
བོད་ཀྱི་སློབ་གསོ་བ་དང་རྩོམ་པ་པོ། ལོ་རྩྭ་བ། ལྟ་གྲུབ་སྨྲ་བ། རི་མོ་བ། ཡིག་གཟུགས་སྒྱུ་སྩལ་བ་མཆོག་སྤྲུལ་ཧུྃ་དཀར་རྡོ་རྗེ་མཆོག་རྒྱ་གཞུང་ནས་མ་ཉེས་ཁ་གཡོག་འོག་ཝི་ཏི་ནམ་གྱི་སྨན་ཁང་ཞིག་ཏུ་སྐུ་དཀྲོངས་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ངོ་རྒོལ་དང་། ཁོང་གི་སྐུ་ཕུང་ལ་རྒྱལ་སྤྱིའི་རང་བཞིན་གྱི་བརྟག་དཔྱད་ཞིབ་འཇུག་ཚད་ལྡན་ངང་མཇུག་འབྲས་སྙན་ཐོ་ཕྱིར་བསྒྲགས་བྱེད་དགོས་པ་མ་ཟད། ཁོང་གི་སྐུ་ཕུང་ཁོང་ཉིད་ཀྱི་ནང་མི་དང་དགོན་པ་སོགས་ལ་རྩིས་སྤྲོད་དགོས་པ་སོགས་ཀྱི་དགོས་འདུན་འོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གོ་སྒྲིག་དང་། ལྡི་ལི་བསམ་ཡས་གླིང་དང་རོ་ཧི་ནི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཉིས་ཀྱི་མཐུན་འགྱུར་འོག་ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༡ རེས་གཟའ་པ་སངས་ཉིན་དགྲ་བོ་རྒྱ་དམར་སྲིད་གཞུང་དང་ཝི་ཏེ་ནམ་གཞུང་ཚབ་གཉིས་ཀྱི་མདུན་ཐང་དུ་ལས་འགུལ་སྤེལ་ཡོད། སྐབས་དེར་རོ་ཧི་ནི་ས་གནས་གཞོན་ལྷན་གྱི་རྒྱུན་ལས་དང་དྭང་བླངས་ལས་འགུལ་བ་རྣམས་ནས་དྲིལ་བསྒྲགས་ཡིག་ཆ་དཔར་སྐྲུན་སོགས་ཀྱི་གྲྭ་སྒྲིག་འཐུས་ཚང་དང་ལྡི་ལི་བསམ་ཡས་གླིང་ས་གནས་གཞོན་ལྷན་ནས་གླང་འཁོར་དང་ཞལ་ལག་སོགས་ཀྱི་མཐུན་འགྱུར་འཐུས་ཚང་གནང་རྗེས་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་དང་། དྲྭ་རྒྱ་དོ་དམ་པ་གཉིས་གཙོས་ལྡི་ལི་རོ་ཧི་ནི་ས་གནས་གཞོན་ལྷན་ཟུར་པ་ཡིན་པ་ལས་འགུལ་བ་གཞན་གཉིས་བཅས་བཞུགས་སྒར་ནས་ཕྱོགས་ཐོན་གྱིས་སྤྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡། ༠༠ ནས་བཟུང་ཆུ་ཚོད་ ༡༢།༡༥ བར་གཞུང་ཚབ་གཉིས་ཀྱི་མདུན་ཐང་དུ་ལས་འགུལ་སྤེལ་ཡོད། དེ་ཡང་ཐོག་མར་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་ནས་ཝི་ཏེ་ནམ་གཞུང་ཚབ་ཁང་དུ་ཆེད་བཅར་གྱིས་གཞུང་ཚབ་མི་སྣར་དམིགས་བསལ་ཞུ་སྙན་ཞིག་ཕུལ་ཏེ་ཝི་ཏེ་ནམ་གཞུང་ནས་དགྲ་བོ་རྒྱ་དམར་སྲིད་གཞུང་དང་ལྷན་ངན་པ་ལག་འབྲེལ་བྱས་པར་གློ་ཕམ་དང་།
མཆོག་སྤྲུལ་ཧུྃ་དཀར་རྡོ་རྗེ་མཆོག་གི་གནད་དོན་ལ་འགན་འཁུར་དགོས་པ་མ་ཟད། སྐུ་ཕུང་ལ་རྒྱལ་སྤྱིའི་རང་བཞིན་གྱི་ཚད་མཐོའི་རྟག་དཔྱད་ཞིབ་འཇུག་དགོས་པ། ཁོང་གི་སྐུ་ཕུང་དགོན་པ་དང་ནང་མིར་བརྩིས་སྤྲོད་དགོས་པ་སོགས་ཀྱི་དགོས་འདུན་འོག་ཞུ་སྙན་ཕུལ་ཡོད། སྐབས་དེར་དམིགས་བསལ་གཞུང་ཚབ་ཀྱི་གནད་ཡོད་ (Ambassador) དང་ཐུག་རྒྱུའི་གོ་སྐབས་མ་བྱུང་ཡང་ཡིག་ཆ་དང་འབྲེལ་བའི་ལས་བྱེད་གཉིས་ལ་གནད་དོན་ཆ་ཚང་སྙན་གསེང་དང་ཝི་ཏེ་ནམ་གཞུང་ནས་ཀྱང་དེ་འབྲེལ་ཡིག་ལན་དགོས་པའི་དགོས་འདུན་བཏོན་པ་བཞིན་ཁོང་རྣམས་ནས་ཀྱང་འབྲེལ་ཡོད་གཞུང་ཚབ་མི་སྣ་དང་ཆབ་སྲིད་སྡེ་ཚན་སོགས་ལ་སྤྱན་འབུལ་དང་ཡིག་ལན་ཡོད་པ་ཞུ་རྒྱུའི་ཁས་ལེན་བྱུང་ཡོད། དེའི་རྗེས་ལས་འགུལ་བ་ལྔ་ཙམ་ནས་ཝི་ཏེ་ནམ་གཞུང་ཚབ་མདུན་ཐང་དུ་སྤྲུལ་སྐུ་ཁོང་ཉིད་ལ་དྲང་བདེན་དགོས་པའི་དགོས་འདུན་གྱི་མཉམ་དཔར་ལེན་རྗེས་དགྲ་བོ་རྒྱ་དམར་སྲིད་གཞུང་གི་གཞུང་ཚབ་མདུན་དུ་ལས་འགུལ་སྤེལ་ཡོད།
དེ་ཉིན་སྔར་རྒྱུན་དང་མི་འདྲ་བར་རྒྱ་དམར་གཞུང་ཚབ་མདུན་ཐང་དུ་ཉེན་རྟོག་པ་ཕོན་ཆེ་ཆེད་གཏོང་གནང་ཡོད་ཀྱང་གཞོན་ལྷན་གྱི་ལས་འགུལ་བ་ ༡༧ ནས་དྲིལ་བསྒྲགས་ཡིག་ཆ་མཉམ་འཁྱེར་དང་སྟོད་གོས་དཀར་པོའི་སྟེང་མཆོག་སྤྲུལ་ཧུྃ་དཀར་རྡོ་རྗེ་མཆོག་ཉེས་མེད་ཉེས་འཛུགས་ཀྱིས་སྐུ་བཀྲོངས་ཡོད་པ་དང་། ཁོང་ཉིད་ལ་དྲང་བདེན་དགོས་ལུགས། ཝི་ཏེ་ནམ་གཞུང་ནས་རྒྱ་དམར་གྱི་རྒྱལ་མཚམས་ལས་རྒལ་བའི་བཙན་གནོན་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་མི་གནང་བའི་རེ་བ། གཞན་ཡང་ཁོང་ཉིད་ཀྱི་སྐུ་ཕུང་ལ་རྟག་དཔྱད་གནང་རྗེས་ནང་མི་དང་དགོན་པར་རྩིས་སྤྲོད་དགོས་པ་སོགས་ཀྱི་དགོས་འདུན་བཏོན་ཏེ་ངོ་རྒོལ་ལས་འགུལ་སྤེལ་རྗེས། ལས་འགུལ་བ་རྣམས་འཇུ་བཟུང་གིས་ལྡི་ལི་ས་མཚམས་སུ་ཡོད་པའི་ན་རེ་ལ་ཉེན་རྟོག་ཁང་དུ་ཉིན་གང་བོར་བཀག་ཉར་གནང་རྗེས་དགོང་དྲོ་ཕྱག་ཚོད་ ༦ པའི་ཐོག་གློད་བཀྲོལ་བྱུང་ཡོད། ན་རེ་ལ་བཀག་ཉར་ཁང་ནང་ལས་འགུལ་བ་རྣམས་ནས་འཐབ་རྩོད་དང་འབྲེལ་བའི་བརྗོད་གཞིའི་ཐོག་ཕན་ཚུལ་གོ་བསྡུར་དང་། དམིགས་བསལ་ལས་འགུལ་བའི་ཁོངས་སུ་ས་གཞོན་ཟུར་པ་དང་ད་ལྟའི་ཆར་ཉམས་ཞིབ་ཀྱི་ལས་དོན་གཉེར་བཞིན་པའི་ལས་འགུལ་བ་གསུམ་དང་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་སོགས་ནས་ལས་འགུལ་མུ་མཐུད་སྤེལ་དགོས་པའི་གལ་གནད། གཞོན་ལྷན་གྱི་ལས་འགུལ་བ་ཚོས་མུ་མཐུད་ལས་འགུལ་གོ་སྒྲིག་དང་འགན་འཁྲི་ཁུར་རྒྱུའི་གལ་གནད། གཞན་ཡང་མཐོ་སློབ་འགྲིམ་སྐབས་བོད་དོན་ལས་འགུལ་གང་མང་སྤེལ་རྒྱུ་དང་ས་གནས་གཞོན་ལྷན་གྱི་རྒྱུན་ལས་གནང་ཐུབ་རྒྱུའི་གལ་གནད་སོོགས་ཀྱི་ཐད་ཕན་ཚུན་བསམ་ཚུལ་བརྗེ་ལེན་སོགས་ཀྱི་ལས་འགུལ་ཡང་སྤེལ་ཏེ་ཕྱོགས་ཡོངས་ནས་རྒྱ་གར་གཙོས་རྒྱལ་སྤྱིའི་གསར་ལམ་ཁག་མང་པོའི་ནང་གནད་དོན་འཁོད་ཐུབ་པ་སོགས་ཀྱི་དྲིལ་བསྒྲགས་དང་འབོད་སྐུལ་གྱི་ལས་འགུལ་གང་ལེགས་སྤེལ་ཐུབ་པ་བྱུང་ཡོད།