོན་ལྷན། སྦེང་ལོར་ས་གནས་གཞོན་ལྷན། ཌལ་ཧོར་ས་གནས་གཞོན་ལྷན། ལ་དྭགས་སླེ་ས་གནས་གཞོན་ལྷན། སྤོན་ཊོ་ས་གནས་གཞོན་ལྷན་བཅས་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་རྣམས་ནས་བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་ལོ་རྒྱུས་ནང་གལ་གནད་ཆེ་བའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང་མང་གཙོའི་ལམ་ལུགས་ལ་རྩིས་མེད་རྡོག་རོལ་བཏང་སྟེ་གཞོན་ལྷན་གྱི་དམིགས་ཡུལ་སྒྲིག་གཞིར་རང་དགར་བཟོ་བཅོས་བྱས་པ་མ་ཟད། ས་གནས་གཞོན་ལྷན་གྱི་མཚན་བྱང་དང་བོད་ཀྱི་གཞོན་ལྷན་གྱི་ངོ་སྤྲོད་ལག་འཁྱེར་ཡང་གསར་བཟོ་བྱས་པ་དེ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞི་དང་ཡོངས་སུ་འགལ་བའི་ཐལ་ཆེའི་ཐག་གཅོད་གཅིག་ཡིན་པ་མ་ཟད། བཟང་སྤྱོད་དང་འགལ་བའི་ཚབས་ཆེའི་ལས་དོན་ཞིག་ཡིན་པས་ད་ཐེངས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་འདིའི་ཐོག་ནས་སྐབས་དེའི་ཐལ་ཆེའི་ཐག་གཅོད་གནང་མཁན་གྱི་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་རྣམས་ད་ནས་བཟུང་གཞོན་ལྷན་ཚོགས་མི་ཡིན་པར་ངོས་ལེན་མེད་པའི་ཐག་གཅོད་བྱ་རྒྱུ།
༣༽ ད་རེས་འགན་ལྷན་འདིའི་ཐོག་ནས་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་གསར་པ་དང་ཚོགས་མི་ཚོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་འོག་གཞོན་ལྷན་གྱི་སྒྲིག་གཞིར་རྩ་འཛིན་གྱིས་བོད་བསྟན་སྲིད་མི་རིགས་དང་བཅས་པར་སྨན་པའི་ལས་དོན་རྒྱུན་སྐྱོང་གནང་རྒྱུའི་འབོད་སྐུལ་ཞུ་བ་དང་ཆབས་ཅིག མ་འོངས་པར་ས་གནས་ཁག་བརྒྱད་ཀྱི་གནད་དོན་ཐོག་ཐག་གཅོད་ཅི་ཞིག་གནང་དགོས་ཀྱང་གནང་ཆོག་པའི་དབང་ཚད་ཆ་ཚང་དབུས་སྤྱི་ཁྱབ་རྒྱུན་ལས་ལ་འགན་ལྷན་འདིའི་ཐོག་ནས་ཕུལ་བ་ཡིན།
༤༽ སྤྱི་ཚོགས་ནང་དངོས་ཡོད་གནས་ཚུལ་མཁྱེན་རྟོགས་མེད་པའི་དབང་གིས་གཞོན་ལྷན་སྒྲིག་འཛུགས་ལ་མཐོང་ཚུལ་ཡོང་བཞིན་པར་དབུས་སའི་རྒྱུན་ལས་ནས་འགན་འཁུར་གྱིས་གཞོན་ལྷན་གྱི་དམིགས་ཡུལ་དང་ལས་དོན་བྱེད་ཕྱོགས་མི་མང་ལ་གསལ་བཤད་དགོས་རྒྱུ།
༥༽བོད་ཀྱི་བདེན་དོན་འཐབ་རྩོད་ཆེད་གཞོན་ལྷན་གྱི་སྒྲིག་འཛུགས་འདི་བཞིན་སྲ་བརྟན་ཡོང་ཐབས་སུ་དབུས་གཞོན་ལྷན་ནས་སྣེ་ཁྲིད་གནང་བའི་ལས་འགུལ་ཁག་ལ་ས་གནས་གཞོན་ལྷན་ཁག་གིས་ངེས་པར་དུ་འཕྱར་གྲུ་མཉམ་འདེགས་ཞུ་རྒྱུ།
གྲོས་གཞི་དོན་ཚན་བརྒྱད་པ།
སྤྱི་སྨན་དགོངས་འཆར།
གྲོས་ཆོད།
༡༽ བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཀྱི་སྣེ་ཁྲིད་འགན་འཁུར་འོག་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཁག་དང་མཉམ་རུབ་ཀྱིས་གཞོན་ནུའི་བོད་ཀྱི་དུས་སྟོན་ཞིག་གོ་སྒྲིག་ཞུ་རྒྱུ།
༢༽ གཞོན་ལྷན་གྱི་ཚོགས་དངུལ་ལོ་རེར་ཧིན་སྒོར་ ༡༥ འབུལ་བཞིན་ཡོད་པ་དེ་སྤར་ཆ་བྱས་ནས་ལོ་རེར་ཁྱོན་ཚོགས་དངུལ་ཧིན་སྒོར་ ༢༥ འབུལ་རྒྱུ་དང། དེ་བཞིན་ཟས་བཅད་དོད་དེ་ཡང་ལོ་རེར་ཧིན་སྒོར་ ༡༥ འབུལ་བཞིན་ཡོད་པ་དེ་སྤར་ཆ་བྱས་ནས་ལོ་རེར་ཟས་བཅད་དོད་ཧིན་སྒོར་ ༢༥ འབུལ་རྒྱུ།
ཞེས་བོད་རྒྱལ་ལོ་ ༢༡༤༡ སྤྱི་ལོ་ ༢༠༡༤ ཟླ་བ་ ༨ ཚེས་ ༡༦ ལ།
ཚོགས་འདུའི་གཙོ་སྐྱོང་སྤྱི་ཁྱབ་ཚོགས་གཙོ་བསྟན་འཛིན་འཇིགས་མེད།