༄༅།། བོད་རྒྱལ་ལོ་ ༢༡༤༠ ཕྱི་ལོ་ ༢༠༡༣ ཟླ་བ་ ༥ ཚེས་ ༢༧ ནས་ཟླ་བ་ ༦ ཚེས་ ༡བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་སྔ་བསྣུར་གྱིས་ཉིན་དྲུག་རིང་བསྐོངས་འཚོགས་ཞུས་པའི་གྲོས་ཆོད་ཁག་གཤམ་གསལ།
གྲོས་གཞི་དོན་ཚན་དང་པོ། ཚོགས་ཆེན་སྔ་བསྣུར་དང་འབྲེལ་བའི་གནད་དོན་སྐོར།
ཉེ་དུས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཅོག་ནས་འདི་ཕྱིའི་ལམ་སྟོན་བཀའསློབ་སྔ་རྗེས་རིམ་པར་བསྩལ་གནང་མཛད་ཡོད་པ་ལྟར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༥ཟླ་མཇུག་ཏུ་ཚོགས་གཏན་འཁེལ་བའི་རང་བཙན་ཚོགས་ཆེན་ཕྱིར་འཐེན་དང། གཞོན་ལྷན་གྱི་ཚོགས་ཆེན་ཐེངས་ ༡༥ པ་དེ་སྔ་དང་མི་འདྲ་བ་སྔ་བསྣུར་གྱིས་ཚོགས་བཞིན་ཡོད་པ་ལྟར། དེ་འབྲེལ་གཤམ་གསལ་གྲོས་ཆོད་དོན་ཚན་ཁག་གཏན་འབེབས་ཞུས།
༡༽ བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་དང། སེམས་ཤུགས་ཀྱི་སྲོག་རྩ། མང་གཙོའི་འཕེལ་རིམ་སྲོལ་གཏོད་མཛད་གནང་མཁན་ཡིན་པའི་ཐོགང་ཚོ་བོད་མི་ཙམ་མ་ཟད་འཛམ་གླིང་སྐྱེ་འགྲོ་ཀུན་ལ་སྲིད་ན་བརྙེད་དཀའི་བཀྲིས་གྱི་བདག་ཉིད་གཅིག་ཉིད་ཡིན་པ་ནི་ཀུན་གྱིས་ཤེས་གསལ་ཡིན། ལྷག་པར་ང་ཚོ་བོད་མིའི་འཐབ་རྩོད་དང་། མང་གཙོའི་འཕེལ་རིམ། ཆིག་སྒྲིལ་གྱི་ནུས་སྟོབས་སོགས་བོད་མིའི་བདེ་དོན་སླད་མགོན་པོ་གང་ཉིད་སྐུ་ན་ཤིན་ཏུ་ཕྲ་བའི་དུས་ནས་བཟུང་སྟེ་སྐུ་ངལ་བརྒྱ་ཕྲག་ལྟུར་བཞེས་ཀྱིས་བཀའ་དྲིན་བླ་མེད་ཇི་ལྟར་བསྐྱངས་པའི་ཚུལ་རྣམས་ཤེས་པའི་ཐོག་ནས། མགོན་པོ་མཆོག་གིས་བསྩལ་བའི་བཀའ་སློབ་སྔ་རྗེས་ཀྱི་དགོངས་དོན་འདི་ག་གཞོན་ལྷན་སྒྲིག་འཛུགས་ནས་མགོན་པོ་མཆོག་ལ་ཐུགས་ཕམ་འབྱུང་གཞིའི་མ་ཤེས་རྨོངས་པའི་དབང་གིས་ལས་ངན་བསགས་ཡོད་པར་འགྱོད་གདུང་དྲག་པོའི་ངང་འགྱོད་བཤགས་དང་འབྲེལ་བའི་བཟོད་གསོལ་ཞུ་རྒྱུ་དང་། སླད་མར་འདི་རིགས་མི་འབྱུང་བའི་ཁས་ལེན་དམ་བཅའ་གཙང་འབུལ་ཞུ་བ་ལགས་ན། མགོན་པོ་གང་ཉིད་དགོངས་དབྱིངས་གསལ་དྭངས་ཅི་ནས་ཀྱང་བཞེས་གནང་༧སྐྱབས་འཇུག་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་མ་ཟད། ཚོགས་ཆེན་འདི་ཐོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྷ་དགོངས་གསལ་དྭངས་ཡོང་བའི་མཚན་འཁོད་༧ཞུ་སྙན་འབུལ་རྒྱུ།
༢༽ སྔ་ལོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༣ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་བོད་རང་བཙན་འཐབ་རྩོད་ལ་འགྱུར་གནང་ཡོང་བའི་འབོད་སྐུལ་གསོལ་འདེབས་ཞུ་རྒྱུའི་གྲོས་ཆོད་གཏན་འབེབས་ཡོད་པ་དེ་བཞིན་ཚོགས་ཆེན་འདི་ཐོག་ནས་ཕྱིར་འཐེན་བྱ་རྒྱུ།
༣༽ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དོན་ཚན་བཞི་པར་ཕྲན་བུ་སྐྱར་བཅོས་ཞུས་པར། སྒྲིག་གཞི་དགོངས་དོན་སྐྱར་བཅོས་བྱེད་པར་དགོས་ངེས་དུས་ཚོད་བཏང་ཐུབ་མེད་སྟབས། མ་འོངས་ཚོགས་ཆེན་རྗེས་མར་གཞོན་ལྷན་གྱི་གོང་བསལ་དམིགས་ཡུལ་དོན་ཚན་ལ་གཤམ་གསལ་ལྟར་སྐྱར་བཅོས་བྱ་རྒྱུ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་བོད་རང་དབང་རང་བཙན་སླར་གསོའི་འཐབ་རྩོད་མུ་མཐུད་བྱ་རྒྱུ་དང་། མ་འོངས་བོད་མིའི་དཀའ་རྙོག་འགྲིག་འཇགས་ཀྱི་མཚམས་སུ་སླེབས་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དགོངས་དོན་གཞིས་བྱེས་བོད་མི་མང་ཚོགས་ཀྱིས་མཐའ་མའི་ཐག་གཅོད་ཇི་བྱུང་ལ་གུས་བརྩི་རྒྱབ་སྐྱོར་ཞུ་རྒྱུ།
གྲོས་གཞི་དོན་ཚན་གཉིས་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་དང་།ས་གནས་རྒྱུན་ལས་ཁག་གི་ལས་བསྡོམས་དང་རྩིས་ཁྲར་ཞིབ་བཤེར་གནང་རྒྱུ།
གྲོས་ཆོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་དང་། ས་གནས་རྒྱུན་ལས་ཁག་གི་ལས་བསྡོམས་དང་རྩིས་ཁྲར་ཞིབ་བཤེར་འཐུས་གཙང་ཟིན།
གྲོས་གཞི་དོན་ཚན་གསུམ་པ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཆོད་ཁག་ལ་ཞིབ་བཤེར་དང་འབྲེལ། ཕྱག་ལེན་འཁེལ་བསྡད་མཇུག་སྐྱོང་ཇི་དགེའི་སྐོར།
གྲོས་ཆོད། ཚོགས་ཆེན་སྐབས་༡༣པའི་གྲོས་ཆོད་དོན་ཚན་གསུམ་པའི་ཅ་པའི་ནང་གསེས་ཨང་གཉིས་པ། ཚོགས་ཆེན་སྐབས་ ༡༤ པའི་གྲོས་ཆོད་དོན་ཚན་གསུམ་པའི་ཁ་པའི་ནང་གསེས་དང་པོ་དང་། གཉིས་པ། གསུམ་པ། གྲོས་ཆོད་དོན་ཚན་གསུམ་པའི་ག་པའི་ནང་གསེས་དང་པོ། གྲོས་ཆོད་དོན་ཚན་གསུམ་པའི་ང་པའི་དང་པོ་དང་གཉིས་པ། གྲོས་ཆོད་དོན་ཚན་བཞི་པའི་ཀ་པའི་ནང་གསེས་གཉིས་པ། གྲོས་ཆོད་དོན་ཚན་བརྒྱད་པའི་ནང་གསེས་གསུམ་པ་བཅས་མཇུག་སྐྱོང་ཞུ་རྒྱུ།
གྲོས་གཞི་དོན་ཚན་བཞི་པ། ཆབ་སྲིད་དང་འབྲེལ་བའི་གཞོན་ནུའི་ལངས་ཕྱོགས་དང་། ལས་དོན་སྤེལ་ཕྱོགས་ཇི་དགེའི་སྐོར།
ཀ༽ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་གཞིར་བཞག་ཐོག་བོད་རང་བཙན་སླར་གསོའི་ལས་འགུལ་ཁག་སྔར་ལྷག་ནུས་སྟོབས་གོང་འཕེལ་གཏོང་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་གཞིར་བཞག་ཐོག་བོད་རང་བཙན་སླར་གསོའི་ལས་འགུལ་ཁག་སྔར་ལྷག་ནུས་སྟོབས་གོང་འཕེལ་གཏོང་སླད་ས་གཞོན་སྤྱི་དང་དམིགས་བསལ་གྱིས་མཐོ་སློབ་ཁག་ལ་གཞོན་ལྷན་དབུས་ནས་ཟབ་སྦྱོང་གང་མང་སྤྲོད་རྒྱུ།
ཁ༽ བོད་རྒྱལ་ཁབ་ཀྱི་དོན་དུ་རང་ལུས་མེར་བསྲེག་གནང་མཁན་རྣམ་པས་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་དང། ཞལ་ཆེམས་སྒྲུབ་ཐབས་ཇི་དགེའི་སྐོར།
གྲོས་ཆོད།
༡༽ རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་དཔར་དང་ཞལ་ཆེམས་གང་ཡོད་གཞོན་ལྷན་དབུས་ནས་མཁོ་སྒྲུབ་ཀྱིས་གློག་བརྙན་དང་བརྙན་དེབ་སོགས་བཟོ་བསྐྲུན་ཐོག་སྐད་རིགས་འདྲ་མིན་ནང་ཕབ་བསྒྱུར་གྱིས་གང་མང་འགྲེམས་སྤེལ་བྱ་རྒྱུ།
༢༽ བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མེར་བསྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སླད་གཞོན་ལྷན་དབུས་ཀྱི་གཏན་འབེབས་འོག་ས་གཞོན་ཁག་ནས་ཉིན་བརྒྱ་དུས་གཅིག་ཏུ་གཞི་རྒྱ་ཆེ་བའི་མཆོད་འབུལ་སྨོན་ལམ་ཞུ་རྒྱུ།
ག༽ དགྲ་བོ་རྒྱ་ནག་གི་བཙོན་ཁང་དུ་ཡོད་པའི་༧ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེས་གཙོས་པའི་ཆབ་སྲིད་གཙོན་པ་
ཡོངས་རྫོགས་གློད་གྲོལ་ཆེད། གཞོན་ལྷན་ནས་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡༽ ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་ཞུགས་ཡིན་མིན་དང། ད་ཡོད་ཀྱི་གནས་སྟངས་ཤེས་རྟོགས་སླད་མཉམ་སྦྲེལ་རྒྱལ་ཚོགས་གཙོས་འབྲེལ་ཡོད་ཚོགས་སྡེ་ཁག་དང་སྲིད་གཞུང་ཁག་ལ་གཞོན་ལྷན་དབུས་ས་གཉིས་ནས་ཞུ་སྙན་དང་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་རྒྱུ།
ང༽ རྒྱ་ནག་གཞུང་གིས་བོད་དུ་མེ་སེར་སྤེལ་བའི་ངན་ཇུས་དང། གཏེར་ཁ་བསྔོག་འདོན་སོགས་བོད་ཀྱི་ངོ་བོ་དང་ཁོར་ཡུག་ལ་ཉེན་ཚབས་ཆེ་བའི་ལས་གཞི་སྤེལ་བཞིན་པར་གཞོན་ལྷན་ནས་གདོང་ལེན་བྱེད་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
རྒྱལ་སྤྱིའི་ཁོར་ཡུག་གི་ཚོགས་སྡེ་ཁག་དང་འབྲེལ་ཞུས་ཀྱིས་བོད་ནང་གི་ཁོར་ཡུག་གནས་སྟངས་གསལ་སྟོན་ཐུབ་ཐབས་དང། ལྷག་པར་བོད་ཀྱི་ཁོར་ཡུག་གནས་སྟངས་སྐོར་རྒྱལ་སྤྱིའི་ཚོགས་ཆེན་རྒྱས་པ་ཞིགས་བསྐོང་ཚོགས་ཞུ་རྒྱུ།
ཅ༽ བཙན་བྱོལ་བོད་མིའི་སྤྱི་ཚོགས་སྔར་ལྷག་སྲ་བརྟན་དང་དམངས་གཙོའི་འགན་དབང་གོང་འཕེལ་གཏོང་ཐབས་ཇི་དགེའི་སྐོར།
གྲོས་ཆོད།
བཙན་བྱོལ་བོད་མིའི་སྤྱི་ཚོགས་སྔར་ལྷག་སྲ་བརྟན་དང་དམངས་གཙོའི་འགན་དབང་གོང་འཕེལ་གཏོང་སླད་གོ་རྟོགས་ཀྱི་ལས་འགུལ་སྣ་མང་སྤེལ་རྒྱུ།
གྲོས་གཞི་དོན་ཚན་ལྔ་པ། ཆོས་དང་རིག་གཞུང་གཅེས་འཛིན།
༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་ལམ་སྟོན་ལྟར་བོད་ཀྱི་ངོ་བོ་མཚོན་པའི་རྩ་ཆེའི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་སླད། གཞོན་ལྷན་གྱིས་ལས་དོན་སྤེལ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
གཞོན་ལྷན་དབུས་ས་གཉིས་ཀྱི་འགན་འཁུར་འོག་བགྲོ་གླེང་དང་རྩོམ་ཡིག་འགྲན་བསྡུར་སོགས་གང་མང་གོ་སྒྲིག་ཞུ་རྒྱུ།
གྲོས་གཞི་དོན་ཚན་དྲུག་པ། ༧གོང་ས་མཆོག་གི་སྐུ་ཕྱྭའི་སྐོར།
ཀ༽ བོད་ཀྱི་རྒྱལ་ཁབ་ཆེན་པའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ ༧གོང་ས་སྐྱབས་མགོན་མཆོག་གི་སྐུ་འཕྱྭ་ནི་བོད་ཀྱི་ནུས་སྟོབས་དང་བདེ་སྐྱིད་ཀྱི་གཞི་རྩ་དམ་པར་སོང་། གཞོན་ལྷན་ནས་དེ་འབྲེལ་ལས་དོན་སྤེལ་ཕྱོགས་ཇེ་དགེའི་སྐོར།
གྲོས་ཆོད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་འཕྱྭའི་ཉེན་སྲུང་ཐད་རྒྱ་གར་གཞུང་དང་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལྷན་ཁང་སོ་སོར་ད་བར་སྐུ་ཕྱྭའི་ཉེན་སྲུང་ལྷོད་མེད་གནང་བར་ཐུགས་རྗེ་ཆེ་ཞུ་དང་། སྐུ་ཕྱྭའི་ཉེན་སྲུང་སྔར་ལྷགས་ཚགས་ཚུད་ཡོང་སླད་ཚོགས་ཆེན་འདིའི་ཐོག་ནས་ཞུ་སྙན་འབུལ་རྒྱུ།
ཁ༽ དོལ་རྒྱལ་རྗེས་འབྲངས་པ་ཚོས་དགྲ་བོ་རྒྱ་ནག་དང་ངན་འབྲེལ་འོག་སྐུ་ཕྱྭའི་སྲུང་སྐྱོབ་ལ་དེའི་ཐད་ཉེན་ཚབས་ཆེ་བར་གདོང་ལེན་བྱ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡༽ ༧གོང་ས་མཆོག་ལ་དོལ་རྒྱལ་རྗེས་འབྲངས་པ་ཆེས་ཉུང་ཤས་ནས་ངོ་རྒོལ་བྱེད་སྐབས་༧རྒྱལ་བ་མཆོག་གི་ལེགས་ཉེས་འབྱེད་པའི་བླང་དོར་བཀའ་སློབ་ཡིག་ཆ་གང་མང་འགྲེམས་སྤེལ་བྱ་རྒྱུ།
༢༽ དེང་སྐབས་དོལ་རྒྱལ་རྗེས་འབྲངས་པ་སོགས་ཀྱིས་དགྲ་བོ་རྒྱ་ནག་དང་ངན་འབྲེལ་འོག་སྐུའི་སྲུང་སྐྱོབ་ལ་ཉེན་ཚབས་ཧ་ཅང་ཆེ་བར་བརྟེན། གཞོན་ལྷན་དབུས་ས་གཉིས་ནས་དེ་ཐད་སྔར་ལྷག་དམ་དོན་ཞུ་རྒྱུ།
གྲོས་གཞི་དོན་ཚན་བདུན་པ། གཞོན་ནུའི་སྒྲིག་འཛུགས་སྲ་བརྟན་སྐོར།
ཀ༽ སྒྲིག་གཛུགས་ཀྱི་ལངས་ཕྱོགས་སྲ་བརྟན་དང་དབུས་སའི་འབྲེལ་ལམ་གོང་འཕེལ་གཏོང་ཐབས་ཇི་དགེའི་སྐོར།
གྲོས་ཆོད།
དབུས་སའི་འབྲེལ་ལམ་སྔར་ལྷག་གོང་འཕེལ་གཏོང་སླད་དབུས་ས་ཐུན་མོང་ནས་འགན་འཁུར་དམ་དོན་འཐུས་གཙང་གནང་རྒྱུ།
ཁ༽ སྒྲིག་གཞི་བསྐྱར་བཅོས། སྒྲིག་གཞི་ལེ་ཚན་དྲུག་པའི་ནང་གསེས་བཅུ་པའི་ཁ་པ་དང་། ལེ་ཚན་བརྒྱད་པའི་ནང་གསེས་གསུམ་པ། དེ་བཞིན་ལེ་ཚན་བརྒྱད་པའི་ནང་གསེས་བཅུ་གཉིས་བཅས་ཀྱི་སྐོར།
གྲོས་ཆོད།
ཚོགས་ཆེན་སྔ་ནུར་གྱིས་རྐྱེན་པས་གཞོན་ལྷན་གྱི་སྒྲིག་གཞི་དགོངས་དོན་ལྷར་དུས་ཚོད་དགོས་ངེས་ད་པར་བརྟེན་ཚོགས་ཆེན་འདིའི་ཐོག་སྒྲིག་གཞི་བསྐྱར་བཅོས་བྱ་ཐབས་བྲལ།
གྲོས་གཞི་དོན་ཚན་བརྒྱད་པ། སྤྱི་སྨན་དགོངས་འཆར།
གྲོས་ཆོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ (TNC) གཉིས་དབར་ད་བར་འབྲེལ་བ་མེད་ལ་མ་འོངས་པར་ཡང་འབྲེལ་བ་གཏན་ནས་འཇོག་རྒྱུ་མིན་པ་ཚོགས་ཆེན་འདི་ཐོག་ནས་ཐག་གཅོད་བྱུང་།
༼ཟུར་རྒྱན་གྲོས་ཆོད་ཁག་གཉིས།༽
དང་པོ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༥ པའི་ཉིན་ལྔ་པའི་ཚོགས་དུས་གཉིས་པའི་ཐོག་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐུ་ཚབ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཞོན་ལྷན་ཚོགས་བཅར་བ་རྣམས་ལ་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསེར་
མཇལ་དང་འབྲེལ་བཀའ་སློབ་ལམ་སྟོན་གནང་སྐབས་གསུངས་དོན། བར་ལམ་ཞིག་ནས་༧གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་མཛད་གནང་རྗེས། ཆབ་སྲིད་རང་བཞིན་ཡིན་པའི་ཚོགས་པ་ཁག་གི་ཚོགས་མགོན་དུ་ཆིབས་བསྒྱུར་དང་ཚོགས་བཅར་བ་རྣམས་ལ་མཇལ་ཁ་གནང་མཚམས་བཞག་པ་ལས་གཞོན་ནུ་ལྷན་ཚོགས་ལ་དམིགས་སུ་བཀར་ནས་མཇལ་ཁ་མ་གནང་བ་མིན་ལུགས་གསལ་བཤད་གནང་ཡོད་པ་དང། རིན་པོ་ཆེ་མཆོག་གིས་བཀའ་སློབ་གསལ་བཤད་གནང་བའི་དགོངས་དོན་ལས་གཞོན་ལྷན་སྒྲིག་འཛུགས་དང་འབྲེལ་བའི་གནད་དོན་འགའ་ཤས་འཐད་མ་འོངས་གཞོན་ལྷན་སྒྲིག་འཛུགས་རྒྱུན་གནས་སླད། གཤམ་གསལ་གྲོས་ཆོད་ཁག་གཏན་འབེབས་ཞུས།
༡༽ དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐུ་ཚབ་བཀའ་བློན་ཁྲི་ཟུར་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གཞོན་ལྷན་གྱི་ཚོགས་ཆེན་ཚོགས་མགོན་དུ་ཆེད་ཕེབས་དང་འབྲེལ་བཀའ་སློབ་ལམ་སྟོན་གནང་བང་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ།
༢༽ བཙན་བྱོལ་བོད་གཞུང་གི་མཚན་བྱང་བརྗེ་འགྱུར་འཐད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༧་ཉིན་སྤེལ་བའི་གསར་འགོད་གསལ་བསྒྲགས་དེ་བཞིན་བཟོད་གསོལ་དང་སྦྲགས། ཚོགས་ཆེན་འདི་ཐོག་ནས་ཕྱིར་འཐེན་ཞུ་རྒྱུ་ཡིན།
༣༽ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༠ ཉིན་སྤེལ་བའི་ཡོངས་ཁྱབ་གསུང་འཕྲིན་ནང་ ༼དེ་བཞིན་ད་ལྟའི་བཀའ་ཤག་གིས་ངོས་ནས་བཙན་བྱོལ་ནང་ལས་དོན་བྱེད་ཕྱོགས་ཐད་གུ་ཡངས་ཀྱི་ཁོར་ཡུག་གསར་པ་ཞིག་སྐྱོང་བཞིན་པ་འདི་ཉིད་མུ་མཐུད་རྒྱུན་འཆང་མདུན་བསྐྱོད་དགོས་པ།༽ ཞེས་འཁོད་པའི་གནད་དོན་དེ་བཞིན་༧གོང་ས་མཆོག་གིས་དབུས་བཀའ་ཤག་གོང་མ་རྣམས་ལ་ཟུར་ཟའི་སྐུལ་སློང་མེད་ཀྱང། ཐུགས་ཕོགས་བྱུང་བར་ཚོགས་ཆེན་འདི་ཐོག་ནས་ཕྱིར་འཐེན་ཞུ་རྒྱུ་ཡིན།
༤༽ ཨ་རིའི་གྲོང་འཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གསུམ་བཅུའི་དུས་དྲན་མཛད་སྒོའི་ཐོག ནིའུ་ཡོག་ནིའུ་འཇར་སི་ས་གནས་གཞོན་ལྷན་ནས་གདན་ཞུས་ལྟར། གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཤིག་མཛད་སྐོར་མཉམ་བཞུགས་གནང་བ་དངོས་འབྲེལ་ཡང། དེ་ནི་འབྲེལ་ཡོད་ནས་གདན་ཞུས་ལྟར་མཉམ་བཞུགས་བྱས་པ་ལས། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མི་སྣའི་མཉམ་མཛད་སྒོར་ཆེད་མངགས་མཉམ་བཞུགས་བྱས་པ་ཞིག་གཏན་ནས་མིན་པ་གསལ་བཤད་ཞུ་རྒྱུ་དང་། དེས་བོད་མིའི་སྒྲིག་འཛུགས་དབུས་འབྲེལ་ཡོད་སུ་ལའང་ཐུགས་ཕོགས་རིགས་བྱུང་བར་བཟོད་གསོལ་ཞུ་རྒྱུ་ཡིན།
༥༽ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྐུར་འདེབས་དང་མཚན་སྨད་ཞུ་མཁན་རིགས་ལ་གཞོན་ལྷན་སྒྲིག་འཛུགས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ནམ་ཡང་བྱ་རྒྱུ་མིན།
༦༽ སྔ་ལོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༣ པའི་ཐོག་བཞག་པའི་བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་རང་བཙན་དུ་འགྱུར་རྒྱུའི་གྲོས་ཆོད་དེ་བཞིན་ཚོགས་ཆེན་ཉིན་དང་པོར་ཕྱིར་འཐེན་ཞུས་ཟིན་པ་མ་ཟད། ༧ལྷ་སྙན་སྒྲོན་འབུལ་ཡང་ཞུས་ཟིན་པ་ལྟར་འགལ་ཟླའི་ཚོགས་པ་ལྟ་བུའི་རིགས་བྱ་རྒྱུ་མིན།
མདོར་ན་གོང་གི་གནད་དོན་ཁག་ནང་མ་ཚུད་པའི་ལྷ་དགོངས་འཁྲུག་གཞིའི་རིགས་ཅི་ཡོད་འཐད་སྙིང་ཁུངས་རུས་པའི་གཏིང་ནས་ལྷ་དགོངས་གསལ་དྭངས་མངའ་བ་ཞུ་རྒྱུ་དང་། གུས་འབངས་རྣམས་དུས་ནམ་ཡང་ཐུགས་བརྩེའི་བྱིན་རླབས་ལས་མི་ལྷོད་པའི་སྐྱབས་འཇུག་རྩེ་གཅིག་ཏུ་འདེབས་རྒྱུའི་སྤྱི་མོས་གྲོས་ཆོད་དུ།
གཉིས་པ། ད་རེས་ཚོགས་ཆེན་ཐེངས་ ༡༥ པ་སྔ་བསྣུར་དང་འབྲེལ་ཚོགས་བཞིན་པའི་སྐབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་ཡང་ལག་ ༨ ཚོགས་ཆེན་ཉིན་གཉིས་པའི་ཚོགས་ཐེངས་དང། དེ་རྗེས་ཚོགས་ཆེན་ཚང་མར་མཉམ་བཞུགས་གནང་མེད་པའི་གནད་དོན་ཐད།
གཤམ་གསལ་གྲོས་ཆོད་གཏན་འབེབ་ཞུས།
༡༽ ཚོགས་ཆེན་སྔ་བསྣུར་དང་འབྲེལ་བའི་ཚོགས་འདུའི་གནད་དོན་གཞི་ལྗི་པོ་ཡིན་པའི་རྒྱུ་མཚན་མང་དག་ཅིག་ལ་བརྟེན་ནས་ཚོགས་འདུའི་ནང་གྲོས་བསྡུར་བྱེད་རྒྱུའི་དུས་ཚོད་མང་པོ་ཕུལ་ཐུབ་མེད་པའི་ཇི་ལྟར་ཡང་། སྐབས་དེར་གྲོས་ཆོད་དོན་ཚན་གསུམ་མང་མོས་ཚད་མཐོའི་ཐོག་གཏན་འབེབས་ཟིན་ནའང་ད་བར་གཞོན་ནུའི་ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས་ཇི་འཚོགས་ནང་ཚོགས་འདུ་ནས་ཕྱིར་ཐོན་གནང་བ་དེ་འདྲ་རྩ་བ་ཉིད་ནས་བྱུང་མེད་སྟབས། གཞོན་ནུའི་ས་གནས་ཡན་ལག་བརྒྱད་ཀྱི་ཚོགས་བཅར་བ་རྣམས་ཚོགས་ཆེན་ནས་ཕྱིར་ཐོན་གནང་བར་བློ་ཕབ་བྱུང།
༢༽ ད་རེས་ཚོགས་ཆེན་གྱི་ཚོགས་འདུའི་ལས་རིམ་ལས་ཕྱིར་ཐོན་ཞུ་མཁན་ས་གནས་གཞོན་ནུ་ལྷན་ཚོགས་ཁག་ནས་གཞོན་ལྷན་གྱི་དམིགས་ཡུལ་དགོངས་དོན་ལངས་ཕྱོགས་རང་གནས་ཐོག་གཞོན་ལྷན་གྱི་ལས་དོན་ཁག་གི་ནང་སྔར་རྒྱུན་བཞིན་མཉམ་བཞུགས་གནང་རྒྱུར་དགའ་བསུ་ཞུ་རྒྱུའི་གྲོས་ཆོད་དུ།
ཚོགས་འདུའི་གཙོ་སྐྱོང་། སྤྱི་ཁྱབ་ཚོགས་གཙོ་ཚེ་དབང་རིག་འཛིན།
བོད་རྒྱལ་ལོ་ ༢༡༤༠ ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡ ཉིན།