བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༤ པ།

འགན་ལྷན་ཐེངས་ ༥༤ པའི་ལས་བསྡོམས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༤ པ་དེ་བཞིན་དབུས་གཞོན་ལྷན་གྱི་གོ་སྒྲིག་དང་སྒང་ཏོག་ས་གནས་གཞོན་ལྷན་གྱི་མཐུན་འགྱུར་འོག་ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༦ ནས་ ༡༠ བར་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་གི་གྲོས་ཚོགས་རྭ་བའི་ནང་སྐོང་ཚོགས་ཞུས་ཡོད་པ་དང་། དབུས་གཞོན་ལྷན་གྱི་རྒྱུན་ལས་ལས་བྱེད་རྣམས་སྤྱི་ཟླ་ ༧ ཚེས་ ༢༩ ནས་རྒྱ་གར་རྒྱལ་ས་ལྡི་ལིར་རིམ་ཐོན་གྱིས་ཕྱི་ཚེས་ ༣༠ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་འགོ་འཛུགས་ཀྱི་དུས་དྲན་སྲུང་བརྩི་བྱེད་བཞིན་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་འཕགས་བོད་མཛའ་འབྲེལ་ཚོགས་པ་ (BTSM) གཉིས་ནས་བོད་ནང་རྒྱ་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་བཞིན་པ་མཚམས་འཇོག་དགོས་པའི་འབོད་སྒྲའི་འོག་ངོ་རྒོལ་སྐྱོན་བརྗོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། སྤྱི་ཟླ་ ༨ ཚེས་ ༣ ཉིན་གྱི་ཉིན་རྒྱབ་ཕྱག་ཚོད་ ༣།༣༠ ཐོག་གཞོན་ལྷན་གྱི་རྒྱུན་ལས་ལས་བྱེད་རྣམས་ལྡི་ལི་རྒྱལ་སྤྱིའི་གནམ་ཐང་ནས་མཁའ་ཐོག་བརྒྱུད་རྒྱ་གར་ནུབ་བྷེང་གྷལ་(  West Bengal ) མངའ་སྡེའི་བྷག་དྷོ་ར་( Bagdora) གནམ་ཐང་དུ་ཕྱི་དྲོའི་ཕྱག་ཚོད་ ༥།༣༠ ཙམ་ལ་བདེ་འབྱོར་བྱུང་བ་དང་། དེ་གར་སྒང་ཏོག་ས་གནས་གཞོན་ལྷན་ནས་དབུས་རྒྱུན་ལས་དང་ལས་བྱེད་རྣམས་བསུ་སླད་མོ་ཊ་གཉིས་མངགས་གཏོང་གནང་ཡོད་པ་དང་། དེ་ནས་མུ་མཐུད་སྒང་ཏོག་ཏུ་ཐོན་ནས་ལམ་བར་ཕྱག་ཚོད་བདུན་ཙམ་མོ་ཊའི་ནང་ཕྱིན་རྗེས་དགོང་མོའི་ཕྱག་ཚོད་ ༡ ཙམ་ལ་སྒང་ཏོག་བསྡོད་གནས་མགྲོན་ཁང་དུ་བདེ་འབྱོར་བྱུང་། ཕྱི་ཚེས་ ༤ དང་ ༥ ཉིན་འགན་ལྷན་ཚོགས་ཡུལ་རྭ་བར་གྲ་སྒྲིག་འཐུས་ཚང་ཞུས། ཕྱི་ཚེས་ ༦ ཉིན་གྱི་ཞོགས་པ་ཕྱག་ཚོད་ ༩།༣༠ ཐོག་འགན་ལྷན་ཐེངས་ ༥༤ པའི་དབུ་འབྱེད་མཛད་སྒོ་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ལྕམ་སྐུ་ཆུང་ཆུང་བྷོ་ཊི་ཡ་ (Former Chairman-Sikkim Khadi and Village Industry Board) མཆོག་དང་། དམིགས་བསལ་སྐུ་མགྲོན་འཕགས་བོད་མཛའ་འབྲེལ་ཚོགས་པའི་དབུས་རྒྱུན་སྐུ་ཞབས་ (Prof Rudra Poudyel) མཆོག་དང་། འཕགས་བོད་འབྲེལ་མཐུད་ཚོགས་པའི་བྱང་ཤར་འཐུས་མི་སྐུ་ཞབས་པདྨ་དབང་གྲགས་མཆོག དེ་བཞིན་དབུས་གཞོན་ལྷན་གྱི་རྒྱུན་ལས་ལས་བྱེད། ས་གནས་གཞོན་ལྷན་ཁག་ ༣༦ ཡི་ཚོགས་བཅར་བ་གྲངས་ ༢༠༠ ལྷག་ཙམ་དང་། ལྷག་པར་སྒང་ཏོག་ས་གནས་གཞོན་ལྷན་གྱི་རྒྱུན་ཟུར་ཚོགས་མི་དང་། མི་མང་། དེ་བཞིན་ས་གནས་ཀྱི་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༣༠༠ ལྷག་བཅར་ཡོད། གཞོན་ལྷན་གྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ནས་མཛད་སྒོ་གཙོ་སྐྱོང་ཐོག་སྐུ་མགྲོན་རྣམས་བཞུགས་གྲལ་དུ་འཁོད་རྗེས་སྐུ་མགྲོན་གཙོ་བོ་མཆོག་དང་དམིགས་བསལ་སྐུ་མགྲོན། གཞོན་ལྷན་ལས་ཐོག་ཚོགས་གཙོ་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་ཁང་དུ་ཚོགས་བཅར་བ་ཡོངས་ཀྱི་སེར་འཕྲེང་དང་བཅས་གདན་འདྲེན་ཞུས་ཡོད་པ་དང་། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་དང་གཞོན་ལྷན་ལས་ཐོག་ཚོགས་གཙོ་རྣམ་གཉིས་ནས་སྣང་གསལ་མར་མེ་ཞལ་ཁ་ཕྱེ་གནང་མཛད་པ་དང་། རིམ་བཞིན་སྐུ་བཞེངས་གནང་མུས་བོད་དང་རྒྱ་གར་གྱི་རྒྱལ་གླུ་དང་། གཞོན་ལྷན་གྱི་མཐུན་གཞས་བཅས་མཉམ་གཏོང་ཞུས། ལྷག་པར་སྐུ་བཞེངས་གནང་མུས་ཐོག་བོད་རྒྱལ་ཁབ་གྱི་རང་བཙན་སླར་གསོ་དང་། བོད་མི་རིགས་ཀྱི་བདེན་དོན་ཆེད་གཅེས་པའི་རང་སྲོག་ཚུན་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཞུམ་མེད་སྙིང་སྟོབས་དང་མཛད་རྗེས་ལ་གུས་བཀུར་རྗེས་དྲན་སླད་ངག་བཅད་གུས་འདུད་སྐར་མ་གཅིག་ཞུས། དེ་ནས་ཚང་མ་བཞུགས་གྲལ་དུ་འཁོད་རྗེས་སྒང་ཏོག་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་སྤེལ་ལགས་ནས་སྐུ་མགྲོན་དང་ཚོགས་བཅར་བ་ཡོངས་ལ་འཚམས་འདྲིའི་གསུང་བཤད་གནང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་མཆོག་ནས་སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་རྣམ་པར་གཞོན་ལྷན་གྱི་ཕྱག་རྟགས་ཕུལ་གྲུབ་རྗེས་འགན་ལྷན་ཐེངས་ ༥༤ པ་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་། དེ་རྗེས་དམིགས་བསལ་སྐུ་མགྲོན་འཕགས་བོད་མཛའ་འབྲེལ་ཚོགས་པའི་དབུས་རྒྱུན་སྐུ་ཞབས་ (Prof Rudra Poudyel)  མཆོག་ནས་གཞོན་ལྷན་གྱི་ལོ་འཁོར་ལས་བསྡོམས་ཀྱི་དཔེ་དེབ་དབུ་འབྱེད་དང་བཀའ་སློབ་གསུང་བཤད་གནང་། དེ་བཞིན་དམིགས་བསལ་སྐུ་མགྲོན་ཚེ་རིང་དབང་ཕྱུག་ལེབ་ཆ་མཆོག་ནས་གསུང་བཤད། དེའི་རྗེས་འཕགས་བོད་འབྲེལ་མཐུད་ཚོགས་པའི་བྱང་ཤར་འཐུས་མི་སྐུ་ཞབས་པདྨ་དབང་གྲགས་མཆོག་ནས་གཞོན་ལྷན་གྱི་དབྱིན་ཡིག་རང་བཙན་དུས་དེབ་དབུ་འབྱེད་གནང་ཡོད། གཞན་ཡང་སྐུ་མགྲོན་གཙོ་བོ་ལྕམ་སྐུ་ཆུང་ཆུང་བྷོ་ཊི་ཡ་ (Former Chairman-Sikkim Khadi and Village Industry Board) མཆོག་ནས་གཞོན་ལྷན་གྱི་བོད་ཡིག་ཉམས་ཞིབ་པས་བརྩམས་པ་དང་། གཞོན་ལྷན་གྱི་སྤྱི་ཁྱབ་དྲུང་ཆེ་དང་དབྱིན་ཡིག་ཉམས་ཞིབ་པ་དཀོན་མཆོག་ནོར་བུ་གཉིས་ནས་དབྱིན་ཡིག་ཐོག་ཕབ་བསྒྱུར་ཞུས་པའི་བོད་དབྱིན་ཤར་སྦྱར་གྱི་དེབ་ཆུང་ <<གཞུང་ས་དགའ་ལྡན་ཕོ་བྲང་དུས་སྐབས་ཀྱི་གལ་ཆེའི་ལོ་ཚིགས་དང་འབྲེལ་བོད་རང་བཙན་བདེན་དཔང་ལོ་རྒྱུས་གནད་བསྡུས།>> ཞེས་པ་དབུ་འབྱེད་གནང་བ་དང་། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་ནས་གལ་ཆེའི་བཀའ་སློབ་གསུང་བཤད་ཟབ་རྒྱས་ཤིག་གནང་། དེ་རྗེས་གཞོན་ལྷན་སྤྱི་ཁྱབ་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་བཅས་མཛད་སྒོའི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད། 

དེ་རྗེས་སྔ་དྲོའི་ཚོགས་ཐེངས་གཉིས་པ་ནས་བཟུང་བོད་ཀྱི་གཞོན་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་  ༥༤ པའི་གྲོས་གཞི་དོན་ཚན་ཁག་དགུའི་ཐོག་བགྲོ་གླེང་གྲོས་བསྡུར་ཉིན་གྲངས་ལྔའི་རིང་གནང་རྗེས་ཉིན་མཐའ་མར་གྲོས་ཆོད་དོན་ཚན་ཁག་ ༢༣ གཏན་འབེབས་བྱུང་བ་མ་ཟད། ད་ལྟའི་ཆར་དགྲ་བོ་རྒྱ་དམར་སྲིད་གཞུང་ནས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་རྩ་མེད་བཟོས་དང་བཟོ་མུས་ཡིན་པར་འགན་ལྷན་ཐེངས་ ༥༤ པའི་ཚོགས་ཐོག་ནས་ངོ་རྒོལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཞིག་ཀྱང་སྤེལ་ཐུབ་པ་བྱུང་ཡོད། འགན་ལྷན་ཐེངས་ ༥༤ པ་ཡོངས་སུ་ལེགས་གྲུབ་བྱུང་བའི་དེ་ཉིན་དགོང་མོ་སྒང་ཏོག་བོད་མིའི་ཆོལ་ཁ་གསུམ་གྱི་ཚོགས་ཁང་ནང་སྒང་ཏོག་ས་གནས་གཞོན་ལྷན་གྱི་གོ་སྒྲིག་འོག་མཇུག་བསྡོམས་མཛད་སྒོ་ཞིག་གོ་སྒྲིག་གནང་ཡོད་པ་དང་། མཛད་སྒོའི་ཐོག་སྒང་ཏོག་ས་གནས་འགོ་འཛིན་དང་། དེ་བཞིན་ཚོགས་མཐུན་འགྱུར་རོགས་རམ་གནང་མཁན་གྱི་སྦྱིན་བདག་ཁག གཞན་ཡང་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ། གཞས་སྣ་འཁྲབ་སྟོན་གྱི་ཚོགས་པ་ཁག གཞོན་ལྷན་དབུས་སའི་ཚོགས་བཅར་བ། ལྷག་པར་སྒང་ཏོག་གི་མི་མང་བཅས་མང་པོ་ཕེབས་ཡོད་པ་དང་། མཇུག་བསྡོམས་མཛད་སྒོའི་སྐབས་སྒང་ཏོག་ས་གནས་གཞོན་ལྷན་ལ་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་གནང་མཁན་སྤྱི་སྒེར་ཚང་མར་ཕྱག་རྟགས་གནང་སོང་བ་མ་ཟད། གཞོན་ལྷན་ས་གནས་ཁག་ནས་ཕེབས་པའི་ཚོགས་བཅར་བ་ཡོངས་ལ་མཇལ་དར་དང་ཕྱག་རྟགས་གནང་། ལྷག་པར་ས་གནས་ཁག་འདྲ་མིན་ནས་ཕེབས་པའི་ཚོགས་བཅར་བ་ཡོངས་ལ་བོད་རང་གི་བསོད་ཉམས་དོད་པའི་གཞས་སྣ་འཁྲབ་སྟོན་རིམ་པར་གནང་སོང་བར་ཚང་མས་དགའ་མོས་ཆེན་པོ་ཐོབ། དེ་རྗེས་འགན་ལྷན་ཐེངས་ ༥༤ པ་ལེགས་གྲུབ་བྱུང་བའི་རང་མོས་ཟློས་གར་ལས་རིམ་ཞིག་ཀྱང་སྔར་རྒྱུན་བཞིན་གོ་སྒྲིག་ཞུས། ཕྱི་ཉིན་ཚེས་ ༡༡ དང་ ༡༢ བཅས་ཉིན་གཉིས་རིང་སྒང་ཏོག་ས་གནས་གཞོན་ལྷན་གྱི་གོ་སྒྲིག་མཐུན་འགྱུར་འོག་ཚོགས་བཅར་བ་ཡོངས་སྒང་ཏོག་དང་རང་ཝང་ལ་སོགས་ཀྱི་ཁུལ་དུ་གནས་མཇལ་དུ་ཁྲིད་སླད་མོ་ཊ་གྲངས་ ༡༨ ཙམ་གླས་ནས་ཉིན་གཉིས་རིང་གནས་མཇལ་ཁག་གཅིག་ཏུ་ཁྲིད་ཡོད་པ་དང་། ཉིན་དང་པོའི་ཉིན་གུང་གཞལ་ལག་གང་རྒྱས་ཤིག་རང་ཝང་ལ་ས་གནས་གཞོན་ལྷན་གྱིས་གོ་སྒྲིག་གནང་ཡོད་པ་དང་། དེ་ཉིན་དགོང་མོ་གནས་མཇལ་བ་རྣམས་ཕི་ལིང་( pheling) ཞེས་པའི་ས་གནས་མགྲོན་ཁང་ཁག་ཅིག་ཏུ་བཞག་བསྡོད་བྱས། ཕྱི་ཉིན་་་་་་་སོགས་གནས་མཇལ་ཞུས་རྗེས་ས་གནས་དེ་རང་ནས་ཕན་ཚུན་སྐྱེལ་མ་དང་བཅས་རང་རང་སོ་སོའི་གནས་སུ་ཕྱིར་ལོག་བྱས། དབུས་གཞོན་ལྷན་གྱི་རྒྱུན་ལས་ལས་བྱེད་རྣམས་ས་ལུ་གྷ་རར་ཕྱིར་ཐོན་གྱིས་ཕྱི་དྲོའི་ཕྱག་ཚོད་ ༡༠ པ་ཙམ་ལ་བདེ་འབྱོར་བྱུང་བ་དང་། དེ་གར་ཡོད་པའི་ས་གནས་གཞོན་ལྷན་གྱི་ཚོགས་གཙོ་དབང་མོ་ལགས་ཀྱི་མགྲོན་ཁང་དུ་རིན་མེད་ཐོག་གནས་ཚང་གཡར་བ་དང་། ཕྱི་ཚེས་ ༡༣ ཉིན་དབུས་གཞོན་ལྷན་གྱི་རྒྱུན་ལས་ལས་བྱེད་ཡོངས་ལ་དེ་གའི་ས་གནས་རྒྱུན་ལས་པ་ས་ནུ་བྷའེ་འམ་ཨམ་མདོ་བཀྲ་ཤིས་ལགས་ཀྱི་ནང་དུ་ཉིན་གུང་ཞལ་ལག་གནང་བ་དང་། དེ་རྗེས་བྷག་དྷོ་ར་གནམ་ཐང་དུ་ཐོན་ནས་ཕྱི་དྲོ་ཕྱག་ཚོད་ ༥།༣༠ ཙམ་ལ་གནམ་ཐོག་བརྒྱུད་དགོང་མོ་ཕྱག་ཚོད་ ༧།༣༠ ཙམ་ལ་ལྡི་ལིར་བདེ་འབྱོར་བྱུང་ཡོད། ཕྱི་ཚེས་ ༡༤ ཡི་དགོང་མོར་རྒྱུན་ལས་ལས་བྱེད་ཕལ་མོ་ཆེ་བཞུགས་སྒར་རྡ་སར་ཕྱོགས་ཐོན་གྱིས་ཕྱི་ཚེས་ ༡༥ ཡི་ཞོགས་པ་བཞུགས་སྒར་རྡ་སར་བདེ་འབྱོར་བྱུང་ཡོད།

 

 

འབྲས་ལྗོངས་མངའ་སྡེའི་ནང་སློབ་གཉེར་གནང་བཞིན་པའི་སློབ་ཕྲུག་གྲངས་ ༣༠ ཙམ་དང་སྒང་ཏོག་ཁུལ་གྱི་བོད་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ལ་ཐུག་འཕྲད།

ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༧ ཉིན་གྱི་ཕྱི་དྲོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་མཆོག་ནས་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་གཞན་གྱི་སྐུ་ཚབ་དང་ལྷན་འབྲས་ལྗོངས་མངའ་སྡེའི་ནང་སློབ་གཉེར་གནང་བཞིན་པའི་སློབ་ཕྲུག་གྲངས་ ༣༠ ཙམ་དང་སྒང་ཏོག་ཁུལ་གྱི་བོད་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ལ་ཐུག་འཕྲད་ཀྱིས་གཞོན་ལྷན་སྒྲིག་འཛུགས་ཀྱི་དམིགས་ཡུལ་དང་ལས་དོན་བྱེད་ཕྱོགས། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐད་གོ་རྟོགས་སྤེལ་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་བཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་

༄༅། །འཛམ་གླིང་ཞི་བདེའི་དེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་འབངས་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མ་མཆིས་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་བཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་སྐལ་བཟང་གི་དགའ་སྟོན་ཉིན་མོར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སའི་རྒྱུན་ལས་ཚོགས་མི་ཡོངས་ནས་ལྷ་ཕྱག་གྲངས་མེད་དང་བཅས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་སྦྲགས། ༸མགོན་པོ་གང་ཉིད་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་ཐ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཤུགས་དྲག་དང་བཅས། བཀྲ་ཤིས་བདེ་ལེགས། །
བསྟན་པ་འདི་ལ་སྟོན་པ་གཉིས་པར་གྲགས།།
མཁའ་མཉམ་འགྲོ་ལ་བྱམས་བརྩེའི་བདག་ཉིད་ཅན།།
འཛམ་གླིང་མཛེས་བྱེད་ཞི་བདེའི་དེད་དཔོན་མཆོག །
ལྷག་པར་གངས་ཅན་བསྟན་འགྲོའི་མགོན་དཔུང་ཉིད།།
འཕགས་མཆོག་ཕྱག་ན་པདྨོར་ཕྱག་འཚལ་ལོ།།

མནར་གཅོད་ལ་འགོག་རྒོལ་གྱི་རྒྱལ་སྤྱིའི་ཉིན་མོ།

མནར་གཅོད་ལ་འགོག་རྒོལ་གྱི་རྒྱལ་སྤྱིའི་ཉིན་མོ།

ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༦ ཉིན་མནར་གཅོད་ལ་འགོག་རྒོལ་ལམ། མནར་གཅོད་མྱོང་མཁན་རྣམས་ལ་རྒྱབ་སྐྱོར་གྱི་རྒྱལ་སྤྱིའི་ཉིན་མོ་སྲུང་བརྩིའི་སླད། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་ལྔ་ཙམ་གདན་ཞུས་ཀྱིས་བཞུགས་སྒར་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ་གཏམ་བཤད་བགྲོ་གླེང་གོ་སྒྲིག་དང་། གཞན་ཡང་བོད་ཀྱི་ཆབ་སྲིད་བཙོན་པ་ཉི་ཤུའི་དངོས་ཡོད་ཀྱི་ལོ་རྒྱུས་འགྲེམས་སྤེལ་དང་འགྲེལ་བཤད་བཅས་ཞུས་ཏེ་དུས་དྲན་སྲུང་བརྩི་ཞུས་ཡོད།

དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ནས་མནར་གཅོད་འགོག་པའི་སྤྱི་ཆིངས་གཏན་འབེབ་བྱུང་སྟེ་མི་ལོ་ཧྲིལ་པོ་ ༣༧ འཁོར་བའི་མནར་གཅོད་ཕོག་མཁན་རྣམས་ལ་རྒྱབ་སྐྱོར་གྱི་རྒྱལ་སྤྱིའི་ཉིན་མོར་དམིགས་ཏེ་བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་དང་། བློ་བཟང་ཡོན་ཏན་ལགས། དགེ་འདུན་རིན་ཆེན་ལགས། ཤེས་རབ་རྒྱ་མཚོ་ལགས་དང་དགེ་བཤེས་ངག་དབང་དགེ་ལེགས་ལགས་བཅས་གདན་ཞུས་གནང་ཡོད་པ་མ་ཟད། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ནས་མཛད་སྒོ་གཙོ་སྐྱོང་གིས་མཛད་སྒོའི་ཐོག་མར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ནས་དུས་དྲན་སྲུང་བརྩིའི་གལ་གནད་དང་ད་ལྟའི་ཆར་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་སོགས་ཀྱི་ཐད་ངོ་སྤྲོད་གསུང་བཤད་གནང་ཡོད་པ་དང་། དེ་རྗེས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་ཉམས་ཞིབ་པ་ཕུར་བུ་སྒྲོལ་མ་ལགས་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཉི་ཤུའི་དངོས་ཡོད་གནས་ལོ་རྒྱུས་མདོར་བསྡུས་སྙན་གསེང་ཞུས་པ་དང་སྦྲགས། གཞོན་ལྷན་སྤྱི་ཁྱབ་དྲུང་ཆེའི་གཙོ་སྐྱོང་འོག་ཆབ་སྲིད་བཙོན་ཟུར་རྣམས་ཀྱི་ལོ་རྒྱུས་ངོ་སྤྲོད་གྲུབ་མཚམས་བོད་ཀྱི་ཆབ་སྲིད་བཙོན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ནས་དུས་དྲན་དང་འབྲེལ་བའི་འཚམས་འདྲིའི་བརྙན་ཐུང་གཟིགས་འབུལ་ཞུས་ཡོད། དེ་རྗེས་ཆབ་སྲིད་བཙོན་ཟུར་རེ་མུས་ཀྱིས་དགྲ་བོ་རྒྱ་དམར་གྱི་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་གང་དང་གང་མྱངས་ཡོད་མེད་སོགས་ཀྱི་གཏམ་བཤད་སྤེལ་ཡོད། ཁོང་རྣམ་པའི་གཏམ་བཤད་གྲུབ་མཚམས་ཚོགས་བཅར་བའི་དྲི་བར་ལན་འདེབས་དང་བཅས་གཏམ་བཤད་ཀྱི་ལས་རིམ་ལེགས་གྲུབ་ངང་གཏམ་བཤད་ལས་རིམ་ནང་མཉམ་ཞུགས་གནང་མཁན་རྒྱལ་གཅེས་པ་ཆབ་སྲིད་བཙོན་ཟུར་རྣམ་པར་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་ཕུལ་གནང་དང་བོད་ཀྱི་བུད་མེད་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ལས་རིམ་ལེགས་གྲུབ་བྱུང་ཡོད།

 

གཞོན་ལྷན་ཟུང་དྲུང་ཐའི་ཝན་ཚོགས་འདུར་མཉམ་ཞུགས།

གཞོན་ལྷན་ཟུང་དྲུང་ཐའི་ཝན་ཚོགས་འདུར་མཉམ་ཞུགས།

ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༦ ནས་ ༢༡ བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཟུང་དྲུང་ཚེ་རིང་ཆོས་འཕེལ་ལགས་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཐའེ་ཝན་དུ་ཉིན་གསུམ་རིང་གོ་སྒྲིག་ཞུས་པའི་བོད་དང་ཐའེ་ཝན། ཤར་ཏུར་ཀི་སི་ཐན། ཧོང་ཀོང་བཅས་ཀྱི་གཞོན་སྐྱེས་འཐབ་བརྩོད་པའི་རྒྱལ་སྤྱིའི་ཚོགས་འདུར་ཆེད་བཅར་གནང་ཡོད་པ་དང་། སྐབས་དེར་ཐའེ་ཝན་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་བཀྲིས་ཚེ་རིང་ལགས་དང་ལས་ཐོག་ཚོགས་གཙོ་དཀོན་མཆོག་ལགས་གཙོས་རྒྱུན་ལས་རྣམས་ལ་ཡང་ཐུག་འཕྲད་ཀྱིས་ས་གནས་གཞོན་ལྷན་ནས་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐད་གོ་བསྡུར་སྦྱང་བཤད་ཞུ་རྒྱུ་བྱུང་ཡོད།

གུ་རུ་ཀུལ་ལས་གཞིའི་རྒྱ་གར་མཐོ་སློབ་ཁག་གི་སློབ་མ་དང་ཐུག་འཕྲད།

གུ་རུ་ཀུལ་ལས་གཞིའི་རྒྱ་གར་མཐོ་སློབ་ཁག་གི་སློབ་མ་དང་ཐུག་འཕྲད།

ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༠ ཉིན་རྒྱབ་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་མཆོག་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་སྐུ་ཚབ། གཞན་ཡང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྐུ་ཚབ་དང་ལྷན་དུ་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཀུན་ཕན་བདེ་རྩ་ཚོགས་པའི་གོ་སྒྲིག་འོག་གུ་རུ་ཀུལ་ (Gurukul Programme) ཞེས་པའི་ལས་འཆར་གྱི་ཁོངས་གཏོགས་སུ་ཚུད་པའི་རྒྱ་གར་རྒྱལ་ཡོངས་ཀྱི་མཐོ་སློབ་ཁག་ཏུ་འགྲིམ་བཞིན་པའི་སློབ་གཉེར་བ་གྲངས་ ༣༠ ཙམ་ལ་ཐུག་འཕྲད་གནང་ཡོད་པ་མ་ཟད། སྐབས་དེར་གཞོན་ལྷན་གྱི་ལས་འགུལ་དང་བོད་དོན་འཐབ་རྩོད་སྤྱིའི་ཐད་གོ་བསྡུར་དང་དྲིས་ལན་སོགས་གནང་ཡོད་པ་མ་ཟད། སློབ་མ་ཁག་གཅིག་གི་རེ་འདུན་ལྟར་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་མཆོག་ནས་སྙན་ངག་སྒྲོག་སྦྱང་གིས་གཞན་ཡུལ་འགྲིམས་བཞིན་པའི་བཙན་བྱོལ་བོད་མི་ཚོའི་སེམས་ཚོར་དང་ཕུགས་འདུན། གཞན་ཡང་འཐབ་རྩོད་ཀྱི་བསམ་བློ་སོགས་མངོན་ཐུབ་པ་བྱུང་སྟེ་ལས་རིམ་ལེགས་གྲུབ་བྱུང་ཡོད་པ་མ་ཟད། ལས་རིམ་གོ་སྒྲིག་གནང་མཁན་ངོས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཚོོགས་ཁང་གི་མཐུན་འགྱུར་རམ་འདེགས་གནང་བར་བཀའ་དྲིན་ཆེ་ཞུས་ཀྱིས་ལས་རིམ་ལེགས་གྲུབ་བྱུང་ཡོད།

ཨ་རིའི་ཆེས་མཐོའི་སྐུ་འཚབ་རྣམ་པར་ཕེབས་བསུའི་སྣེ་ལེན།

ཨ་རིའི་ཆེས་མཐོའི་སྐུ་འཚབ་རྣམ་པར་ཕེབས་བསུའི་སྣེ་ལེན།

ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༨ ནས་ ༡༩ བར་ཉིན་གཉིས་རིང་ཨ་རིའི་གྲོས་ཚོགས་འོག་མིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ Michael McCaul མཆོག་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ། ལྕམ་སྐུ་ནན་སི་པི་ལོ་སི་མཆོག་གཉིས་ནས་སྣེ་ཁྲིད་པའི་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ལས་གྲུབ་པའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཕེབས་འབྱོར་བྱུང་སྐབས་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་མཆོག་གྷ་གྷལ་གནམ་ཐང་དུ་ཕེབས་བསུར་ཆེད་བཅར་ཞུས་ཡོད་པ་དང་། སྐབས་དེར་ཕེབས་བསུ་དང་འབྲེལ་བའི་ཐད་གསར་འགྱུར་རྒྱུད་ལམ་ཁག་གཅིག་ལ་ཡང་བཅའ་འདྲི་དང་ལེན་ཞུ་རྒྱུ་བྱུང་ཡོད། གཞན་ཡང་ཁོང་རྣམ་པའི་བཞུགས་སྒར་རྡ་རམ་ས་ལའི་མཛད་འཕྲིན་ལེགས་གྲུབ་བྱུང་མཚམས་གནམ་ཐང་ནས་ཕེབས་སྐྱེལ་ཞུ་རྒྱུ་བྱུང་ཡོད་པ་མ་ཟད། ཁོང་རྣམས་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་ཚད་མཐོའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ལེགས་གསོལ་མཚོན་སླད་གཞོན་ལྷན་གྱི་རྟགས་མ་དང་མཇལ་དར་སོགས་འབུལ་རྒྱུ་བྱུང་ཡོད།

བྱང་ཨ་རིའི་མི་ནི་སོ་ཊ་ས་གནས་རྒྱུན་ལས་གསར་པ་རྣམས་ཀྱི་དམ་འབུལ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མཆོག་ནས་བྱང་ཨ་རིའི་མི་ནི་སོ་ཊ་ས་གནས་རྒྱུན་ལས་གསར་པ་རྣམས་ཀྱི་དམ་འབུལ་གཙོ་སྐྱོང་གནང་ཡོད་པ་དང་། སྐབས་གོང་མའི་ཚོགས་གཙོ་བསྟན་འཛིན་ཆོས་བཟང་གཙོས་རྒྱུན་ལས་ཡོངས་ནས་ལྷག་བསམ་ཆེན་པོས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ནང་ནུས་པ་འདོན་གནང་བར་ཡི་རང་བསྔགས་བརྗོད་དང་བཀའ་དྲིན་ཆེ་ཞུས་ཡོད་པ་མ་ཟད། རྒྱུན་ལས་གསར་པའི་ཚོགས་གཙོ་བསྟན་འཛིན་དཔལ་བཟང་གཙོས་ཕྱག་རོགས་ཡོངས་ལ་ཡང་འཚམས་འདྲི་དང་ལས་དོན་མཐའ་དག་ལམ་ལྷོངས་ལེགས་གྲུབ་ཡོང་བའི་རེ་བ་དང་སྨོན་འདུན་ཡང་ཞུས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བྱང་ཨ་རིའི་འགན་འཛིན་ལྷན་ཚོགས་ཐེངས་ ༢༡ པ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བྱང་ཨ་རིའི་འགན་འཛིན་ལྷན་ཚོགས་ཐེངས་ ༢༡ པ་དེ་བཞིན་བྱང་ཨ་རིའི་མི་ནི་སོ་ཊ་ས་གནས་གཞོན་ལྷན་གྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༨ ནས་ ༣༠ བར་ཉིན་གསུམ་རིང་སྐོང་ཚོགས་གནང་ཡོད་པ་དང་། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བྱང་ཨ་རིའི་དཔལ་ལྡན་བོད་མི་མང་སྤྱི་འཐུས་དང་གཞོན་ལྷན་ཚོགས་གཙོ་ཟུར་པ་བསྟན་འཛིན་འཇིགས་མེད་མཆོག དམིགས་བསལ་སྐུ་མགྲོན་དུ་གཞོན་ལྷན་ཚོགས་ཟུར་དང་སྤྱི་ཟུར་ཚེ་དབང་རིག་འཛིན་མཆོག་གཙོས་བོད་རིགས་སྤྱི་མཐུན་ཚོགས་པ་དང་ཚོགས་སྡེ་ཁག་གི་སྐུ་ཚབ། གཞན་ཡང་བྱང་ཨ་རིའི་གཞོན་ལྷན་ས་གནས་ཁག་གི་སྐུ་ཚབ་སོགས་ཆེད་འཛོམས་གནང་བའི་ཐོག་འགན་ལྷན་ཐེངས་ ༢༡ པ་དངོས་སུ་དབུ་འཛུགས་གནང་ཡོད། བྱང་ཨ་རིའི་འགན་ལྷན་ཉིན་གསུམ་རིང་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མཆོག་གིས་གཙོ་སྐྱོང་འོག་གྲོས་གཞི་དོན་ཚན་ཁག་བརྒྱད་ཀྱི་ཐོག་གོ་བསྡུར་སྦྱང་བཤད་དང་དེ་དག་ལ་གྲོས་ཆོད་གཏན་འབེབ་ཞུས་ཏེ་འགན་འཛིན་ལྷན་ཚོགས་ལེགས་གྲུབ་བྱུང་ཡོད།

རྒྱལ་གཅེས་དཔའ་བོ་དཔའ་མོ་རྗེས་དྲན་གྱི་རྒྱ་གར་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན།

རྒྱལ་གཅེས་དཔའ་བོ་དཔའ་མོ་རྗེས་དྲན་གྱི་རྒྱ་གར་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན།

དེ་ཡང་ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་དང་སྟབས་བསྟུན་གྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་གར་རྒྱལ་ས་ལྡི་ལིར་དགོས་འདུན་དོན་ཚན་གསུམ་གྱི་ཐོག་ནས་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་བ་དང་། སྐབས་དེའི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་སླད་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་རང་ལུས་མཆོད་མེར་སྒྲོན་ཏེ་བོད་ཀྱི་གནས་བབ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་དགོས་པའི་དགོས་འདུན་བཏོན་གནང་མཛད་ཡོད་པ་དང་། ཕྱི་ཟླ་ ༤ ཚེས་ ༢༩ ཉིན་དགོངས་པ་རྫོགས་པའི་ཡིད་སྐྱོའི་ཉིན་མོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་དཔའ་བོ་དཔའ་མོའི་ཉིན་མོ་ཞེས་ལོ་ལྟར་དབུས་ས་གཉིས་ནས་རྣམ་པ་འདྲ་མིན་ཐོག་སྲུང་བརྩི་ཞུས་ཏེ་ལས་འགུལ་སྤེལ་མུས་དང་། རྡ་ས་ས་གནས་གཞོན་ལྷན་ནས་ཀྱང་ད་བར་རྒྱལ་གཅེས་དཔའ་བོ་དཔའ་མོ་རྗེས་དྲན་གྱི་རྩེད་འགྲན་ཐེངས་ ༢༠ ཙམ་གོ་སྒྲིག་ཞུས་ཟིན་པ་ལྟར། འདི་ལོ་ཡང་དབུས་ས་ཟུང་སྦྲེལ་གྱིས་རྒྱ་གར་རྒྱལ་ཡོངས་ཀྱི་སིལ་སྤོལ་རྩེད་འགྲན་ཐེངས་ ༡ དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་རྗེས་དྲན་གྱི་སིལ་སྤོལ་རྩེད་འགྲན་ཐེངས་ ༢༡ པ་དེ་བཞིན་དགོས་དམིགས་གསུམ་གྱི་ཐོག་ནས་གོ་སྒྲིག་ཞུས་ཡོད། དེ་ཡང་དང་པོ་ནི། རང་རིགས་གཞོན་སྐྱེས་རྣམས་ལ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་དང་མཛད་རྗེས་སོགས་ཀྱི་གོ་རྟོགས་གོང་སྤེལ་གཏོང་རྒྱུ་དང་། གཉིས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་གཙོས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ནང་རང་རིགས་གཞོན་སྐྱེས་རྣམས་མཉམ་ཞུགས་གང་མང་ཡོང་ཐབས་ལ་དམིགས་ཏེ་རང་གི་རྩལ་དང་ནུས་པ་སྤུངས་སའི་སྡིངས་ཆ་མཁོ་སྐྲུན་བྱ་རྒྱུ། གསུམ་ནས་རིགས་གཅིག་ཆོལ་གསུམ་སྤུན་ཟླ་ནང་ཁུལ་མཛའ་རྩེའི་དམ་ཚིག་གཅིག་སྒྲིལ་དགོས་གལ་གྱི་བརྡ་ལན་སོགས་གཏོང་རྒྱུ་བཅས། ད་ཐེངས་ཀྱི་རྩེད་འགྲན་ནང་རྒྱ་གར་རྒྱལ་ཡོངས་ནས་བུའི་རུ་ཁག་ ༡༢ དང་བུ་མོའི་རུ་ཁག་ ༤ བཅས་མཉམ་ཞུགས་བྱས་ཡོད།

དེ་སྐབས་རྩེད་འགྲན་པ་རྣམས་ཀྱི་བཞུགས་གནས་དེ་བཞིན་བཞུགས་སྒར་རྡ་ཤོད་བོད་ཁྱིམ་སློབ་གྲྭར་གོ་སྒྲིག་ཞུས་ཡོད་པ་དང་། ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༤ ཉིན་གྱི་ཕྱི་དྲོར་རྩེད་འགྲན་པ་རྣམས་ཚང་འཛོམས་ཐོག་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ནས་རྩེད་འགྲན་གོ་སྒྲིག་གི་དགོས་དམིགས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ངོ་སྤྲོད། དེ་བཞིན་རང་རིགས་གཞོན་སྐྱེས་རྣམས་ནས་རྩེད་འགྲན་ཙམ་མིན་པར་ཆབ་སྲིད་ཀྱི་ལས་འགུལ་ནང་ནུས་པ་མཉམ་སྤུང་ངང་མཉམ་ཞུགས་དགོས་གལ་སོགས་ཀྱི་ཐད་གཏམ་བཤད་དང་། གཞན་ཡང་རྡ་ས་ས་གནས་ཀྱི་ཚོགས་གཙོ་བྱམས་པ་བསྟན་དར་ལགས་ནས་རྩེད་འགྲན་གྱི་སྒྲིག་གཞི་ངོ་སྤྲོད་དང་རུ་ཁག་ཕན་ཚུན་ངོ་སྤྲོད་སོགས་ཀྱི་ལས་རིམ་གོ་སྒྲིག་ཚགས་ཚུད་བྱུང་ཡོད།

ཕྱི་ཉིན་ཏེ་ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༥ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་རིགས་ལ་བཀའ་དྲིན་ལྷག་པར་དུ་ཆེ་བའི་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་ཡང་སྲིད་དུ་ངོས་འཛིན་མཛད་པའི་༸ཀུན་གཟིགས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༣༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོ་དང་སྟབས་བསྟུན་གྱིས་རྩེད་འགྲན་དབུ་འཛུགས་གནང་ཡོད་པ་དང་། དབུ་འབྱེད་མཛད་སྒོར་མགྲོན་གྱི་གཙོ་བོ་གཞོན་ལྷན་སྤྱི་ཁྱབ་ཚོགས་གཞོན་དང་དམིགས་བསལ་སྐུ་མགྲོན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱི་ལོ་ ༡༩༩༨ ལོར་གོ་སྒྲིག་ཞུས་པའི་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་ནང་མཉམ་ཞུགས་གནང་མྱོང་མཁན་རྒྱལ་གཅེས་པ་ཀརྨ་སྲིད་ཆོས་ལགས་དང་གཡུང་དྲུང་ལགས་རྣམ་གཉིས་གཙོས་པའི་གཞོན་ལྷན་དབུས་རྒྱུན་ཟུར་པ་དང་ཚོགས་སྡེ་ཁག་གི་སྐུ་ཚབ། གཞན་ཡང་རྩེད་འགྲན་པ་བུའི་རུ་ཁག་བཅུ་གཉིས་དང་བུ་མོའི་རུ་ཁག་བཞི་བཅས་མཉམ་ཞུགས་གནང་ཡོད། དབུ་འབྱེད་མཛད་སྒོར་རྡ་ས་ས་གནས་གཞོན་ལྷན་གྱི་རྒྱུན་ལས་ཆོས་སྐྱིད་ལགས་ནས་གཙོ་སྐྱོང་ཐོག་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༣༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོའི་དཀྲི་སྒོར་སྟུབ་ནས་ཁོང་གི་འཁྲུངས་སྐར་དུས་ཆེན་ཡང་མཉམ་གཅིག་ཏུ་སྲུང་བརྩི་ཞུས་པ་དང་འབྲེལ།  གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་ནས་རྩེད་འགྲན་ངོ་སྤྲོད། གཞོན་ལྷན་སྤྱི་ཁྱབ་ཚོགས་གཞོན་མཆོག་ནས་གཞོན་སྐྱེས་ཀྱི་འགན་འཁུར་དང་། དམིགས་བསལ་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐད་གཏམ་བཤད་གནང་། གཞན་ཡང་རྡ་ས་ས་གནས་གཞོན་ལྷན་གྱི་དྲུང་ཆེ་བསྟན་འཛིན་བློ་བཟང་ལགས་ནས་བོད་ཡིག་བསྒྲགས་གཏམ་སྒྲོག་སྦྱང་སོགས་གནང་ཐོག་མཛད་སྒོ་ལེགས་གྲུབ་ངང་རྩེད་འགྲན་དངོས་གཞི་མགོ་འཛུགས་བྱས་ཡོད།

ད་ཐེེངས་ཀྱི་རྩེད་འགྲན་ནང་རྡོ་རྗེ་གླིང་གཡག་རུ་ཁག སྦིར་ཅོན་ཏ་ར་རུ་ཁག བྷེང་ལོར་རུ་ཁག ལྡི་ལི་བསམ་གཡས་གླིང་རུ་ཁག རྡ་ས་ཐུ་བྷོད་རུ་ཁག རྡ་ས་གངས་ཅན་པ་རུ་ཁག གངས་སེང་རུ་ཁག  སྦེལ་ཀོབ་གེ་སར་རུ་ཁག མམ་བྷ་ཧེ་དར་བྷཌ། ཀུ་ལུ་མ་ན་ལི་བོད་ཀྱི་རུ་ཁག བོད་དམག་རུ་ཁག ཤེས་རབ་དགའ་ཚལ་སློབ་གླིང་རུ་ཁག་བཅས་བུའི་རུ་ཁག་བཅུ་གཉིས་དང་།  བུ་མོའི་རུ་ཁག་ཏེ་རྡ་སྟེང་བོད་ཁྱིམ་རུ་ཁག།མུན་སེལ་རུ་ཁག ང་དགུའི་རུ་ཁག གཞུང་ཞབས་རུ་ཁག་བཅས་རུ་ཁག་བཞི་མཉམ་ཞུགས་གནང་ཡོད་པ་མ་ཟད། ད་ལེན་དམིགས་བསལ་དུ་བཞི་ཆ་མཐའ་མའི་རྩེད་འགྲན་ནས་བཟུང་རྩེད་འགྲན་རྣམས་དྲྭ་རྒྱའི་ཐོག་ཐད་གཏོང་གཟིགས་རྒྱུ་ཡོད་པའི་མཐུན་འགྱུར་སྦྱར་ཐུབ་པ་ཡང་བྱུང་སྟེ་རྩེད་འགྲན་ལེགས་གྲུབ་དང་རྩེད་འགྲན་མཐའ་མ་དེ་བཞིན་ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༩ རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་ཉིན་མོར་འགོ་འཛུགས་ཞུ་གཏན་ཁེལ་ཡོད་རུང་གནམ་གཤིས་ཀྱི་རྐྱེན་པས་ཉིན་གཅིག་རིང་ཕར་འགྱང་མ་ཞུ་ཐབས་མེད་བྱུང་ཏེ་སྤྱི་ཚེས་ ༣༠ ཉིན་རྩེད་འགྲན་མཐའ་མ་གོ་སྒྲིག་ཞུས་ཡོད། སྐབས་དེར་མགྲོན་གྱི་གཙོ་བོར་དཔའ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་དམིགས་བསལ་སྐུ་མགྲོན་དུ་གཞོན་ལྷན་སྤྱི་ཁྱབ་ཚོགས་གཞོན་བཀྲིས་རྟགས་རྒྱས་ལགས། གཞན་ཡང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་གཞོན་ལྷན་དབུས་རྒྱུན་ཟུར་པ་སོགས་སྐུ་མགྲོན་དུ་གདན་ཞུས་ཐོག་རྩེད་འགྲན་མགོ་འཛུགས་ཞུས་གནང་ཡོད། སྐབས་དེར་གཞོན་ལྷན་སྤྱི་ཁྱབ་ཚོགས་གཞོན་མཆོག་ནས་རྩེད་འགྲན་གྱི་དགོས་དམིགས་དང་ཆོལ་གསུམ་བོད་རིགས་ནང་ཁུལ་ཆིག་སྒྲིལ་དགོས་གལ་སོགས་ཀྱི་ཐད་གཏམ་བཤད་དང་། སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་རང་རིགས་གཞོན་སྐྱེས་རྣམས་ནས་བོད་མི་རིགས་ཀྱི་འཐབ་རྩོད་ཐོག་དམིགས་བསལ་ནུས་པ་སྤུང་དགོས་གལ། བོད་མི་ནང་ཁུལ་འཆམ་མཐུན་དགོས་གལ་སོགས་ཀྱི་ཐད་གསུང་བཤད་གནང་ཡོད་པ་མ་ཟད། རྩེད་འགྲན་གྱི་རྒྱལ་ཁ་ཐོབ་མཁན་བོད་དམག་རུ་ཁག་གཙོས་འབྲེལ་ཡོད་རྣམས་ལ་ཕྱག་འཁྱེར་བསྩལ་གནང་ཡོད། གཞན་ཡང་གཞོན་ལྷན་སྤྱི་ཁྱབ་ཚོགས་གཞོན་མཆོག་ནས་བུ་མོའི་རུ་ཁག་གྱི་རྒྱལ་ཁ་ཐོབ་མཁན་དང་བུའི་རུ་ཁག་གི་རྩེད་འགྲན་པ་ཨང་གཉིས་པ་རྡ་ས་ཐུ་བྷོད་རུ་ཁག་གི་རྩེད་འགྲན་པ་སོགས་ལ་ཕྱག་འཁྱེར་བྱ་དགའ་ཕུལ་ཡོད་པ་མ་ཟད། རྩེད་འགྲན་ལ་དམིགས་པའི་རྒྱན་ཤོག་གསལ་བསྒྲགས་ཀྱིས་རྩེད་འགྲན་དེ་བཞིན་ཕྱོགས་ཡོངས་ནས་ལེགས་གྲུབ་ངང་མཇུག་སྒྲིལ་ཐུབ་པ་བྱུང་ཡོད་པ་མ་ཟད་ཉིན་ལྔའི་རྩེད་འགྲན་སྐབས་བཞུགས་སྒར་ཁུལ་གྱི་སེར་སྐྱ་ཕོ་མོ་རྒན་གཞོན་མང་པོས་ཐུགས་སྣང་ཆེན་པོས་དགའ་ཚོར་དང་བཅས་རྩེད་འགྲན་རྣམས་ལ་དགྱེས་གཟིགས་གནང་རྒྱུའི་མཐུན་འགྱུར་སྦྱར་བ་དང་བཅས་རྩེད་འགྲན་ལེགས་གྲུབ་བྱུང་ཡོད།

 

 

 

 

Back To Top