མནར་གཅོད་ལ་འགོག་རྒོལ་གྱི་རྒྱལ་སྤྱིའི་ཉིན་མོ།

མནར་གཅོད་ལ་འགོག་རྒོལ་གྱི་རྒྱལ་སྤྱིའི་ཉིན་མོ།

ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༦ ཉིན་མནར་གཅོད་ལ་འགོག་རྒོལ་ལམ། མནར་གཅོད་མྱོང་མཁན་རྣམས་ལ་རྒྱབ་སྐྱོར་གྱི་རྒྱལ་སྤྱིའི་ཉིན་མོ་སྲུང་བརྩིའི་སླད། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་ལྔ་ཙམ་གདན་ཞུས་ཀྱིས་བཞུགས་སྒར་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ་གཏམ་བཤད་བགྲོ་གླེང་གོ་སྒྲིག་དང་། གཞན་ཡང་བོད་ཀྱི་ཆབ་སྲིད་བཙོན་པ་ཉི་ཤུའི་དངོས་ཡོད་ཀྱི་ལོ་རྒྱུས་འགྲེམས་སྤེལ་དང་འགྲེལ་བཤད་བཅས་ཞུས་ཏེ་དུས་དྲན་སྲུང་བརྩི་ཞུས་ཡོད།

དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ནས་མནར་གཅོད་འགོག་པའི་སྤྱི་ཆིངས་གཏན་འབེབ་བྱུང་སྟེ་མི་ལོ་ཧྲིལ་པོ་ ༣༧ འཁོར་བའི་མནར་གཅོད་ཕོག་མཁན་རྣམས་ལ་རྒྱབ་སྐྱོར་གྱི་རྒྱལ་སྤྱིའི་ཉིན་མོར་དམིགས་ཏེ་བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་དང་། བློ་བཟང་ཡོན་ཏན་ལགས། དགེ་འདུན་རིན་ཆེན་ལགས། ཤེས་རབ་རྒྱ་མཚོ་ལགས་དང་དགེ་བཤེས་ངག་དབང་དགེ་ལེགས་ལགས་བཅས་གདན་ཞུས་གནང་ཡོད་པ་མ་ཟད། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ནས་མཛད་སྒོ་གཙོ་སྐྱོང་གིས་མཛད་སྒོའི་ཐོག་མར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ནས་དུས་དྲན་སྲུང་བརྩིའི་གལ་གནད་དང་ད་ལྟའི་ཆར་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་སོགས་ཀྱི་ཐད་ངོ་སྤྲོད་གསུང་བཤད་གནང་ཡོད་པ་དང་། དེ་རྗེས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་ཉམས་ཞིབ་པ་ཕུར་བུ་སྒྲོལ་མ་ལགས་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཉི་ཤུའི་དངོས་ཡོད་གནས་ལོ་རྒྱུས་མདོར་བསྡུས་སྙན་གསེང་ཞུས་པ་དང་སྦྲགས། གཞོན་ལྷན་སྤྱི་ཁྱབ་དྲུང་ཆེའི་གཙོ་སྐྱོང་འོག་ཆབ་སྲིད་བཙོན་ཟུར་རྣམས་ཀྱི་ལོ་རྒྱུས་ངོ་སྤྲོད་གྲུབ་མཚམས་བོད་ཀྱི་ཆབ་སྲིད་བཙོན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ནས་དུས་དྲན་དང་འབྲེལ་བའི་འཚམས་འདྲིའི་བརྙན་ཐུང་གཟིགས་འབུལ་ཞུས་ཡོད། དེ་རྗེས་ཆབ་སྲིད་བཙོན་ཟུར་རེ་མུས་ཀྱིས་དགྲ་བོ་རྒྱ་དམར་གྱི་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་གང་དང་གང་མྱངས་ཡོད་མེད་སོགས་ཀྱི་གཏམ་བཤད་སྤེལ་ཡོད། ཁོང་རྣམ་པའི་གཏམ་བཤད་གྲུབ་མཚམས་ཚོགས་བཅར་བའི་དྲི་བར་ལན་འདེབས་དང་བཅས་གཏམ་བཤད་ཀྱི་ལས་རིམ་ལེགས་གྲུབ་ངང་གཏམ་བཤད་ལས་རིམ་ནང་མཉམ་ཞུགས་གནང་མཁན་རྒྱལ་གཅེས་པ་ཆབ་སྲིད་བཙོན་ཟུར་རྣམ་པར་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་ཕུལ་གནང་དང་བོད་ཀྱི་བུད་མེད་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ལས་རིམ་ལེགས་གྲུབ་བྱུང་ཡོད།

 

གཞོན་ལྷན་ཟུང་དྲུང་ཐའི་ཝན་ཚོགས་འདུར་མཉམ་ཞུགས།

གཞོན་ལྷན་ཟུང་དྲུང་ཐའི་ཝན་ཚོགས་འདུར་མཉམ་ཞུགས།

ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༦ ནས་ ༢༡ བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཟུང་དྲུང་ཚེ་རིང་ཆོས་འཕེལ་ལགས་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཐའེ་ཝན་དུ་ཉིན་གསུམ་རིང་གོ་སྒྲིག་ཞུས་པའི་བོད་དང་ཐའེ་ཝན། ཤར་ཏུར་ཀི་སི་ཐན། ཧོང་ཀོང་བཅས་ཀྱི་གཞོན་སྐྱེས་འཐབ་བརྩོད་པའི་རྒྱལ་སྤྱིའི་ཚོགས་འདུར་ཆེད་བཅར་གནང་ཡོད་པ་དང་། སྐབས་དེར་ཐའེ་ཝན་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་བཀྲིས་ཚེ་རིང་ལགས་དང་ལས་ཐོག་ཚོགས་གཙོ་དཀོན་མཆོག་ལགས་གཙོས་རྒྱུན་ལས་རྣམས་ལ་ཡང་ཐུག་འཕྲད་ཀྱིས་ས་གནས་གཞོན་ལྷན་ནས་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐད་གོ་བསྡུར་སྦྱང་བཤད་ཞུ་རྒྱུ་བྱུང་ཡོད།

གུ་རུ་ཀུལ་ལས་གཞིའི་རྒྱ་གར་མཐོ་སློབ་ཁག་གི་སློབ་མ་དང་ཐུག་འཕྲད།

གུ་རུ་ཀུལ་ལས་གཞིའི་རྒྱ་གར་མཐོ་སློབ་ཁག་གི་སློབ་མ་དང་ཐུག་འཕྲད།

ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༠ ཉིན་རྒྱབ་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་མཆོག་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་སྐུ་ཚབ། གཞན་ཡང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྐུ་ཚབ་དང་ལྷན་དུ་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཀུན་ཕན་བདེ་རྩ་ཚོགས་པའི་གོ་སྒྲིག་འོག་གུ་རུ་ཀུལ་ (Gurukul Programme) ཞེས་པའི་ལས་འཆར་གྱི་ཁོངས་གཏོགས་སུ་ཚུད་པའི་རྒྱ་གར་རྒྱལ་ཡོངས་ཀྱི་མཐོ་སློབ་ཁག་ཏུ་འགྲིམ་བཞིན་པའི་སློབ་གཉེར་བ་གྲངས་ ༣༠ ཙམ་ལ་ཐུག་འཕྲད་གནང་ཡོད་པ་མ་ཟད། སྐབས་དེར་གཞོན་ལྷན་གྱི་ལས་འགུལ་དང་བོད་དོན་འཐབ་རྩོད་སྤྱིའི་ཐད་གོ་བསྡུར་དང་དྲིས་ལན་སོགས་གནང་ཡོད་པ་མ་ཟད། སློབ་མ་ཁག་གཅིག་གི་རེ་འདུན་ལྟར་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་མཆོག་ནས་སྙན་ངག་སྒྲོག་སྦྱང་གིས་གཞན་ཡུལ་འགྲིམས་བཞིན་པའི་བཙན་བྱོལ་བོད་མི་ཚོའི་སེམས་ཚོར་དང་ཕུགས་འདུན། གཞན་ཡང་འཐབ་རྩོད་ཀྱི་བསམ་བློ་སོགས་མངོན་ཐུབ་པ་བྱུང་སྟེ་ལས་རིམ་ལེགས་གྲུབ་བྱུང་ཡོད་པ་མ་ཟད། ལས་རིམ་གོ་སྒྲིག་གནང་མཁན་ངོས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཚོོགས་ཁང་གི་མཐུན་འགྱུར་རམ་འདེགས་གནང་བར་བཀའ་དྲིན་ཆེ་ཞུས་ཀྱིས་ལས་རིམ་ལེགས་གྲུབ་བྱུང་ཡོད།

ཨ་རིའི་ཆེས་མཐོའི་སྐུ་འཚབ་རྣམ་པར་ཕེབས་བསུའི་སྣེ་ལེན།

ཨ་རིའི་ཆེས་མཐོའི་སྐུ་འཚབ་རྣམ་པར་ཕེབས་བསུའི་སྣེ་ལེན།

ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༨ ནས་ ༡༩ བར་ཉིན་གཉིས་རིང་ཨ་རིའི་གྲོས་ཚོགས་འོག་མིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ Michael McCaul མཆོག་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ། ལྕམ་སྐུ་ནན་སི་པི་ལོ་སི་མཆོག་གཉིས་ནས་སྣེ་ཁྲིད་པའི་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ལས་གྲུབ་པའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཕེབས་འབྱོར་བྱུང་སྐབས་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་མཆོག་གྷ་གྷལ་གནམ་ཐང་དུ་ཕེབས་བསུར་ཆེད་བཅར་ཞུས་ཡོད་པ་དང་། སྐབས་དེར་ཕེབས་བསུ་དང་འབྲེལ་བའི་ཐད་གསར་འགྱུར་རྒྱུད་ལམ་ཁག་གཅིག་ལ་ཡང་བཅའ་འདྲི་དང་ལེན་ཞུ་རྒྱུ་བྱུང་ཡོད། གཞན་ཡང་ཁོང་རྣམ་པའི་བཞུགས་སྒར་རྡ་རམ་ས་ལའི་མཛད་འཕྲིན་ལེགས་གྲུབ་བྱུང་མཚམས་གནམ་ཐང་ནས་ཕེབས་སྐྱེལ་ཞུ་རྒྱུ་བྱུང་ཡོད་པ་མ་ཟད། ཁོང་རྣམས་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་ཚད་མཐོའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ལེགས་གསོལ་མཚོན་སླད་གཞོན་ལྷན་གྱི་རྟགས་མ་དང་མཇལ་དར་སོགས་འབུལ་རྒྱུ་བྱུང་ཡོད།

བྱང་ཨ་རིའི་མི་ནི་སོ་ཊ་ས་གནས་རྒྱུན་ལས་གསར་པ་རྣམས་ཀྱི་དམ་འབུལ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མཆོག་ནས་བྱང་ཨ་རིའི་མི་ནི་སོ་ཊ་ས་གནས་རྒྱུན་ལས་གསར་པ་རྣམས་ཀྱི་དམ་འབུལ་གཙོ་སྐྱོང་གནང་ཡོད་པ་དང་། སྐབས་གོང་མའི་ཚོགས་གཙོ་བསྟན་འཛིན་ཆོས་བཟང་གཙོས་རྒྱུན་ལས་ཡོངས་ནས་ལྷག་བསམ་ཆེན་པོས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ནང་ནུས་པ་འདོན་གནང་བར་ཡི་རང་བསྔགས་བརྗོད་དང་བཀའ་དྲིན་ཆེ་ཞུས་ཡོད་པ་མ་ཟད། རྒྱུན་ལས་གསར་པའི་ཚོགས་གཙོ་བསྟན་འཛིན་དཔལ་བཟང་གཙོས་ཕྱག་རོགས་ཡོངས་ལ་ཡང་འཚམས་འདྲི་དང་ལས་དོན་མཐའ་དག་ལམ་ལྷོངས་ལེགས་གྲུབ་ཡོང་བའི་རེ་བ་དང་སྨོན་འདུན་ཡང་ཞུས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བྱང་ཨ་རིའི་འགན་འཛིན་ལྷན་ཚོགས་ཐེངས་ ༢༡ པ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བྱང་ཨ་རིའི་འགན་འཛིན་ལྷན་ཚོགས་ཐེངས་ ༢༡ པ་དེ་བཞིན་བྱང་ཨ་རིའི་མི་ནི་སོ་ཊ་ས་གནས་གཞོན་ལྷན་གྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༨ ནས་ ༣༠ བར་ཉིན་གསུམ་རིང་སྐོང་ཚོགས་གནང་ཡོད་པ་དང་། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བྱང་ཨ་རིའི་དཔལ་ལྡན་བོད་མི་མང་སྤྱི་འཐུས་དང་གཞོན་ལྷན་ཚོགས་གཙོ་ཟུར་པ་བསྟན་འཛིན་འཇིགས་མེད་མཆོག དམིགས་བསལ་སྐུ་མགྲོན་དུ་གཞོན་ལྷན་ཚོགས་ཟུར་དང་སྤྱི་ཟུར་ཚེ་དབང་རིག་འཛིན་མཆོག་གཙོས་བོད་རིགས་སྤྱི་མཐུན་ཚོགས་པ་དང་ཚོགས་སྡེ་ཁག་གི་སྐུ་ཚབ། གཞན་ཡང་བྱང་ཨ་རིའི་གཞོན་ལྷན་ས་གནས་ཁག་གི་སྐུ་ཚབ་སོགས་ཆེད་འཛོམས་གནང་བའི་ཐོག་འགན་ལྷན་ཐེངས་ ༢༡ པ་དངོས་སུ་དབུ་འཛུགས་གནང་ཡོད། བྱང་ཨ་རིའི་འགན་ལྷན་ཉིན་གསུམ་རིང་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མཆོག་གིས་གཙོ་སྐྱོང་འོག་གྲོས་གཞི་དོན་ཚན་ཁག་བརྒྱད་ཀྱི་ཐོག་གོ་བསྡུར་སྦྱང་བཤད་དང་དེ་དག་ལ་གྲོས་ཆོད་གཏན་འབེབ་ཞུས་ཏེ་འགན་འཛིན་ལྷན་ཚོགས་ལེགས་གྲུབ་བྱུང་ཡོད།

རྒྱ་གར་ས་གནས་སྐོར་སྐྱོད།

རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ས་གནས་སྐོར་སྐྱོད།

དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས་རིམ་པར་གཞོན་ལྷན་དབུས་སའི་འབྲེལ་ལམ་དམ་ཟབ་ཡར་རྒྱས་ལ་དམིགས་པའི་ས་གནས་ས་ཐོག་ཏུ་དབུས་རྒྱུན་སྐོར་སྐྱོད་དགོས་གལ་གྱི་བསམ་ཚུལ་གོ་བསྡུར་གང་མང་བྱུང་འབྲས་སུ་གྲོས་ཆོད་བཞག་དོན་བཞིན་འདི་ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་རྣམས་རྒྱ་གར་གྱི་ལྷོ་བྱང་གཉིས་སུ་ཆ་བགོས་ཀྱིས་ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༥ ནས་ཕྱོགས་ཐོན་གྱིས་གཏམ་བཤད་སྐོར་སྐྱོད་དབུ་འཛུགས་ཞུས།

དེ་ཡང་ཕྱི་ལོ་ ༢༠༢༤ ཟླ་བ་ ༤ ཚེས་ ༨ དང་ ༩ བཅས་ཉིན་གཉིས་རིང་མན་སྤར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་མཆོག་དང་། སྒྲིག་འཛུགས་འགན་འཛིན་ཡེ་ཤེས་ཆོས་འཕེལ་ལགས་རྣམ་གཉིས་ནས་ས་གནས་གཞོན་ནུའི་རྒྱུན་ལས་ཚོགས་མི་རྣམས་དང་ནང་མོལ་ཚོགས་འདུ་དང་། རེས་གཟའ་མིག་དམར་ཉིན་ས་གནས་དགོན་སྡེ་ཁག་ལ་གནས་མཇལ་གྲུབ་མཚམས་མི་མང་ཚོགས་ཁང་ནང་ས་གནས་མང་ཚོགས་རྣམས་ལ་བོད་ནང་གི་རྫ་དྲག་གནས་སྟངས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང་འབྲེལ་བའི་གཏམ་བཤད་གནང་ཡོད། ཚོགས་ཐོག་ཏུ་སྐུ་ངོ་ས་གནས་འགོ་འཛིན་མཆོག་དང་། ས་གནས་མཉམ་འབྲེལ་ཚོགས་གཙོ། ས་གནས་གཞོན་ནུའི་ཚོགས་གཙོ་གཙོས་རྒྱུས་ལས་མང་ཚོགས་མཉམ་ཞུགས་གནང་ཡོད་པ་མ་ཟད། ས་གནས་མང་ཚོགས་ཀྱི་དོགས་དྲིར་ལན་འདེབས་གསལ་བཤད་གང་ལེགས་དང་། ཉིན་རྒྱབ་ས་གནས་རྒན་གསོ་ཁང་དང་སློབ་གྲྭར་མཚམས་གཟིགས་གནང་ཏེ་མན་སྤར་ས་གནས་སུ་གཏམ་བཤད་སྐོར་བསྐྱོད་ལས་རིམ་ལེགས་གྲུབ་བྱུང་ཡོད།

དེ་བཞིན་ཕྱི་ཚེས་ ༡༡ ཉིན་༸གོང་ས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུབ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་གཏམ་བཤད་རྒྱས་པ་ཤིག་དང་དགེ་ལས་སློབ་ཕྲུག་རྣམས་ཀྱི་དྲི་བར་ཁ་གསལ་ཁུངས་དག་གི་གསལ་བཤད་དང་ལན་འདེབས་སོགས་གནང་སྟེ་ལས་རིམ་ལེགས་གྲུབ་བྱུང་ཡོད། སྐབས་དེར་གཞོན་ལྷན་ས་གནས་རྒྱུན་ཟུར་དང་དཔལ་ལྡན་བོད་མི་མང་གི་ཕྱོགས་བཞུགས་སྤྱི་འཐུས་སྐུ་ངོ་རིག་འཛིན་ལྷུན་གྲུབ་མཆོག་དང་མཐོ་སློབ་ཀྱི་སློབ་སྤྱི་རྒན་པ་སངས་ལགས་དབུས་རྒན་ལས་སློབ་ཕྲུག་རྣམས་མཉམ་བཞུགས་གནང་ཡོད།

སྤྱི་ཚེས་ ༡༣ ཉིན་བྷེང་ལོར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བྷེང་ལོར་ཁུལ་དུ་སློབ་གཉེར་གནང་བཞིན་པའི་བོད་ཕྲུག་གཞོན་སྐྱེས་དང་བྷེང་ལོར་བོད་ཀྱི་སྡོད་ཁང་དུ་རྟེན་སྡོད་གནང་མཁན་བོད་ཁྱིམ་སློབ་ཕྲུག་རྣམས་ལ་ད་ལྟའི་ཆར་དགྲ་བོ་རྒྱ་དམར་སྲིད་གཞུང་ནས་མི་རིགས་དབྱེ་འབྱེད་དང་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་རྩ་མེད་གཏོང་བཞིན་པའི་སྡུག་རྩུབ་ཅན་གྱི་སྲིད་ཇུས་ལག་བསྟར་བྱེད་མུས་ཀྱི་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ནས་དགྲ་བོར་འགོག་རྒོལ་དང་དགྲ་བོ་རྒྱ་དམར་གཞུང་གི་བྱེད་ངེས་ཐེར་འདོན་ལ་དམིགས་པའི་ལས་འགུལ་སྤེལ་ཕྱོགས་སོགས་དང་འབྲེལ་བའི་གཏམ་བཤད་གནང་ཡོད་པ་མ་ཟད། གཞོན་སྐྱེས་རྣམས་ཀྱི་དྲི་བར་ལན་འདེབས་གནང་ཡོད། ཚོགས་འདུ་གྲུབ་མཚམས་སུ་ས་གནས་གཞོན་ནུའི་ལས་ཐོག་རྒྱུན་ལས་དང་འབྲེལ་ཡོད་རྣམས་ལ་ཐུག་འཕྲད་ཀྱིས་ས་གནས་གཞོན་ལྷན་གྱི་ལས་དོན་ཚགས་ཚུད་གཏོང་སླད་དང་རང་རིགས་གཞོན་སྐྱེས་གང་མང་འཐབ་རྩོད་ཀྱི་ལས་འགུལ་ནང་མཉམ་ཞུགས་ཡོང་རྒྱུར་དམིགས་པའི་བསམ་ཚུལ་གང་མང་ཞིག་བརྗེ་ལེན་ཡང་ཞུ་ཐུབ་པ་བྱུང་ཡོད།

གཞན་ཡང་སྤྱི་ཚེས་ ༡༥ དང ༡༦ ཉིན་གཉིས་རིང་ཧོན་སུར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཧོན་སུར་ས་གནས་ཀྱི་སྐུ་ངོ་ས་གནས་འགོ་འཛིན་ལས་ཁུངས་སུ་ཆེད་བཅར་གྱིས་ས་གནས་གཞོན་ལྷན་དང་འབྲེལ་བའི་གནད་དོན་ཁག་ཅིག་སྙེན་སྒྲོན་ཞུས་པ་དང་། དེ་བཞིན་ས་གནས་མང་ཚོགས་དང་ལྷན་ཚོགས་འདུ་བསྡུ་སྐོང་གི་ཆོག་མཆན་བཀའ་འཁྲོལ་ཞུས་པ་དང་སྦྲགས། དེ་ཉིན་ས་གནས་གཞོན་ནུའི་རྒྱུན་ལས་རྣམས་དང་ལྷན་ནང་མོལ་ཚོགས་འདུ་ཞིག་ཀྱང་ཚོགས་ཡོད།  ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༡༦ ཉིན་མི་མང་ཚོགས་ཁང་ནང་མང་ཚོགས་ནས་མ་ཎི་གསོག་སྒྲུབ་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང་འབྲེལ་བའི་གཏམ་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང་ཡོད། ཚོགས་འདུ་གྲུབ་མཚམས་སུ་ས་གནས་གཞོན་ནུའི་ཚོགས་གཙོ་སྤྱི་ཟུར་སྐུ་ངོ་ཚེ་རིང་གཡུ་སྒྲོན་མཆོག་དང་ལྷན་དཔལ་རྒྱུད་སྨད་གྲྭ་ཚང་མཁན་རིན་པོ་ཆེ་མཆོག་གི་དྲུང་དུ་མཇལ་བཅར་གྱིས་གནས་ཚུལ་ཁག་ཅིག་སྙན་གསེང་ཞུས། དེ་རྗེས་གཞོན་ལྷན་ས་རྒྱུན་ཟུར་པ་དང་དཔལ་ལྡན་བོད་མི་མང་གི་ཕྱོགས་བཞུགས་སྤྱི་འཐུས་སྐུ་ངོ་མི་འགྱུར་རྡོ་རྗེ་མཆོག་དང་མཇལ་འཕྲད་ཀྱིས་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་དང་ས་གནས་གཞོན་ལྷན་གྱི་གནས་སྟངས་སོགས་སྙན་སེང་གོ་བསྡུར་དང་བཅས་ཧོན་སུར་ས་གནས་ཀྱི་ལས་དོན་ལེགས་གྲུབ་བྱུང་ཡོད།

ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༡༧ ནས་ ༢༠ བཅས་ཉིན་བཞིའི་རིང་སྦེལ་ཀོབ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་ཚོགས་གཙོ་དང་སྒྲིག་འཛུགས་འགན་འཛིན་རྣམ་གཉིས་ནས་ས་གནས་ས་ཐོག་ཏུ་གཏམ་བཤད་ཀྱི་ལས་རིམ་དབུ་འཛུགས་གནང་ཡོད་པ་དང་། ཕྱི་ཚེས་ ༡༧ ཉིན་གཞིས་ཆགས་གསར་རྙིང་གཉིས་ཀྱི་སྐུ་ངོ་ས་གནས་འགོ་འཛིན་གཉིས་དང་ལྷན་བདེ་སླར་ས་གནས་འགོ་འཛིན་ལས་ཁུངས་སུ་ཆེད་བཅར་གྱིས་གནད་དོན་ཁག་ཅིག་སྙན་སྒྲོན་ཞུས་པ་དང་། དེ་བཞིན་ས་གནས་མང་ཚོགས་དང་ལྷན་ཚོགས་འདུ་བསྡུ་སྐོང་གི་ཆོག་མཆན་བཀའ་འཁྲོལ་ཞུས་པ་དང་སྦྲགས། དེ་ཉིན་ས་གནས་གཞོན་ནུའི་རྒྱུན་ལས་རྣམས་དང་ལྷན་ནང་མོལ་ཚོགས་འདུ་ཞིག་ཚོགས་ཡོད།

དེ་ཡང་ཕྱི་ཚེས་ ༡༨ ཉིན་ལུགས་བསམ་མི་མང་ཚོགས་ཁང་ནང་མང་ཚོགས་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང་འབྲེལ་བའི་གཏམ་བཤད་དང་། དྲི་བ་ཁག་ལ་ལན་འདེབས་བཅས་ཞུས་ཡོད། སྐབས་དེར་བོད་ཀྱི་གཞོན་ནུ་ལྷ་ཚོགས་དབུས་རྒྱུན་ཟུར་པ་དང་དཔལ་ལྡན་བོད་མི་མང་གི་ཕྱོགས་བཞུགས་སྤྱི་འཐུས་སྐུ་ངོ་དཀོན་མཆོག་ཡར་འཕེལ་མཆོག་དང་ས་གནས་གཞོན་ནུའི་སློབ་སྟོན་པ་སྐུ་ཞབས་བསོད་ནམས་རྡོ་རྗེ་དང་ཚོགས་མི་མང་ཚོགས་བཅས་མཉམ་བཞུགས་གནང་ཡོད། ཕྱི་ཚེས་ ༡༩ ཉིན་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ་ཆེ་བའི་དགེ་ལས་སློབ་ཕྲུག་རྣམས་ལ་གཏམ་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་གང་ལེགས་བྱུང་ཡོད་པ་དང་། སྐབས་དེར་སློབ་གྲྭའི་ངེས་སྟོན་པ་དང་སློབ་སྤྱི། དགེ་ཆེ་དབུས་པའི་དགེ་ལས་དང་འཛིན་རིམ་བརྒྱད་པ་ཡན་གྱི་སློབ་ཕྲུག་རྣམས་མཉམ་ཞུགས་དང་། དེ་ཉིན་ཉིན་རྒྱབ་སྦེལ་ཀོབ་སམ་བྷོ་ཊའི་དགེ་ལས་སློབ་ཕྲུག་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང་འབྲེལ་བའི་གཏམ་བཤད་དང་། དྲི་བ་ཁག་ལ་ལན་འདེབས་དང་བཅས་ལས་རིམ་གང་ལེགས་བྱུང་ཡོད།

ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༠ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་ཚོགས་གཙོ་དང་རིག་གཞུང་འགན་འཛིན་རྣམ་གཉིས་དབུ་བཞུགས་དང་གཞོན་ལྷན་དབུས་རྒྱུན་ཟུར་པ་དང་ཕྱོགས་བཞུགས་སྤྱི་འཐུས་སྐུ་ངོ་ཆོས་འཕེལ་ཐུབ་བསྟན་དང་སྐུ་ངོ་དཀོན་མཆོག་ཡར་འཕེལ་རྣམ་གཉིས་མཉམ་བཞུགས་ཐོག་སྦེལ་ཀོབ་གཞོན་ལྷན་ས་གནས་རྒྱུན་ལས་དང་ཚོགས་མི་ནང་ཁུལ་འོས་བསྡུའི་ལས་རིམ་ལེགས་གྲུབ་བྱུང་སྟེ་ས་རྒྱུན་བསོད་ནམས་ལགས་སློབ་སྟོན་པ་བསྐོ་བཞག་དང་ས་གནས་ཀྱི་ཚོགས་གཙོར་ཐུབ་བསྟན་རབ་བརྟན་ལགས་གདེམས་ཐོན་གྱིས་ཁྱོན་ས་གནས་རྒྱུན་ལས་ ༡༡ འདེམས་ཐོན་ཐོག་ལས་རིམ་གང་ལེགས་བྱུང་ཡོད།

 

ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༡ ནས་ ༢༤ བར་ཉིན་བཞིའི་རིང་མོན་གྷོ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་དང་སྒྲིག་འཛུགས་འགན་འཛིན་རྣམ་གཉིས་ནས་ས་གནས་སུ་ཆེད་བཅར་གྱིས། ཕྱི་ཚེས་ ༢༡ ཉིན་ནས་མོན་གྷོ་འདོད་རྒུ་གླིང་གཞིས་གྲོང་ཁག་བཅུ་སོ་སོར་ཆེད་བཅར་གྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང་འབྲེལ་བའི་གཏམ་བཤད་གཙོས་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་མ་ཟད། སྤྱི་ཚེས་ ༢༣ ཉིན་ས་གནས་གཞོན་ནུའི་ལས་ཁུངས་ལ་གཟིགས་སྐོར་དང་ས་གནས་ཚོགས་གཙོ་དབུས་རྒྱུན་ལས་རྣམས་ནས་ལས་དོན་སྙན་སེང་ཞུས་པ་དང་སྦྲགས་ལས་དོན་ལེགས་གྲུབ་བྱུང་ཡོད། དེ་བཞིན་སྤྱི་ཚེས་ ༢༡ ཉིན་མོན་གྷོ་སམ་བྷོ་ཊའི་དགེ་ལས་སློབ་ཕྲུག་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང་འབྲེལ་བའི་གཏམ་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང་ཡོད། སྐབས་དེར་སློབ་གྲྭའི་སློབ་སྤྱི་རྒན་རྣམ་རྒྱལ་ལགས་དབུས་སློབ་གྲའི་དབུས་འཛིན་དགེ་ལས་སློབ་ཕྲུབ་རྣམས་མཉམ་བཞུགས་ཐོག་ལས་དོན་ལེགས་གྲུབ་བྱུང་ཡོད།

 

ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༥ ཉིན་མེང་ལོར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་དང་གཞོན་ལྷན་དབུས་སྤྱི་ཁྱབ་རྒྱུན་ལས་ཁག་ནས་མཐུན་འགྱུར་འོག་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༣༥ ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་མིང་ལོར་ས་གནས་སུ་སྲུང་བརྩི་ཞུས་ཡོད། སྐབས་དེར་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་དང་སྒྲིག་འཛུགས་འགན་འཛིན་རྣམ་གཉིས་མཉམ་ཞུགས་ཀྱིས་ས་གནས་རྒྱུན་ལས་དང་། ཚོགས་མི་སློབ་ཕྲུག་རྣམས་ལ་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་གནས་སྟངས་དང་སྐུ་གོང་མའི་མཛད་རྗེས། བོད་ནང་གི་རྫ་དྲག་གནས་སྟངས་དང་གཞོན་ལྷན་སྒྲིག་འཛུགས་ཀྱི་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐད་གཏམ་བཤད་གནང་སྟེ་མཛད་སྒོ་རྒྱས་པ་ཞིག་ཚོགས་ཡོད། སྐབས་དེར་ས་གནས་ཀྱི་བོད་རིགས་གཞོན་སྐྱེས་ཕོ་མོ་གྲངས་ ༣༠༠ ཙམ་མཉམ་བཞུགས་གནང་ཐུབ་པ་བྱུང་ཡོད།

དེ་བཞིན་ཕྱི་ཚེས་ ༢༦ ནས་ ༢༧ བར་ཉིན་གཉིས་རིང་ཨོ་རི་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ས་གནས་སུ་ཆེད་བཅར་གྱིས་ཕྱི་ཚེས་ ༢༧ ཉིན་ས་གནས་མི་མང་ཚོགས་ཁང་ནང་མང་ཚོགས་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང་འབྲེལ་བའི་གཏམ་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང་ཡོད། སྐབས་དེར་ས་གནས་གཞིས་འགོ་སྐུ་ངོ་མཁན་པོ་བསྟན་འཕེལ་མཆོག། ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་འཇམ་དཔལ་ལགས། རང་བདེན་ཚོགས་ཆུང་གི་ཚོགས་གཙོ་རྒན་འཆི་མེད་ལགས། ཀ་ཐོག་སྤྲུལ་སྐུ་མཆོག། སློབ་གྲྭའི་སློབ་སྤྱི་རྒན་བསམ་གྲུབ་རྡོ་རྗེ་ལགས། ས་གནས་གཞོན་ནུའི་ཚོགས་གཙོ་ཐོག་མེད་ལགས་དབུས་པའི་གཞོན་ལྷན་རྒྱུན་ལས་ཚོགས་མི་མང་ཚོགས་བཅས་མཉམ་ཞུགས་གནང་ཡོད་པ་སོགས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གཏམ་བཤད་སྐོར་བསྐྱོད་ཀྱི་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད།

 

རྒྱ་གར་བྱང་ཕྱོགས་ཀྱི་ས་གནས་ཁག་ཅིག་ལ་གཏམ་བཤད་སྐོར་སྐྱོད།

ཕྱི་ལོ་ ༢༠༢༤ ཟླ་བ་ ༤ ཚེས་ ༡༠ ཉིན་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཞོན་བཀྲིས་རྟགས་རྒྱས་ལགས་དང་ཟུང་དྲུང་ཚེ་རིང་ཆོས་འཕེལ་ལགས་རྣམ་གཉིས་ནས་རྒྱ་གར་བྱང་ཤར་ཁུལ་དུ་གཏམ་བཤད་སྐོར་བསྐྱོད་ཀྱི་ལས་རིམ་ཁག་འགོ་འཛུགས་གནང་ཡོད་པ་དང་། ཐོག་མར་སྦིར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་སྦིར་ས་གནས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་བཀྲིས་རྟགས་རྒྱས་དང་ཟུང་དྲུང་ཚེ་རིང་ཆོས་འཕེལ་རྣམ་གཉིས་ནས་ས་གནས་སུ་སྐོར་བསྐྱོད་ཀྱིས་མི་མང་ལ་བོད་ནང་གི་ཛ་དྲག་གནས་སྟངས། དམིགས་བསལ་ད་ལྟའི་ཆར་བོད་རིགས་གཞོན་སྐྱེས་རྣམས་ཀྱི་གནས་སྟངས། མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་གཙོས་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་སོགས་ཀྱི་ཐད་གོ་རྟོགས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གལ་གདན་དང་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་པ་དང་། སྐབས་དེར་སྦིར་ས་གནས་འགོ་འཛིན་མཆོག་དང་། ས་འཐུས་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ། གཞོན་ལྷན་ས་གནས་རྒྱུན་ཟུར་དང་རྒྱུན་ལས། ས་གནས་བུད་མེད། གཞོན་ལྷན་དབུས་རྒྱུན་ཟུར་པ་དང་མི་མང་བཅས་མཉམ་ཞུགས་ཐོག་ས་གནས་སུ་གཏམ་བཤད་ལས་རིམ་གང་ལེགས་བྱུང་ཡོད་པ་དང་། མང་ཚོགས་ཀྱི་དྲི་བར་ལན་འདེབས་གསལ་བཤད་ཁ་གསལ་བྱུང་ཡོད།

ཕྱི་ལོ་ ༢༠༢༤ ཟླ་བ་ ༤ ཚེས་ ༡༡ ཉིན། སིམ་ལ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་གཞོན་ལྷན་ཚོགས་གཞོན་དང་ཟུང་དྲུང་རྣམ་གཉིས་ནས་བོད་ནང་གི་ཛ་དྲག་གནས་སྟངས་མང་ཚོགས་ལ་ངོ་སྤྲོད་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གལ་གནད་སོགས་ཀྱི་ཐད་གཏམ་བཤད་གནང་ཡོད་པ་མ་ཟད། ས་གནས་ཚོགས་མི་མང་ཚོགས་ཀྱི་དྭོགས་འདྲི་དང་དགོངས་འཆར་སོགས་ལ་གོ་བསྡུར་སྦྱང་བཤད་གང་ལེགས་བྱུང་ཏེ། ཚོགས་བཅར་བ་ཕོ་མོ་རྒན་གཞོན་མང་ཚོགས་ནས་དགའ་གུས་ཆེན་པོས་ཕེབས་བསུའི་སྣེ་ལེན་ཞུས་ཡོད། ཕྱི་ཚེས་ ༡༢ ཉིན་སྤོན་ཊ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་དང་ཟུང་དྲུང་རྣམ་གཉིས་ནས་ས་གནས་གཞོན་ལྷན་ཚོགས་མི་མང་ཚོགས་ལ་མཇལ་འཕྲད་གནང་ཡོད། སྐབས་དེར་གཞོན་ལྷན་ཚོགས་གཞོན་མཆོག་ནས་ད་ལྟའི་ཆར་བོད་ནང་གི་ཛ་དྲག་གནས་སྟངས་གསལ་བཤད་ཀྱི་གཏམ་བཤད་སྤེལ་ཏེ་དགྲ་བོ་རྒྱ་དམར་སྲིད་གཞུང་གིས་བོད་ཀྱི་ངོ་བོ་མཚོན་པའི་ཆོས་དང་རིགས་གཞུང་རྩ་མེད་བཟོ་རྒྱུའི་གདུག་རྩུབ་ཅན་གྱི་སྲིད་བྱུས་སོགས་ཐེར་འདོན་གྱི་གོ་རྟོགས་སྤེལ་ཡོད་པ་མ་ཟད། གཞོན་ལྷན་ཟུང་དྲུང་ཚེ་རིང་ཆོས་འཕེལ་ལགས་ནས་གཞོན་ལྷན་སྒྲིག་འཛུགས་ངོ་སྤྲོད་དང་སྒྲིག་འཛུགས་ཀྱི་གལ་གནད་སོགས་ཀྱི་ཐད་གཏམ་བཤད་སྤེལ་ཡོད། སྐབས་དེར་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་། ས་གནས་གྲོས་ཚོགས་ཚོགས་གཙོ། ས་གནས་མཉམ་འབྲེལ་ཚོགས་གཙོ། ས་གནས་གཞོན་ནུའི་ཚོགས་གཞོན་བཅས་ཕེབས་ཡོད་པ་དང་། དེ་བཞིན་ས་གནས་དགོན་པ་དང་། བཟོ་གྲྭ སློབ་གྲྭ་བཅས་ལ་འཚམས་གཟིགས་བཅས་སྤོན་ཊ་ས་གནས་སུ་གཏམ་བཤད་སྐོར་བསྐྱོད་ཀྱི་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད། དེ་བཞིན་ཕྱི་ཚེས་ ༡༣ ཉིན་སྤུ་རུ་ཝ་ལ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་དང་ཟུང་དྲུང་རྣམ་གཉིས་ནས་ས་གནས་མི་མང་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྒྲིག་འཛུགས་ཀྱི་གལ་གནད། ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐད་གཏམ་བཤད་གོ་རྟོགས་སྤེལ་ཡོད་པ་མ་ཟད། གཏམ་བཤད་གྲུབ་མཚམས་ས་གནས་ཀྱི་སློབ་གྲྭ་དང་དགོན་པ་བཅས་ལ་འཚམས་གཟིགས་བཅས་ལས་རིམ་ལེགས་གྲུབ་བྱུང་ཡོད།

 

ཕྱི་ལོ་ ༢༠༢༤ ཟླ་བ་ ༤ ཚེས་ ༡༥ ཉིན་བདེ་སྐྱིད་གླིང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ས་གནས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་བཀྲིས་རྟགས་རྒྱས་ལགས་དང་ཟུང་དྲུང་ཚེ་རིང་ཆོས་འཕེལ་ལགས་རྣམ་གཉིས་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་། གཞོན་ལྷན་གྱི་སྒྲིག་འཛུགས་ངོ་སྤྲོད་དང་འབྲེལ་གཏམ་བཤད་གནང་ཡོད། སྐབས་དེར་གཞོན་ལྷན་དབུས་རྒྱུན་ཟུར་པ་ཚེ་དབང་སྒྲོལ་མ་ལགས་དང་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་བཅས་འབྲེལ་ཡོད་ཁག་གཅིག་དང་ས་གནས་མང་ཚོགས་སོགས་གང་མང་ཆེད་འཛོམས་གནང་ཡོད་པ་བཅས་གཏམ་བཤད་སྐོར་བསྐྱོད་ཀྱི་ལས་རིམ་ལེགས་གྲུབ་བྱུང་ཡོད། དེ་ཉིན་ས་གཞོན་གྱི་གོ་སྒྲིག་འོག་དགའ་འཕེལ་གླིང་ས་གནས་སུ་ཡང་ཆེད་བཅར་གྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་གཞོན་ལྷན་གྱི་སྒྲིག་འཛུགས་ངོ་སྤྲོད་དང་འབྲེལ་གཏམ་བཤད་གནང་ཡོད།

 

ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༡༦ ཉིན་ར་ཇེ་སྤུར་གྱི་བཟོ་གྲྭ་རུ་ཆེད་བཅར་གྱིས་བོད་ནང་གི་ཛ་དྲག་གནས་སྟངས། དམིགས་བསལ་དགྲ་བོ་རྒྱ་དམར་གཞུང་གིས་ཆེད་བཙུགས་བྱས་པའི་གཏན་འཇགས་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱི་གནས་སྟངས་གཙོས་གཞོན་ལྷན་གྱི་སྒྲིག་འཛུགས་ངོ་སྤྲོད་གནང་ཡོད། དེ་བཞིན་སེ་ལ་ཁུལ་བོད་ཁྱིམ་གྱི་ལག་ཤེས་སློབ་གྲྭའི་དགེ་སློབ་རྣམ་པར་ཡང་བོད་ནང་གི་ཛ་དྲག་གནས་སྟངས་དང་། གཞོན་ལྷན་གྱི་སྒྲིག་འཛུགས་ངོ་སྤྲོད་ཀྱི་གཏམ་བཤད་གནང་ཡོད། སྐབས་དེར་སློབ་གྲྭའི་འགན་འཛིན་དང་སློབ་མ་མཉམ་ཞུགས་ཀྱིས་དྲི་བ་དྲིས་ལན་སོགས་གནང་སྟེ་གཏམ་བཤད་སྐོར་བསྐྱོད་ཀྱི་ལས་རིམ་ལེགས་གྲུབ་བྱུང་ཡོད། ཕྱི་ཚེས་ ༡༧ ཉིན་མ་སུ་རི་ས་གནས་གཞོན་ནུའི་གོ་སྒྲིག་དང་མ་སུ་རི་སློབ་གྲྭའི་དྲུང་ཆེ་དང་འཛིན་སྐྱོང་རྣམ་པའི་མཐུན་འགྱུར་འོག་དེ་ག་སློབ་གྲྭའི་ཚོགས་ཁང་དུ་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་མི་ཚོའི་འགན་འཁྲི། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་གལ་གནད་དང་ནུས་པ་ལྡན་པའི་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐད་གཏམ་བཤད་གནང་ཡོད་པ་མ་ཟད། སློབ་མ་རྣམས་ཀྱི་དོགས་འདྲི་ཁག་ལ་གསལ་བཤད་ལན་འདེབས་ཀྱི་ལས་རིམ་གང་ལེགས་བྱུང་ཡོད། སྐབས་དེར་མ་སུ་རི་སློབ་གྲྭའི་དགེ་རྒན་དང་སློབ་མ། སམ་བྷོ་ཊའི་སློབ་མ་དེ་ཞིན་ས་གནས་མི་མང་མཉམ་ཞུགས་ཀྱིས་གཏམ་བཤད་སྐོར་བསྐྱོད་ལས་རིམ་ལེགས་གྲུབ་བྱུང་ཡོད།

ཕྱི་ལོ་ ༢༠༢༤ ཟླ་བ་ ༤ ཚེས་ ༡༩ ཉིན་ན་ནི་ཏལ་ལ་ཆེད་བཅར་གྱིས་ས་གནས་གཞོན་ནུའི་ཚོགས་མི་རྒྱུན་ལས་གཙོས་མི་མང་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་དང་། གཞོན་ལྷན་གྱི་སྒྲིག་འཛུགས་ཀྱི་ངོ་སྤྲོད་སོགས་གཏམ་བཤད་གནང་ཡོད་པ་དང་སྐབས་དེར་ས་གནས་ཀྱི་འབྲེལ་ཡོད་ལས་འཛིན་པ་རྣམ་པ་ཡང་མཉམ་ཞུགས་ཐོག་ས་གནས་སྐོར་སྐྱོད་ཀྱི་ལས་རིམ་ལེགས་གྲུབ་བྱུང་ཡོད། དེ་བཞིན་ཕྱི་ཚེས་ ༢༠ ཉིན་ར་ཇེ་སྤུར་དུ་ཡང་ཆེད་བཅར་གྱིས་ར་ཇེ་སྤུར་ས་གནས་མི་མང་གི་རེ་སྐུལ་ལྟར་ས་གནས་གཞོན་ལྷན་སླར་གསོ་དང་བཅས་རྒྱུན་ལས་སྐབས་ ༡༤ པ་གསར་འདེམས་ལེགས་གྲུབ་བྱུང་ཡོད་པ་བཅས་རྒྱ་གར་བྱང་ཤར་ཁུལ་གྱི་གཞོན་ལྷན་གཏམ་བཤད་སྐོར་བསྐྱོད་ཀྱི་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད།

 

 

 

 

 

ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་དང་མཇལ་འཕྲད།

དེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་གཞོན་ལྷན་སྤྱི་ཁྱབ་ཟུང་དྲུང་ཚེ་རིང་ཆོས་འཕེལ་ལགས་དང་གཞོན་ལྷན་དྲིལ་བསྒྲགས་འགན་འཛིན་བསྟན་འཛིན་ལྷ་མོ་ལགས་རྣམ་གཉིས་ནས་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་བཞིའི་སྐུ་ཚབ་ལྷན་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་དང་མཇལ་འཕྲད་ཀྱིས་གཞོན་ལྷན་གྱི་ལས་དོན་བྱེད་ཕྱོགས་དང་བོད་ནང་གི་ཛ་དྲག་གནང་སྟངས་གཙོའི་གནད་དོན་ཁག་གཅིག་གི་ཐད་བསམ་ཚུལ་གོ་བསྡུར་སྦྱང་བཤད་ཞུ་རྒྱུ་བྱུང་ཡོད།

གཞོན་ལྷན་སྤྱི་ཁྱབ་ཡིག་ཚང་དུ་ཉི་ཧོང་གི་རྒྱལ་ཡོངས་གསར་འགྱུར་བརྒྱུད་ལམ་གྲགས་ཅན་(NHK Media Group) གྱི་རྩོམ་སྒྲིག་པ་དང་གསར་འགོད་པ་གཞན་གཉིས་ཆེད་ཕེབས་པ།

དེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༢༧ ཉིན་རྒྱབ་གཞོན་ལྷན་སྤྱི་ཁྱབ་ཡིག་ཚང་དུ་ཉི་ཧོང་གི་རྒྱལ་ཡོངས་གསར་འགྱུར་བརྒྱུད་ལམ་གྲགས་ཅན་ (NHK Media Group) གྱི་རྩོམ་སྒྲིག་པ་དང་གསར་འགོད་པ་གཞན་གཉིས་ཆེད་ཕེབས་ཀྱིས་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་མཆོག་དང་གཞོན་ལྷན་དྲིལ་བསྒྲགས་འགན་འཛིན་བསྟན་འཛིན་ལྷ་མོ་ལགས་རྣམ་གཉིས་ལ་བཅར་འདྲི་དང་བོད་དོན་འཐབ་རྩོད་ཀྱི་ཐད་གོ་བསྡུར་སྦྱང་བཤད་བྱུང་ཡོད།

ལ་དྭགས་ཀྱི་ཚོགས་པ་ཆེ་ཁག་གི་སྐུ་ཚབ་ཁག་ཅིག་གཞོན་ལྷན་ཡིག་ཚང་དུ་གདན་ཞུས་ཀྱིས་ད་བར་བོད་དོན་འཐབ་རྩོད་ཐད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཞལ་ལག་སྟབས་བདེ་ཞིག་འབུལ་ལམ་ཞུས་ནས་སླད་མ་འོངས་པར་ཡང་བོད་དོན་ཐད་རྒྱབ་སྐྱོར་རོགས་རམ་སྔར་ལྷག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས།

 

དེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༢༦ ཉིན་གྱི་སྔ་དྲོར་ལ་དྭགས་དགོན་ཚོགས་ཀྱི་ཚོགས་གཙོ་རྒན་དབང་འདུས་མཆོག་དང་ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རིག་འཛིན་མཆོག། ལ་དྭགས་ཨ་མ་ཚོགས་པའི་ཚོགས་གཙོ་དབྱངས་ཅན་མཆོག་དབུས་སྐུ་ཚབ་གཞན་གཉིས་བཅས་གཞོན་ལྷན་ཡིག་ཚང་དུ་གདན་ཞུས་དང་། ཞལ་ལག་འདེགས་འབུལ་སོགས་ཞུས་གནང་གིས་ལ་དྭགས་ཀྱི་འཛིན་སྐྱོང་འབྲེལ་ཡོད་ཡོངས་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེད་ཀྱིས་བོད་མིར་རྒྱབ་སྐྱོར་རོགས་རམ་གང་ལེགས་གནང་བར་བཀའ་དྲིན་ཆེ་ཞུས་ཡོད་པ་མ་ཟད། མ་འོངས་པར་ཡང་བོད་ཀྱི་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་གཙོས་བོད་དོན་དྲིལ་བསྒྲགས་ཀྱི་ལས་དོན་ལ་སྔར་ལྷག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཡང་ཞུ་རྒྱུ་བྱུང་ཡོད།

Back To Top