བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཐའེ་ཝན་བོད་དོན་དྲིལ་བསྒྲགས།

 

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཐའེ་ཝན་བོད་དོན་དྲིལ་བསྒྲགས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཐའེ་ཝན་ནང་བོད་དོན་དྲིལ་བསྒྲགས་ལས་འགུལ་གྱི་ཉིན་གཉིས་པ་ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༤ ཉིན་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མཆོག་དང་དྲིལ་བསྒྲགས་འགན་འཛིན་རྣམ་གཉིས་ནས་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་སྐུ་ངོ་སྐལ་བཟང་རྒྱལ་མཚན་མཆོག་དང་མཇལ་འཕྲད་ཀྱིས་ཐའེ་ཝན་ནང་གཞོན་ལྷན་གྱི་བོད་དོན་དྲིལ་བསྒྲགས་ལས་རིམ་རྣམས་སྙན་གསེང་ཞུས་ཡོད་པ་དང་། སྐུ་ངོ་མཆོག་ནས་ཀྱང་འཚམས་འདྲི་དང་སྦྲགས་ལས་རིམ་རྣམས་འཆར་གཞི་བཞིན་ལམ་ལྷོངས་ལེགས་གྲུབ་ཡོང་རྒྱུར་རེ་བ་ཡོད་ཅེས་གསུང་གནང་ཡོད། སྐབས་དེར་གཞོན་ལྷན་ས་གནས་ཚོགས་གཙོ་ཟུར་པ་དང་བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ཚེ་རིང་ལགས་ཀྱང་མཉམ་ཞུགས་གནང་ཡོད། ཉིན་རྒྱབ་ཐའེ་ཝན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ཐུག་འཕྲད་ཀྱིས་བོད་དོན་འཐབ་རྩོད་དང་མཉམ་རུབ་ཐོག་དགྲ་བོ་རྒྱ་དམར་སྲིད་གཞུང་ལ་ཁ་གཏད་གདོང་ལེན་བྱེད་ཕྱོགས་སོགས་ཀྱི་ཐད་གོ་བསྡུར་སྦྱང་བཤད་ཞུ་རྒྱུ་བྱུང་ཡོད།

ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༥ ཉིན་བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གིས་ལོ་ལྟར་གོ་སྒྲིག་ཞུ་བཞིན་པའི་བོད་དོན་རྐང་འཁོར་སྐོར་སྐྱོད་ཐེངས་ ༡༥ པའི་ནང་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་དང་དྲིལ་བསྒྲགས་འགན་འཛིན་རྣམ་གཉིས་མཉམ་ཞུགས་གནང་ཡོད་པ་མ་ཟད། གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མཆོག་ནས་ཐའེ་ཝན་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་བཀའ་དྲིན་ཆེ་ཞུ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བོད་རྒྱལ་ཁབ་ཀྱི་རང་བཙན་སླར་གསོ་མ་ཐུབ་བར་དགྲ་བོ་རྒྱ་དམར་སྲིད་གཞུང་ལ་འགོག་རྒོལ་དང་བོད་དོན་འཐབ་རྩོད་མུ་མཐུད་གནང་རྒྱུ་ཡིན་པའི་གསུང་བཤད་གནང་ཡོད། སྐབས་དེའི་གསར་འགོད་ལྷན་ཚོགས་སྐབས་ཐའེ་ཝན་གྲོས་ཚོགས་འཐུས་མི་སྐུ་ཞབས་པུ་མ་ཧྲིན་མཆོག་དང་གྲོས་ཚོགས་འཐུས་མི་ལྕམ་སྐུ་པེ་ཡུ་རྣམ་གཉིས་ནས་ཀྱང་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང་ཡོད། བོད་དོན་རྐང་འཁོར་སྐོར་སྐྱོད་དེ་བཞིན་ཐོག་མར་བོད་དོན་ལས་འགུལ་བ་དང་གཞོན་ལྷན་ས་གནས་ཀྱི་ཚོགས་ཟུར་བཀྲིས་ཚེ་རིང་ལགས་ནས་དབུ་འཛུགས་གནང་ཡོད། ཉིན་རྒྱབ་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མཆོག་ནས་ཁྲེན་ཆི་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་ཚོར་གཞོན་ལྷན་སྒྲིག་འཛུགས་ངོ་སྤྲོད་དང་བོད་དོན་འཐབ་བརྩོད་སྐོར་གསུང་བཤད་གནང་ཡོད། སྐབས་དེར་ཐའེ་ཝན་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་རྒྱུན་ལས་བཀྲིས་ཚེ་རིང་ལགས་དང་ཤེས་ཉེན་ལགས་རྣམ་གཉིས་ཀྱང་མཉམ་ཞུགས་གནང་ཡོད།

 

ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༧ ཉིན་ཐའེ་ཝན་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ལྷན་ཁང་གིས་གོ་སྒྲིག་འོག་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མཆོག་དང་དྲིལ་བསྒྲགས་འགན་འཛིན་རྣམ་གཉིས་ནས་ཐའེ་ཝན་དཔེ་དེབ་དུས་སྟོན་ཐོག་གཏམ་བཤད་སྤེལ་ཡོད་པ་མ་ཟད། དེའི་རྗེས་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མཆོག་ནས་ཐའེ་ཝན་གསར་འགྱུར་རྒྱུད་ལམ་ཁག་གི་བཅར་འདྲིར་དང་ལེན་ཞུས་གནང་ཡོད། ཕྱི་དྲོ་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་གཞོན་ལྷན་སྐུ་ཚབ་གཙོས་བཀྲིས་ཚེ་རིང་ལགས་དང་ས་གནས་གཞོན་ལྷན་གྱི་ཚོགས་གཙོ་དཀོན་མཆོག་ལགས་བཅས་ལ་དགོང་དྲོའི་གསོལ་ཚིགས་འདེགས་འབུལ་གྱིས་སྣེ་ལེན་ཞུས་གནང་བར་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མཆོག་ནས་སྐུ་ངོ་སྐལ་བཟང་རྒྱལ་མཚན་ལགས་དབུས་ཕྱག་རོགས་ཡོངས་ལ་བཀའ་དྲིན་ཆེ་ཞུས་གནང་ཡོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཐའེ་ཝན་ནང་བོད་དོན་དྲིལ་བསྒྲགས་དང་ཞུ་གཏུགས་ལས་འགུལ་གྱི་སྤྱི་ཚེས་ ༥ ཉིན་གྱི་བོད་དོན་རང་དབང་རྐང་འཁོར་སྐོར་སྐྱོད་སྐབས་ཐའེ་ཝན་གྲོས་ཚོགས་འཐུས་མི་སྐུ་ཞབས་པུ་མ་ཧྲེང་དང་གྲོས་ཚོགས་འཐུས་མི་པེཡུ་ཆེན་གཉིས་དང་མཇལ་འཕྲད་གནང་ཡོད་པ་དང་། སྤྱི་ཚེས་ ༧ ཉིན་གྱི་སྔ་དྲོ་ཐའེ་ཝན་ནང་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ་དང་ཐུག་འཕྲད་ཀྱིས་བོད་དོན་འཐབ་རྩོད་གཙོས་བོད་ནང་གི་ཛ་དྲག་གནས་སྟངས་དང་མཉམ་རུབ་ངང་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐད་གོ་བསྡུར་གང་ལེགས་བྱུང་ཡོད། དེའི་རྗེས་ཐའེ་ཝན་གྱི་བློན་ཆེན་སྐུ་ཞབས་ལིན་མིན་ཧྲན་མཆོག་དང་ཐའེ་ཝན་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ཀའོ་ཡུན་ཆེན་རྣམ་གཉིས་བློན་ཆེན་ལས་ཁུངས་སུ་མཇལ་འཕྲད་ཀྱིས་གཞོན་ལྷན་སྒྲིག་འཛུགས་ཀྱི་ལས་དོན་ཁག་གཅིག་སྙན་གསེང་དང་བོད་ནང་གི་ཛ་དྲག་གནས་སྟངས། གཞན་ཡང་ཐའེ་ཝན་ནས་བོད་དོན་འཐབ་རྩོད་ཐོག་རྒྱབ་སྐྱོར་སྔར་ལྷག་གནང་མུས་ཡིན་པར་བཀའ་དྲིན་ཆེ་ཞུ་གཙོས་རྒྱ་དམར་སྲིད་གཞུང་གིས་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་ལ་མཉམ་རུབ་ཀྱིས་ཁ་གཏད་གདོང་ལེན་གནང་ཕྱོགས་སོགས་ཀྱི་ཐད་གོ་བསྡུར་ཞུ་རྒྱུ་བྱུང་ཡོད།

དེའི་རྗེས་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མཆོག་ནས་ DW ཞེས་པའི་གསར་ཁང་གི་བཅར་འདྲིར་དང་ལེན་གནང་སྟེ་ཡན་ལག་ལས་ཁུངས་སུ་ཆེད་བཅར་གནང་རྗེས་ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་གཞོན་པ་དང་གྲོས་ཚོགས་འཐུས་མི་ཝུ་པའེ་ཡི་མཆོག་དང་མཇལ་འཕྲད་ཀྱིས་ཁོང་ཉིད་ནས་ད་བར་བོད་དོན་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་གནང་ཡོད་པ་མ་ཟད། མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་ཡོད།

དེའི་དགོང་མོར་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མཆོག་དང་དྲིལ་བསྒྲགས་འགན་འཛིན་རྣམ་གཉིས་རེས་གཟའ་པ་སངས་གཏམ་གླེང་ལེ་ཚན་ནང་གདན་ཞུས་གནང་བ་བཞིན་ཆེད་བཅར་གྱིས་བོད་ཀྱི་གནད་དོན་གཙོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང་འབྲེལ་བའི་བརྙན་དཔར་ཕྱོགས་བསྒྲིགས་རྣམས་གཟིགས་འབུལ་གྱིས་གཙོ་སྐྱོང་བ་དང་ཚོགས་ཞུགས་པ་རྣམ་པའི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད། སྐབས་དེར་ཆུ་ཚོད་གཉིས་ཀྱི་ལས་རིམ་ནང་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་སྐུ་ངོ་སྐལ་བཟང་རྒྱལ་མཚན་ལགས་ཀྱང་མཉམ་ཞུགས་གནང་ཡོད།

 

ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༨ ཉིན་གཞོན་ལྷན་གྱི་སྐུ་ཚབ་རྣམ་གཉིས་དང་ཐའེ་ཝ་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ལས་ཁུངས་ཀྱི་ཚོགས་གཙོ་གཙོས་བཀྲིས་ཚེ་རིང་ལགས་དང་ཤེས་ཉིད་ལགས། པེན་ཧྲུ་ལགས་བཅས་དང་ལྷན་ཉིན་གུང་གསོལ་ཚིགས་མཉམ་རོལ་གྱི་ལྷན་འཛོམས་ཞིག་གོ་སྒྲིག་གནང་ཡོད་པ་དང་། སྐབས་དེར་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མཆོག་ནས་ཚོགས་པ་གཉིས་ཀྱི་འབྲེལ་ལམ་དམ་ཟབ་ཡོད་ཚུལ་གཙོས་དམིགས་བསལ་ཚོགས་པ་དེ་ཉིད་ཀྱིས་ད་ལེན་གྱི་བོད་དོན་ལས་འགུལ་ལ་མཐུན་འགྱུར་རྒྱབ་སྐྱོར་གང་ལེགས་གནང་བར་བཀའ་དྲིན་ཆེ་ཞུས་གནང་ཡོད།

ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༩ ཉིན་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མཆོག་དང་དྲིལ་བསྒྲགས་འགན་འཛིན་རྣམ་གཉིས་ནས་ཐའེ་ཝན་གྱི་ (Ministry of Labor) དང་ཐའེ་ཝན་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བའི་ཚོགས་གཙོ་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧུན་ཧྲེན་ཧེན་མཆོག་བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལས་ཁུངས་སུ་མཇལ་འཕྲད་གནང་ཡོད། སྐབས་དེར་གནད་དོན་འདྲ་མིན་ཐད་གོ་བསྡུར་དང་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མཆོག་ནས་གྲོས་ཚོགས་འཐུས་མི་མཆོག་ལ་བཀའ་དྲིན་ཆེ་ཞུས་གནང་ཡོད། ཐའེ་ཝན་ནང་ད་ལེན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བོད་དོན་དྲིལ་བསྒྲགས་དང་ཞུ་གཏུགས་ཀྱི་ལས་འགུལ་གང་ལེགས་བྱུང་ཏེ་རྒྱ་གར་དུ་ཕྱིར་ལོག་གནང་སྐབས་ཐའེ་ཝན་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་དྲུང་ཆེ་བཀྲ་ཤིས་ཚེ་རིང་མཆོག་དང་ཐའེ་ཝན་ས་གནས་གཞོན་ལྷན་གྱི་ཚོགས་གཙོ་ཀོན་མཆོག་ལག་རྣམ་གཉིས་ནས་ཕེབས་སྐྱེལ་ཞུས་གནང་ཡོད།

 

 

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལོ་རྒྱུས་རང་བཞིན་རྒྱ་གར་རྒྱལ་ཡོངས་སྦག་སྦག་སྐོར་སྐྱོད་ལས་འགུལ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལོ་རྒྱུས་རང་བཞིན་རྒྱ་གར་རྒྱལ་ཡོངས་སྦག་སྦག་སྐོར་སྐྱོད་ལས་འགུལ།

 

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༢༢ ནས་བཟུང་རྒྱ་གར་བྱང་ཤར་ཁུལ་གྱི་ཨ་རུ་ན་ཅལ་མངའ་སྡེའི་ཧིན་བོད་གཉིས་ཀྱི་ས་མཚམས་འབུམ་ལ་ནས་དབུ་འཛུགས་ཐོག་རྒྱ་གར་རྒྱལ་ཡོངས་ཀྱི་མངའ་སྡེ་ ༢༠ དང་གྲོང་ཁྱེར་ཆེ་ཁག་ ༡༡༠ ལྷག བོད་མིའི་དགུན་ཚོང་ཁྲོམ་ས་དང་གཞིས་ཆགས་ ༡༠༠ ལྷག་ཙམ་ནང་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་བརྩམས་ཏེ་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་དང་། བྷི་ཧར་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ར་ཇེན་དར་ནཌ་ཨར་ལི་ཀར་མཆོག གཞན་ཡང་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་དཔོན་རིགས་ཁག། རྒྱ་གར་དབུས་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་། བོད་དོན་རྒྱབ་སྐྱོར་བ་གཙོས་ས་གནས་ཀྱི་གསར་འགོད་པ་དང་འབྲེལ་ཡོད་དཔོན་རིགས་ཁག་ལ་མཇལ་འཕྲད་ཀྱིས་ད་ལྟའི་ཆར་དགྲ་བོ་རྒྱ་དམར་སྲིད་གཞུང་གིས་བོད་ནང་བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་དང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་འདྲ་མིན་ཞིག་ལག་བསྟར་བྱེད་མུས་ཀྱིས་བོད་ཕྲུག་རྣམས་བཙན་གྱིས་གཏན་འཇགས་སློབ་གྲྭའི་ནང་བཙན་འཇུག་བྱེད་པ་དང་། བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་མཁན་གྱི་དགེ་རྒན་དང་། ཤེས་ཡོན་པ་རྣམས་ལ་མ་ཉེས་ཁག་གཡོག་གིས་ཉེས་མིང་སྣ་ཚོགས་བཏགས་ཏེ་འཛིན་བཟུང་བཙོན་འཇུག་བྱས་དང་བྱེད་མུས་ཐོག་སྒེར་གྱི་སློབ་གྲྭ་རྣམས་བཙན་གྱི་སྒོ་རྒྱབ་བཞིན་པའི་ཛ་དྲག་གི་གནས་སྟངས་གཙོས་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་དགོན་པ་ནས་ཕྱིར་ཕུད་ཀྱིས་གཏན་འཇགས་སློབ་གྲྭའི་ནང་བཙན་འཇུག་སོགས་བྱས་ཏེ་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བཞིན་པའི་ཛ་དྲག་གནས་སྟངས་ཐོག་རྒྱ་གར་གཞུང་དམངས་གཉིས་གཙོས་རྒྱལ་སྤྱིའི་སྲིད་གཞུང་དང་། དེ་མིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་ཐུགས་སྣང་དང་དེ་དག་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་རྒྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་མ་ཟད།

བོད་རྒྱལ་ཁབ་ཆེན་པོ་འདི་བཞིན་མི་ལོ་སྟོང་ཕྲག་དུ་མར་རང་བཙན་གྱི་གནས་བབ་ཐོག་རང་ས་རང་སྲུང་བྱས་ཏེ་ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་འབྲེལ་ལམ་ཟབ་མོ་ཉར་ཡོད་ན་ཡང་དགྲ་བོ་རྒྱ་དམར་སྲིད་གཞུང་ནས་བོད་ས་བཙན་བཟུང་བྱས་ཏེ་ཧིན་བོད་གཉིས་ཀྱི་ས་མཚམས་བརྟན་ལྷིང་མེད་པ་བཟོས་ཡོད་པ་མ་ཟད། དགྲ་བོ་རྒྱ་དམར་སྲིད་གཞུང་ནས་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་འོག་དུས་ནས་དུས་སུ་རྒྱ་གར་གྱི་ས་ཐོག་ཏུ་སིམ་འཛུལ་དང། དམག་འཐབ་སོགས་བྱེད་མུས་དང། ཧིན་བོད་གཉིས་ཀྱི་ས་མཚམས་ཁུལ་དུ་འཛུགས་སྐྲུན་ལས་གཞི་གང་མང་ཞིག་འགྲོ་བཞིན་ཡོད་པར་སོང་། ལས་གཞི་དེའི་རིགས་ཀྱིས་རྒྱ་གར་གྱི་བདེ་འཇགས་ལ་ཡང་ཉེན་ཁ་བཟོ་བཞིན་ཡོད་པས་རྒྱ་གར་གཞུང་དམངས་གཉིས་ནས་ཀྱང་དགྲ་བོ་རྒྱ་དམར་སྲིད་གཞུང་གི་བྱ་སྤྱོད་དེ་རིགས་ལ་དོ་སྣང་ཡིད་གཟབ་ནན་པོ་དགོས་པའི་འབོད་སྐུལ་ཞུས་པ། དམིགས་བསལ་བོད་རང་བཙན་ནི་རྒྱ་གར་གྱི་བདེ་འཇགས་ཡིན་པས་རྒྱ་གར་གཞུང་དམངས་གཉིས་ནས་བོད་ནི་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་དང་དམིགས་བསལ་ལོ་རྒྱུས་ཐོག་ཧིན་བོད་གཉིས་ཀྱི་ས་མཚམས་ལས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཟེར་བ་ཞིག་རྩ་བ་ནས་མེད་ཚུལ་སོགས་ཀྱི་ཐད་གྲོས་ཆོད་གཏན་འབེབས་ཡོང་རྒྱུར་འབོད་སྐུལ་ཡང་ཞུས་ཡོད།

དམིགས་བསལ་དགྲ་བོ་རྒྱ་དམར་སྲིད་གཞུང་ནས་འཛུགས་སྐྲུན་གྱི་ལས་གཞི་འདྲ་མིན་ལ་ཁ་གཡར་ཏེ་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་འདྲ་མིན་ནས་གཏེར་ཁ་སྔོག་འདོན་བྱས་ཏེ་རི་ཆུ་ནགས་གསུམ་གྱི་རང་བྱུང་ཁོར་ཡུག་ལ་དོ་ཕོག་ཚབས་ཆེན་བཟོ་བཞིན་ཡོད་པ་དང་། ལོ་རྒྱུས་རང་བཞིན་གྱི་རྩ་ཆེའི་གནས་རི་དང་དགོན་པ་སོགས་རྩ་གཏོར་བཏང་དང་གཏོང་མུས་ཡིན་པ་མ་ཟད། ད་ལྟའི་ཆར་འབྲི་ཆུའི་བཞུར་རྒྱུན་དུའང་ཆུ་རགས་གསར་རྒྱག་གི་ལས་གཞི་འདྲ་མིན་ཞིག་ལག་བསྟར་བྱེད་མུས་ཀྱིས་བོད་མིའི་འཚོ་གནས་ལ་རྡབ་གསིག་དང་ཉེན་ཁ་ཚབས་ཆེ་སྤྲད་པ་ཙམ་མ་ཡིན་པར། འབྲི་ཆུའི་བཞུར་རྒྱུན་དུ་འཚོ་གནས་བྱེད་བཞིན་པའི་ཉེ་འབྲེལ་རྒྱལ་ཁབ་གཞན་ལ་ཡང་ཉེན་ཁ་དང་དཀའ་ངལ་གཅིག་མཚུངས་སུ་སྤྲད་དང་སྤྲོད་མུས་ཡིན་པས་འབྲེལ་ཡོད་རྒྱལ་ཁབ་གཞན་ཚོའི་ངོས་ནས་ཀྱང་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཐུགས་སྣང་ཡོང་རྒྱུར་རེ་བ་ཞུས་ཏེ་ལས་འགུལ་བ་རྣམས་ནས་ཁྱོན་རྒྱང་ཚད་སྤྱི་ལེ་ )20,000 KM ) ལྷག་འགྲུལ་བཞུད་གནང་ཡོད་པ་མ་ཟད། རྒྱ་གར་གྱི་གསར་འགྱུར་རྒྱུད་ལམ་ཁག་གཅིག་སྟོང་(༡༠༠༠) ལྷག་གི་ནང་བོད་དོན་དྲིལ་བསྒྲགས་གནང་ཐུབ་པ་བྱུང་ཡོད། གཞན་ཡང་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་བ་ཚོགས་པ་འདྲ་མིན་ཞིག་དང་ཐུག་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་གསལ་བཤད་དང་ཕན་ཚུན་ངོ་སྤྲོད་སོགས་གནང་ཏེ་མ་འོངས་པར་མཉམ་རུབ་ཀྱི་ལས་འགུལ་གང་མང་སྤེལ་ཐབས་གནང་རྒྱུར་རེ་སྐུལ་ཡང་ཞུས་གནང་ཡོད། སྤྱིར་ལས་འགུལ་གྱི་བརྒྱུད་རིམ་ནང་ལས་འགུལ་བ་ཁག་གཅིག་བརྡབ་སྐྱོན་གྱི་དཀའ་ངལ་ཕྲན་བུ་བྱུང་ཡང་ཕྱོགས་ཡོངས་ནས་རྒྱ་གར་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་དོན་དྲིལ་བསྒྲགས་དང་བོད་མིའི་གནས་སྡོད་གཞིས་ཆགས་དང་ཁྲོམ་ས་སོགས་ལ་ཡང་སྐོར་སྐྱོད་ཀྱིས་བོད་རིགས་ནང་ཁུལ་ཆིག་སྒྲིལ་དགོས་གལ་དང་། གཞན་ཡང་འཐབ་རྩོད་ཀྱི་ལས་འགུལ་ཐོག་ནུས་པ་མཉམ་སྤུང་དགོས་གལ་སོགས་ཀྱི་ཐད་འབོད་སྐུལ་ནན་པོ་ཞུ་རྒྱུ་བྱུང་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་ལོ་རྒྱུས་རང་བཞིན་གྱི་རྒྱ་གར་རྒྱལ་ཡོངས་བོད་དོན་དྲིལ་བསྒྲགས་སྦག་སྦག་སྐོར་སྐྱོད་ལས་འགུལ་གྱི་ཉིན་མཐའ་མའི་མཇུག་བསྡོམས་མཛད་སྒོ་དེ་བཞིན་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་བོད་ཁྱིམ་ཉིན་སློབ་ཏུ་ཚོགས་ཡོད་པ་དང་། སྐབས་དེར་ཧིན་བོད་གཉིས་ཀྱི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་རྣམ་པ་དང་ཆོལ་གསུམ་བོད་རིགས་མང་ཚོགས་རྣམས་དང་། བོད་དོན་རྒྱབ་སྐྱོར་བ་བཅས་ནས་འཚམས་འདྲི་དང་དགའ་བསུའི་ཁ་བཏགས་དང་མེ་ཏོག་སོགས་གཡོགས་ཏེ་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད་པ་མ་ཟད། ཆེད་དུ་མགྲོན་འབོད་ཞུས་པའི་བོད་དོན་རྒྱབ་སྐྱོར་བ་གནད་ཡོད་རྣམས་ནས་ཡི་རང་བསྔགས་བརྗོད་དང་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་དང་། གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མཆོག་ནས་ཀྱང་ཟླ་བ་གཉིས་ལྷག་རིང་གི་ལས་འགུལ་སྐབས་རྒྱ་གར་གྱི་དབུས་སའི་དཔོན་རིགས་ཁག་མང་དག་ཅིག་མཇལ་འཕྲད་ཀྱིས་བོད་དོན་དྲིལ་བསྒྲགས་ཇི་བྱུང་། གཞན་ཡང་མངའ་སྡེའི་ཉི་ཤུའི་ནང་བརྟན་གཞི་བྱས་པའི་བོད་པའི་གཞིས་ཆགས་དང་ཁྲོམ་ས་ཁག་ཚང་མར་སྐོར་སྐྱོད་ཀྱིས་མང་ཚོགས་རྣམ་པར་ཆིག་སྒྲིལ་དང་འཐབ་རྩོད་ནང་ནུས་པ་མཉམ་སྤུངས་དགོས་གལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བོད་རང་བཙན་གྱི་བདེན་མཐའ་མ་སེལ་བར་རྒྱ་རྒོལ་གྱི་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་སྐོར་སོགས་ཀྱི་ཐད་སེམས་ཚོར་ཆེན་པོས་བཀའ་སློབ་གསུང་བཤད་གནང་བ་དང་སྦྲགས། ལས་འགུལ་ནང་མཉམ་ཞུགས་གནང་མཁན་རྒྱལ་གཅེས་ལས་འགུལ་བ་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་དང་གཞན་ཡང་ལས་འགུལ་གྱི་ཐོག་མཐའ་བར་གསུམ་དུ་མི་རྒྱུ་གཉིས་ཀྱི་རྒྱབ་སྐྱོར་གནང་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུས་ཀྱིས་མཇུག་བསྡོམས་མཛད་སྒོའི་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད།
ཉིན་ ༡

ཉིན་ ༢

ཉིན་  ༣

ཉིན་ ༤

ཉིན་

ཉིན་

ཉིན་

ཉིན་ ༧ / ༡

ཉིན་ ༨/༩

ཉིན་ ༡༠

ཉིན་ ༡༡

ཉིན་ ༡༢

ཉིན་ ༡༣

ཉིན་ ༡༤/༡༥/༡༦

ཉིན་ ༡༧

ཉིན་ ༡༨

ཉིན་ ༡༩/༢༠

ཉིན་ ༢༡

ཉིན་ ༢༢

ཉིན་ ༢༣

ཉིན་ ༢༤

ཉིན་ ༢༥

ཉིན་ ༢༦

ཉིན་ ༢༧

ཉིན་ ༢༨

ཉིན་ ༢༩

ཉིན་ ༣༠

ཉིན་ ༣༡

ཉིན་ ༣༢

ཉིན་ ༣༣

ཉིན་ ༣༤

ཉིན་ ༣༥

ཉིན་ ༣༦

ཉིན་ ༣༧

ཉིན་ ༣༨/༣༩

ཉིན་ ༤༠

ཉིན་ ༤༡

ཉིན་ ༤༢

ཉིན་ ༤༣

ཉིན་ ༤༤

ཉིན་ ༤༥

ཉིན་ ༤༦

ཉིན་ ༤༧

ཉིན་ ༤༨

ཉིན་ ༤༩

ཉིན་ ༥༠

ཉིན་ ༥༡

ཉིན་ ༥༢

ཉིན་ ༥༣/༥༤

ཉིན་ ༥༥

ཉིན་ ༥༦

ཉིན་ ༥༧

ཉིན་ ༥༨

ཉིན་ ༥༩

ཉིན་ ༦༠

ཉིན་ ༦༡

ཉིན་ ༦༢

ཉིན་ ༦༣

ཉིན་མཐའ མ

 

 

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་བ་རྣམས་ལ་ཨ་རུ་ན་ཅལ་མངའ་སྡེའི་ཆོས་དང་རིག་གཞུང་ལྷན་ཁང་གི་ཚོགས་གཙོ་སྐུ་ཞབས་འཇམ་དཔལ་དབང་འདུས་ལགས་ཀྱིས་གསོལ་ཇའི་སར་དགའ་བསུའི་སྣེ་ལེན་གནང་ཡོད།

༄༅། །ཕྱི་ཟླ་༡༡ ཚེས་ ༢༢ ཉིན་རྟ་དབང་དུ་ལམ་ལྷོང་ལྡན་པའི་ངོ་རྒོལ་དང་མི་མང་འདུ་འཛོམས་གནང་རྗེས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་བ་རྣམས་ལ་ཨ་རུ་ན་ཅལ་མངའ་སྡེའི་ཆོས་དང་རིག་གཞུང་ལྷན་ཁང་གི་ཚོགས་གཙོ་སྐུ་ཞབས་འཇམ་དཔལ་དབང་འདུས་ལགས་ཀྱིས་གསོལ་ཇའི་སར་དགའ་བསུའི་སྣེ་ལེན་གནང་ཡོད། སྐབས་དེར་ཁོང་གིས་ལས་འགུལ་བ་ཡོངས་ལ་ཁ་བཏགས་གཡོགས་ནས་ཁོང་དང་ཁོང་གི་ནང་མི་ནས་བོད་དོན་ལ་རྒྱབ་སྐྱོར་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་སྡོད་ཁྱིམ་ནང་འཕྱར་བཞིན་པ་དེས་དམིགས་གསལ་ལས་འགུལ་བ་རྣམས་ལ་སེམས་ཤུགས་སྤར་ཡོད།
སྐུ་ཞབས་འཇམ་དཔལ་ལགས་ཀྱིས་ཁོང་གི་ཡབ་དམ་པ་སྐུ་ཞབས་ཀརྨ་དབང་འདུས་ལགས་ནི་པདྨ་ཤྲི་གཟེངས་རྟགས་བཞེས་མྱོང་མཁན་དང་བློན་ཆེན་ཟུར་པ་ཞིག་ཡིན་པ། ཁོང་ནི་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་མཁན་ཞིག་ཡིན་པ་བཅས་བོད་དང་བོད་མིའི་ཆེད་དུ་ལས་འགུལ་མང་པོ་ཞིག་ལ་སྣེ་ཁྲིད་གནང་མཁན་གྱི་རླབས་ཆེན་མི་སྣ་ཞིག་ཀྱང་ཡིན་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྐུ་ཞབས་འཇམ་དཔལ་ལགས་དང་ཁོང་གི་ནང་མི་ཡོངས་ཀྱིས་བོད་དོན་ཐད་རྒྱུན་དུ་རྒྱབ་སྐྱོར་ཤུགས་ཆེ་གནང་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་དང་། ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་བྱུང་ཡོད།

ལོ་རྒྱུས་རང་བཞིན་གྱི་མཁྱེན་མཛེས་མ་ནི་ས་ཚིགས་སུ་ཆེས་གལ་གནད་ཆེ་བའི་ས་ཚིགས་འདིར་ལས་འགུལ་བ་ཡོངས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཆེད་དང་བོད་མིའི་རང་བཙན་སླར་གསོའི་སླད་སྨོན་ལམ་གསོག་སྒྲུབ་གནང་ཡོད།

དེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༢༤ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྦག་སྦག་སྐོར་སྐྱོད་ལས་འགུལ་བ་རྣམས་ཞོགས་པ་ཕྱག་ཚོད་ ༥།༣༠ ཐོག་མཁྱེན་མཛེས་མ་ནི་རུ་ཕྱོགས་ཐོན་དང་། ལམ་བར་དུ་ལུང་ལ་བྷི་ཇ་པི་མཚན་པས་གཞུང་འབྲེལ་བཞུགས་གནས་སུ་ཞོགས་ཟས་འདེགས་འབུལ་གྱིས་སྣེ་ལེན་ཞུས་གནང་ཡོད། དེའི་རྗེས་ལས་འགུལ་བ་རྣམས་སྒྲོལ་ལྗང་དགོན་པར་མཆོད་མཇལ་གནང་སྐབས་དགོན་བདག་ནས་འཚམས་འདྲིའི་མཇལ་དར་སྒྲོན་འབུལ་དང་བོད་མིའི་འཐབ་རྩོད་སྤྱི་དང་གཞོན་ལྷན་གྱི་བོད་དོན་དྲིལ་བསྒྲགས་ལམ་ལྷོངས་ཡོང་ཕྱིར་གསོལ་སྨོན་སོགས་བསྐྱོན་གནང་མཛད།
དེ་རྗེས་མུ་མཐུད་ཕྱག་ཚོད་གསུམ་ཙམ་སྦག་སྦག་སྐོར་སྐྱོད་གྲུབ་མཚམས་ལོ་རྒྱུས་རང་བཞིན་གྱི་མཁྱེན་མཛེས་མ་ནི་ས་ཚིགས་སུ་བདེ་འབྱོར་བྱུང་ཡོད། ས་ཚིགས་དེ་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆེས་ཐོག་མར་རྒྱ་གར་ས་ཐོག་ཏུ་བཙན་བྱོལ་དུ་ཕེབས་འབྱོར་གྱིས་ཨ་སམ་དམག་སྡེའི་དམག་དཔོན་དང་།
ཆབ་སྲིད་སྐུ་ཚབ་སྐུ་ཞབས་མུར་ཐི་མཆོག་ནས་སྣེ་ལེན་ཞུ་སའི་ས་ཚིགས་དེ་ཡིན་འདུག ཆེས་གལ་གནད་ཆེ་བའི་ས་ཚིགས་འདིར་ལས་འགུལ་བ་ཡོངས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཆེད་དང་བོད་མིའི་རང་བཙན་སླར་གསོའི་སླད་སྨོན་ལམ་གསོག་སྒྲུབ་གནང་ཡོད་པ་མ་ཟད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱག་བཏབས་གནང་མཛད་པའི་ལྗོན་ཤིང་ལ་ཡང་མཇལ་ཁ་དང་བཅས་ལོ་རྒྱུས་རང་བཞིན་གྱི་ས་ཚིགས་འདིར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་མཉམ་གཏོང་གིས་གོར་གསུམ་མཆོད་རྟེན་དུ་གནས་མཇལ་དང་བཅས་ཕྱིར་རྟ་དབང་དུ་དགོང་དྲོ་ཕྱག་ཚོད་ ༦།༣༠ ཐོག་བདེ་འབྱོར་བྱུང་ཡོད།

༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་ལྷ་སྲས་རྒྱ་ལོ་དོན་གྲུབ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་མཆོད་འབུལ་སྨོན་ལམ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་མཆོག་ཁ་སེང་ཀ་ལིང་སྦུག་ཏུ་ཆེད་བཅར་གྱིས་དེ་རིང་ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡༡ ཉིན་གྱི་ཞོགས་པ་༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་ལྷ་སྲས་རྒྱ་ལོ་དོན་གྲུབ་མཆོག་གི་སྐུ་ཕུང་བཞུགས་འབུལ་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོར་མཉམ་ཞུགས་ཀྱིས་དམ་པ་དེ་ཉིད་ནས་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ཞབས་ཞུ་རླབས་ཆེན་བསྒྲུབ་གནང་བར་བཀའ་དྲིན་རྗེས་དྲན་ཞུས་ཡོད། བཞུགས་འབུལ་སྐབས་རང་གཞུང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྐུ་ངོ་སྤེན་པ་ཚེ་རིང་མཆོག་དང་བདེ་སྲུང་བཀའ་བློན་སྐུ་ངོ་རྒྱ་རི་སྒྲོལ་མ་མཆོག འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་མིག་དམར་ནོར་བུ་ཤར་པ་མཆོག འབྲས་ལྗོངས་བློན་ཆེན་བསོད་ནམས་བླ་མ་མཆོག དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སྐུ་ངོ་བློ་བཟང་སྦྱིན་པ་མཆོག དཔལ་ལྡན་བོད་མི་སྤྱི་འཐུས་རྣམ་པ། ཡབ་གཞིས་སྐུ་འཁོར་དང་ནང་མི་ལྷན་རྒྱས། མདའ་དཔོན་ཟླ་བ་ལགས་གཙོས་སྐུ་ངོ་ས་གནས་འགོ་འཛིན་དང་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ་བཅས་ཆེད་བཅར་གནང་ཡོད།

ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡༡ ཉིན་གྱི་ཞོགས་པ་ཆུ་ཚོད་ ༦།༣༠ ནས་ ༨།༣༠ བར་༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་ལྷ་སྲས་རྒྱ་ལོ་དོན་གྲུབ་མཆོག་གི་སྐུ་ཕུང་བཞུགས་འབུལ་གྱི་དུས་ཚོད་དང་སྟབས་བསྟུན་གྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་རྡ་ས་ས་གནས་གཞོན་ལྷན་གཉིས་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་ཞུས་ཏེ་ཡབ་གཞིས་སྐུ་འཁོར་དང་ཤུལ་ལུས་བཟའ་མི་བུ་ཕྲུག་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། དམ་པ་དེ་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་ཏུ་ཞབས་ཞུ་རླབས་པོ་ཆེ་སྒྲུབ་གནང་བར་བཀའ་དྲིན་རྗེས་དྲན་དང་། གཞན་ཡང་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་སྨོན་གནང་བ་བཞིན་དམ་པ་དེ་ཉིད་སྐྱེ་གནས་བཟང་པོ་ཞིག་དང་། ལྷག་པར་བོད་མི་རིགས་ཀྱི་བསྟན་སྲིད་ལ་ཞབས་འདེགས་སྒྲུབ་མཁན་ཞིག་རྒྱུན་མཐུད་ནས་ཡོང་ཐུབ་པར་སྨོན་ལམ་གསོག་སྒྲུབ་ཞུས།

 

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་མཆོག་ནཱ་བི་མུམ་བྷེ་རུ་རཱ་ནན་གྷན་དུས་དེབ་དབུ་འབྱེད་མཛད་སྒོར་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་གནང་བ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་མཆོག་ནཱ་བི་མུམ་བྷེ་རུ་རཱ་ནན་གྷན་དུས་དེབ་དབུ་འབྱེད་མཛད་སྒོར་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་གནང་བ་བཞིན་ཆེད་བཅར་གནང་ཡོད། མཛད་སྒོའི་སྐུ་མགྲོན་གཙོ་བོར་ཨ་རུ་ན་ཅལ་མངའ་སྡེའི་ (Former DIG of the Armed Border Force and Information Commission of the Arunachal Pradesh State) ཚོགས་མི་དང་གོ་མཚོན་ས་མཚམས་དམག་མིའི་སྡེ་ཚན་གྱི་དམག་དཔོན་ཟུར་པ་ལྕམ་བསོད་ནམས་གཡུ་སྒྲོན་ལགས་ཆེད་ཕེབས་གནང་ཡོད། གཞན་ཡང་གལ་ཆེའི་སྐུ་མགྲོན་ཁྲོད་དུ་སཱ་ཨི་དྷམ་འབྲས་ནད་སྡོད་ཁང་གི་འགན་འཛིན་སྨན་པ་སྭཔ་ནིལ་མ་ནེ་ལགས་དང་། རཱ་ནན་གྷན་དུས་དེབ་ཀྱི་རྩོམ་སྒྲིག་པ་གཙོ་བོ་སྨན་པ་ཨ་བྷི་ན་ཤི་གྷར་གྷོ་ཊེ་ལགས། མུམ་བྷེ་མ་ར་ཐི་གསར་འགོད་པའི་ཚོགས་པའི་ཚོགས་ཟུར་ཀུ་མར་ཀ་དམ་ལགས། བྱང་ཤར་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་མཁའ་མགྲོ་མཐུ་མགོན་ལགས་བཅས་ཕེབས་ཡོད།


གོ་སྒྲིག་ཚོགས་ཆུང་ནས་གཞོན་ལྷན་ཚོགས་གཙོ་མཆོག་ལ་མཇལ་དར་དང་འཚམས་འདྲིའི་མེ་ཏོག་དང་། དྲན་རྟེན་རྟགས་མ་སོགས་ཕུལ་རྗེས་ཚོགས་གཙོ་མཆོག་ནས་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་གོ་སྒྲིག་ཚོགས་ཆུང་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་བོད་ནང་གི་ཛ་དྲག་གནས་སྟངས་དང་། དམིགས་བསལ་བོད་རང་བཙན་གྱི་གནས་བབ་དང་རྒྱ་གར་གྱི་བདེ་འཇགས་སོགས་ཀྱི་ཐད་ནན་བརྗོད་གནང་ཡོད་པ་མ་ཟད། ད་བར་རྒྱ་གར་གཞུང་དམངས་གཉིས་ནས་བོད་མི་ཚོར་མཐུན་འགྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། སླར་ཡང་བོད་རང་བཙན་བསྐྱར་གསོའི་འཐབ་རྩོད་ནང་མུ་མཐུད་རྒྱབ་སྐྱོར་གནང་རོགས་ཅེས་འབོད་སྐུལ་ཞུས་གནང་ཡོད། མཛད་སྒོའི་མཐའ་མར་སྙན་ངག་སྒྲོག་སྦྱང་དང་སྲོལ་རྒྱུན་མ་ར་ཐིའི་གླུ་གཞས་འཁྲབ་སྟོན་སོགས་གནང་སྟེ་མཛད་སྒོ་ལེགས་གྲུབ་བྱུང་ཡོད།

རྒྱ་གར་བྷི་ཧར་མངའ་སྡེའི་གྲོས་ཚོགས་གོང་མའི་ཇེ་ཌི་ཡུ་ཚོགས་པའི་འཐུས་མི་ཟུར་པ་མཆོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཡིག་ཚང་དུ་ཆེད་ཕེབས་གནང་བ།

༄༅། ། ཕྱི་ལོ་ ༢༠༢༤ ཟླ་ ༡༠ པའི་ཚེས་ ༨ ཉིན་རྒྱ་གར་བྷི་ཧར་མངའ་སྡེའི་གྲོས་ཚོགས་གོང་མའི་ཇེ་ཌི་ཡུ་ཚོགས་པའི་འཐུས་མི་ཟུར་པ་སྐུ་ཞབས་ཨ་ནིལ་ཧེ་ཇི་ (Shri Anil Hegde, former Rajya Sabha MP from Bihar, JDU) མཆོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཡིག་ཚང་དུ་ཆེད་ཕེབས་གནང་བ་དང་། སྐབས་དེར་གཞོན་ལྷན་སྤྱི་ཁྱབ་ཚོགས་གཞོན་དང་ཟུང་དྲུང་གཉིས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཏེ་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་དང་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐད་གོ་བསྡུར་ལྷུག་པོ་གནང་ཡོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་གསར་པར་འཚམས་འདྲི་ཞུས།

ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༡༡ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་ནས་གཞོན་ལྷན་དབུས་རྒྱུན་ཟུར་པ་དང་སྐུ་ངོ་སྤྱི་ཟུར་བློ་བཟང་ཡེ་ཤེས་མཆོག་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དུ་བསྐོ་བཞག་བྱུང་སྟེ་དངོས་སུ་ལས་ཁུར་ཞུས་པར་འཚམས་འདྲི་དང་མ་འོངས་ལས་དོན་མཐའ་དག་གེགས་མེད་ལམ་ལྷོངས་ཡོང་བར་འཚམས་འདྲིའི་ཆེད་བཅར་ཞུས་གནང་ཡོད།

བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་བཞིའི་སྐུ་ཚབ་དང་ལྷན་དུ་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་སྐུ་ཚབ་དང་མཇལ་འཕྲད།

དེ་རིང་ཉིན་རྒྱབ་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མཆོག་ནས་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་བཞིའི་སྐུ་ཚབ་དང་ལྷན་དུ་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་སྐུ་ཞབས་ཇེམ་སི་པལ་མན་ (James Plasman, First Secretary) མཆོག་དང་། མེཀ་ཁེ་རེ་མར་ (Mike Cramer, Political Officer) མཆོག ཨཇེ་དྷ་ཡལ་ (Ajay Dayal, Political Specialist)མཆོག་དང་ཇེབ་མིལ་སུ་མཆོག་གཙོས་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་སྐུ་ངོ་དོན་གྲུབ་རྒྱལ་པོ་མཆོག་བཅས་དང་མཇལ་འཕྲད་གནང་ཡོད་པ་དང་། མཇལ་འཕྲད་སྐབས་ཚོགས་པ་སོ་སོའི་ངོ་བོ་དང་དམིགས་ཡུལ། གཞན་ཡང་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐད་ངོ་སྤྲོད་དང་དྲི་བ་དྲིས་ལན་སོགས་ཀྱི་ལས་རིམ་གང་ལེགས་བྱུང་ཡོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ ༥༤ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩིའི་བསྒྲགས་གཏམ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༥༤ ཧྲིལ་པོ་འཁོར་བའི་དུས་དྲན་གྱི་གསུང་འཕྲིན།

དེ་རིང་ནི་བོད་རྒྱལ་ལོ་ ༢༡༥༡ ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༧ རེས་གཟའ་ཟླ་བ་ཡིན་ཞིང་། ཉིན་མོ་འདི་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ ༥༤ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་ལོ་རྒྱུས་རང་བཞིན་གྱི་གལ་ཆེའི་ཉིན་མོ་ཞིག་ཆགས་ཡོད་སྟབས། ཐོག་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་ངོས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་གྲངས་མེད་དང་བཅས་ཐུགས་རྗེ་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་བོད་རྒྱལ་ཁབ་དང་མི་རིགས་རིག་གཞུང་དང་བཅས་པའི་ཆེད་གཅེས་པའི་རང་གི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས། བློས་གཏོང་བཅས་པར་བཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་འདུད་ཞུ་རྒྱུ་མ་ཟད། ཤུལ་ལུས་ནང་མི་བུ་ཕྲུག་དང་དགའ་ཉེ་སྤུན་མཆེད་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་ཕྱི་ལོ་ ༡༩༧༠ ཟླ་ ༡༠ ཚེས་ ༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་ལམ་སྟོན་དང་བྱིན་གྱིས་བརླབས་པའི་ཐོག་དུས་སྐབས་གཞོན་སྐྱེས་ཁག་ཅིག་གིས་འགན་འཁུར་གཙོ་བཞེས་ཀྱིས་གསར་འཛུགས་གནང་བའི་གཞུང་འབྲེལ་མ་ཡིན་པའི་བོད་རང་བཙན་འཐབ་རྩོད་གནང་མཁན་གྱི་སྒྲིག་འཛུགས་རྙིང་གྲས་ཆེ་ཤོས་ཤིག་ཡིན་པ་མ་ཟད། བོད་པའི་གཞོན་སྐྱེས་རྣམས་བོད་དོན་འཐབ་རྩོད་ཐད་འགོ་ཁྲིད་ནུས་པ་སྐྱེ་སྲིང་ཡོང་སླད་རང་ཉིད་ཀྱི་ཤེས་ཡོན་དང་ལྷག་བསམ། རྣམ་དཔྱོད་བཅས་བེད་སྤྱོད་གཏོང་སའི་གལ་ཆེའི་སྡིངས་ཆ་ཞིག་ཀྱང་ཡིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་སྒྲིག་གཞི་ལྡན་པའི་དབུས་སྤྱི་ཁྱབ་སྒྲིག་འཛུགས་ཤིག་ཡིན་པ་མ་ཟད། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ས་གནས་ཡན་ལག་དང་ཚོགས་མི་བཅས་ཡོད་པའི་རང་གཞུང་དབུས་བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནས་ཀྱང་ངོས་ལེན་ཡོད་པའི་སྒྲིག་འཛུགས་ཤིག་ཡིན།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སའི་རྒྱུན་ལས་སྔ་ཕྱི་རིམ་བྱུང་གིས་ད་བར་བོད་བསྟན་སྲིད་མི་རིགས་ཀྱི་འཐབ་རྩོད་སླད་དཀའ་སྤྱད་འབད་བརྩོན་དང་། སྐྱིད་སྡུག་མཉམ་མྱོང་གིས་མི་ལོ་ ༥༤ རིང་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་རྒྱ་དམར་སྲིད་གཞུང་གི་གཞུང་ཚབ་ཁང་ཁག་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཁག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚན་པ་ཁག དེ་བཞིན་རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་སྡེ་ཁག གཞོན་ལྷན་དབུས་སའི་གནས་ཡུལ་གྱི་འབྲེལ་ཡོད་སྲིད་གཞུང་གི་གྲོས་ཚོགས་འཐུས་མི་དང་དཔོན་རིགས་ཁག་བཅས་པར་བོད་དོན་དང་འབྲེལ་བའི་ཞུ་སྙན་འབུལ་གཏུགས་དང་། དེ་བཞིན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་སྐུ་ཚབ་འཐུས་མི་ཁག་རྒྱ་གར་གཙོས་རྒྱལ་ཁབ་ཁག་ནང་འཚམས་གཟིགས་ཕེབས་སྐྱོད་སྐབས་གཞོན་ལྷན་དབུས་ས་ཡོངས་ནས་སྣེ་ལེན་འཚམས་ཞུ་དང་འབྲེལ་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། གཞོན་ལྷན་སྒྲིག་འཛུགས་ཀྱི་ལས་དོན་སྤེལ་ཕྱོགས་སོགས་ངོ་སྤྲོད་གནང་ཐུབ་པ་བྱུང་ཡོད།

ལྷག་པར་ཚོགས་ཆེན་དང་འགན་ལྷན་རིམ་པའི་གྲོས་ཆོད་དགོངས་དོན་དུ་བོད་དོན་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་ཁག་ལ་དགོས་འདུན་དོན་ཚན་དང་བཅས་མ་འཆི་བར་གྱི་ཟས་བཅད་ངོ་རྒོལ་དང་། ཞི་བའི་གོམ་བགྲོད། རྐང་འཁོར་སྐོར་བསྐྱོད། སྦག་སྦག་སྐོར་བསྐྱོད།  སྤྱི་ཚོགས་ཞབས་ཞུ། དུས་དྲན་སྲུང་བརྩི། བོད་དོན་དྲིལ་བསྒྲགས་སོགས་དབུས་ས་གཉིས་ནས་དུས་མཚམས་སོ་སོར་ལས་འགུལ་སྤེལ་བརྩམས་གནང་ཐུབ་པ་བྱུང་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་དྲྭ་ལམ་དང་གསར་འགྱུར་རྒྱུད་ལམ་ཁག་བརྒྱུད་བོད་དོན་དྲིལ་བསྒྲགས་དང་ཁྱབ་བསྒྲགས་ཤུགས་ཆེ་བྱུང་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་བོད་དོན་གནས་བབ་དང་བོད་ནང་གི་ཛ་དྲག་གནས་སྟངས་སོགས་གསལ་རྟོགས་ཡོང་སླད་ཕན་རླབས་ཆེན་པོ་བྱུང་བ་དང་། བོད་དོན་བདེན་པའི་འཐབ་རྩོད་ཐད་རྒྱབ་སྐྱོར་ཐོབ་སླད་ནུས་ཕན་ལྡན་པ་བྱུང་ཡོད། ཡང་སྒོས་དགྲ་བོ་རྒྱ་དམར་སྲིད་གཞུང་ནས་ཀྱང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་མིག་ནང་གི་གྲ་མ་བཞིན་སྡང་ཟུག་ཆེན་པོས་འཇིགས་སྐུལ་རིང་ལུགས་པ་རེད་ཅེས་ཉེས་འཛུགས་ཀྱིས་རྫུན་སྒྲོག་ཀྱང་བྱེད་དགོས་བྱུང་ཡོད། ལྷག་པར་འདི་ལོའི་གཞོན་ལྷན་གྱི་འགན་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དགོངས་དོན་གཞིར་བཟུང་ཐོག་བོད་དོན་ཆབ་སྲིད་ཀྱི་ལས་འགུལ་འདྲ་མིན་སྔར་ལྷག་སྤེལ་རྒྱུ་དང་། དམིགས་བསལ་འདི་ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་དགུང་གྲངས་དགུ་བཅུར་ཕེབས་པའི་གོ་སྟོན་ལ་མ་སྒྲིག་ལྷན་འགྲུབ་ཀྱིས་གཞོན་ལྷན་གྱི་ཚོགས་ཆེན་དང་འགན་ལྷན་རིམ་པར་༸གོང་ས་མཆོག་ནས་བཀའ་སློབ་རིམ་ནན་བསྩལ་ཕེབས་བྱུང་དོན་ལྟར་གཞོན་ལྷན་ནས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་བསོད་ནམས་རྒྱལ་མཚན་མཆོག་ལ་བོད་རང་བཙན་བདེན་དཔང་གི་ལོ་རྒྱུས་ཤིག་འབྲི་རྩོམ་གནང་རྒྱུར་རེ་སྐུལ་ཇི་ཞུས་ལྟར་ཞལ་བཞེས་ཐོབ་ནས་མི་ལོ་དྲུག་ཙམ་རིང་འབྲི་རྩོམ་གནང་བའི་བོད་རང་བཙན་བདེན་དཔང་གི་ལོ་རྒྱུས་དཔེ་དེབ་གཅིག་རིང་མིན་སྤྱི་ཚོགས་ཐོག་འགྲེམས་སྤེལ་འབྱུང་ལ་ཉེ་བ་དང་། དེ་བཞིན་བོད་དོན་འཐབ་རྩོད་དང་འབྲེལ་བའི་གཏམ་བརྗོད་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་འཆར་ཡིན།

རྒྱ་དམར་སྲིད་གཞུང་གིས་བོད་དུ་བཙན་འཛུལ་བྱས་པ་ནས་བཟུང་ད་བར་དངོས་ཤུགས་རྒྱུད་གསུམ་དུ་ལྐོག་གཡོ་ངན་བྱུས་དང་ཐབས་བརྒྱ་ཇུས་སྟོང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འདྲ་མིན་འོག་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་ཕེལ་རྒྱས་ལ་དམ་བསྒྲགས་དང་བཀག་འགོག་བྱེད་པ། བོད་མི་རིགས་ཀྱི་རྩ་ཆེའི་དགོན་སྡེ་དང་གནས་རི་ཁག་རྩ་གཏོར་ཤུལ་མེད་བཟོ་བ། བོད་མིའི་ཆོས་དད་རང་དབང་དང་བོད་བརྒྱུད་ནང་བསྟན་ལ་སློབ་གཉེར་བྱ་རྒྱུར་དམ་བསྒྲགས་ཚོད་འཛིན་བྱེད་པ། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བ། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་དང་བཅས་པར་གཏོར་སྐྱོན་དང་སྦག་གཙོག་སོགས་བོད་ཀྱི་སྣོད་བཅུད་གཉིས་ལ་གཏོར་སྐྱོན་ཚབས་ཆེ་བཟོས་དང་བཟོ་བཞིན་པར་བརྟེན་ད་བར་བོད་མི་རྣམས་འུ་ཐུག་བཟོད་བྲལ་གྱིས་བོད་ཕྱི་ནང་གཉིས་ནས་བོད་མི་གྲངས་ ༡༧༠ ཙམ་གྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་བདེ་སྡུག་ཆེད་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་རང་ལུས་མེར་སྲེག་གནང་དགོས་བྱུང་ཡོད་པ་དང་། དེ་བཞིན་རྒྱ་གཞུང་གིས་བོད་ནང་གི་བོད་ཕྲུག་བྱིས་པ་རྣམས་རང་གི་རིག་གཞུང་། ཡུལ་གོམས་གཤིས་ལུགས། ཡ་རབ་བཟང་སྤྱོད་སོགས་ལ་སློབ་གཉེར་བྱེད་པའི་འཁོར་ཡུག་མེད་པར་བཟོས་ནས་བོད་ཕྲུག་རྣམས་ནར་མ་སོན་གོང་རང་གི་ཕ་མ་དང་ཁ་བྲལ་དུ་བཏང་ནས་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭའི་ནང་བཙན་འཇུག་གིས་དམར་ཤོག་གི་ལྟ་བ་བཙན་ཁྲིད་བྱས་དང་བྱེད་བཞིན་པ་དེ་ལྟར་དང་། མདོར་ན་རྒྱ་གཞུང་གིས་བོད་མི་རིགས་ངོ་བོ་རྩ་མེད་ཤུལ་མེད་དུ་བཟོས་དང་བཟོ་བཞིན་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ངོ་རྒོལ་སྐྱོན་བརྗོད་མཐའ་གཅིག་ཏུ་བྱེད་རྒྱུ་མ་ཟད། མྱུར་དུ་མཚམས་འཇོག་དགོས་པའི་དགོས་འདུན་འདོན་བཞིན་ཡོད། ལྷག་པར་བོད་དོན་བདེན་མཐའ་མ་གསལ་བར་རྒྱ་གར་གཙོས་རྒྱལ་སྤྱིའི་ནང་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་འདྲ་མིན་སྔར་ལྷག་སྤེལ་རྒྱུར་དམ་བཅའ་བརྟན་པོས་དགྲ་བོ་རྒྱ་དམར་སྲིད་གཞུང་ལ་ནམ་ཡང་ཁ་གཏད་གདོང་ལེན་བྱ་རྒྱུ་ཡིན་ཞེས་དབང་འཛིན་པ་ཚོར་ནན་བརྗོད་བྱ་རྒྱུ་ཡིན།

དེང་སྐབས་རྒྱལ་སྤྱིའི་ཐོག་རྒྱ་ནག་དམར་པོའི་སྲིད་གཞུང་གིས་མི་དང་རྒྱུ་དངོས། དེ་བཞིན་དྲྭ་རྒྱའི་རྒྱུད་ལམ་སོགས་བེད་སྤྱད་ཀྱི་རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་སྡེ་ཁག ལྷག་པར་མི་སྣ་སྒེར་གྱི་གསང་བ་སོགས་རྐུ་འཁྱེར་བྱེད་པ། དཔལ་འབྱོར་སྲིད་བྱུས་ཀྱི་གཡོ་ཇུས་ལ་བརྟེན་ནས་མགོ་སྐོར་བསླུ་ཁྲིད་དང་། མི་མང་གི་འཚེ་སྲོག་ལ་གནོད་འཚེ་གཏོང་བ། ཞི་བདེ་དང་རང་དབང་ལྡན་པའི་རྒྱལ་ཁབ་དང་མི་མང་ལའང་ཉེན་ཁ་དང་རྡབ་གསིག་བཟོས་དང་བཟོ་མུས་ཡིན་པས་མང་གཙོ་དང་རང་དབང་ལྡན་པའི་རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་པ་སྒྲིག་འཛུགས་ཁག དེ་བཞིན་མི་མང་བཅས་ནས་རྒྱ་དམར་སྲིད་གཞུང་གི་བྱས་ཉེས་དེ་རིགས་རིམ་བཞིན་དམར་རྗེན་དུ་ཐོན་མུས་ཡིན་པར་བརྟེན་རྒྱ་དམར་སྲིད་གཞུང་ལ་ཡིད་ཆེས་བློ་གཏད་བྱ་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་ཡོད། ལྷག་པར་རྒྱ་ནག་ནང་ཁུལ་དུའང་ཆབ་སྲིད་ཤོག་ཁག་དབར་གྱི་དབང་ཆ་འཐབ་རྩོད་རྣོ་ངར་ཆེ་བའི་ཁར་སྲིད་གཞུང་དང་མི་མང་བར་ཡིད་ཆེས་བརྩི་བཀུར་མེད་པར་རྒྱ་ནག་མི་མང་རྣམས་ནམ་ཡང་སྲིད་གཞུང་གི་དམ་བསྒྲགས་སྲིད་བྱུས་འོག་གནས་ཡོད་པ་དང་། མི་མང་གི་ཆོད་དད་རང་དབང་དང་།  བྱང་ཨ་རིའི་སྲིད་གཞུང་ནས་བོད་དོན་ཁྲིམས་འཆར་གཏན་འབེབ་བྱུང་བ་སོགས་བོད་ཀྱི་བདེན་པའི་གནད་དོན་ཐད་རྒྱབ་སྐྱོར་ངོས་འཛིན་ཇེ་ལེགས་སུ་འགྲོ་བཞིན་ཡོད། གསར་འགྱུར་ཚན་པ་ཁག་ལའང་དམ་བསྒྲགས་སྟངས་འཛིན་ཆེ་བས་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་འཛམ་གླིང་ནང་ཆེས་སྐྱོ་ཤོས་དེ་ཡིན་པ་རེད། དེར་བརྟེན་རྒྱལ་སྤྱིའི་སྲིད་གཞུང་དང་སྤྱི་ཚོགས་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་ངོས་འཛིན་ཆེ་མཐོང་ཇེ་སྡུག་ཇེ་ཞན་དུ་གྱུར་བ་དང་།  ལྷག་པར་རྒྱ་ནག་ནང་ཁུལ་དུའང་མང་གཙོ་དང་རང་དབང་ལ་དགའ་བའི་གཞོན་སྐྱེས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པའི་སྐབས་རྒྱལ་སྤྱི་དང་རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་སྟབས་བསྟུན་གྱིས་རང་རིགས་བོད་མི་རྣམས་ཀྱིས་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་རེ་འདུན་ཡིད་ལ་བཟུང་ཞིང་མཐུན་པའི་ལག་གདང་སྦྲེལ། དམིགས་འབེན་དང་ཁ་ཕྱོགས་མ་ནོར་བར་ཕྱི་དགྲ་བོར་ལྟས་ནས་གོ་སྐབས་དམ་འཛིན་གྱིས་བོད་དོན་བདེན་པའི་འཐབ་རྩོད་ཀྱི་ལས་འགུལ་ལ་ཕྱོགས་ཡོངས་ནས་ནུས་ཤུགས་གཅིག་སྒྲིལ་དགོས་རྒྱུ་ནི་དུས་རབས་ཀྱིས་སྐུལ་བའི་ལས་འགན་དང་། མི་རབས་ལ་འཁྲི་བའི་འགན་འཁྲི་ཉག་ཅིག་ཡིན་པས་ཚང་མས་བོད་སྤྱི་དོན་ལ་དགོངས་པ་ཟབ་བཞེས་ཐོག་སྔར་ལྷག་འབད་བརྩོན་གནང་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད།

དེ་བཞིན་སྤྱིར་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ཆེ་བ་དང་བྱེ་བྲག་ཏུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཆབ་སྲིད་དང་འབྲེལ་བའི་བསམ་ཚུལ་མཐུན་མིན་སོགས་ཀྱི་སྤྱི་ཚོགས་འཁྲུག་ཆ་ཧ་ཅང་ཆེ་བའི་དུས་སྐབས་ཤིག་ཡིན་ནའང་། དེ་དག་ནི་སྤྱིར་མང་གཙོའི་སྤྱི་ཚོགས་ཤིག་གི་ནང་དགོས་ངེས་ཀྱི་རྒྱན་ཆ་ལྟ་བུ་ཞིག་ཡིན་པ་མ་ཟད། རང་དབང་ལོངས་སུ་སྤྱོད་པའི་ཐོབ་ཐང་ཞིག་ཡིན་པ་བརྗོད་མ་དགོས་མོད་ཀྱང་། དེང་སྐབས་རང་རེའི་སྤྱི་ཚོགས་ནང་སྨྲ་བརྗོད་རང་དབང་གི་ཚད་ལས་བརྒལ་ཏེ་རང་གཞུང་དབུས་བོད་མིའི་སྒྲིག་འཛུགས་དང་། བོད་མིའི་བླ་ན་མ་མཆིས་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསམ་ཡུལ་ལས་འདས་པ་དང་བློ་ཡུལ་དུ་གཤོངས་དཀའ་བའི་གཞི་མེད་སྐྱོན་འཛུགས་དང་། ལྷག་པར་གཞན་གྱི་རྒྱུ་དངོས་དང་མགོ་སྐོར་བསླུ་ཁྲིད་འོག་ཏུ་སོང་བའི་གང་ཟག་རེ་ཟུང་གིས་༸རྒྱལ་བའི་སྐུ་ཕྱྭར་ཡང་ཐོ་བརྩམས་ཕོད་པའི་བསམ་ངན་སྦྱོར་རྩུབ་ཅན་དང་། དེའི་གཡས་གཡོན་དུ་ཡོད་པའི་རིགས་མཐུན་སྐུལ་འདེད་པ་དང་བསམ་ཕྱོགས་གཅིག་མཐུན་པ་དག་ལའང་ཁ་གཏད་གདོང་ལེན་བྱེད་སྒོ་གང་འོས་བྱ་རྒྱུ་ཡིན་ཞེས་ནན་བརྗོད་བྱ་རྒྱུ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལ་བརྩི་བཀུར་ཞུ་མཁན་དང་། རང་གཞུང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་ཀྱིས་བོད་དོན་བདེན་པའི་འཐབ་རྩོད་གནང་འདོད་ཀྱི་རེ་འདུན་ཡོད་མཁན་གྱི་བོད་རིགས་རྣལ་མ་ཞིག་ཡིན་ན་མི་ངན་དེ་རིགས་ལ་ཆོས་དང་ཟང་ཟིང་གི་འབྲེལ་བ་མི་བྱེད་པ་དང་། མི་ངན་གྱི་རྒྱབ་ལངས་དང་བྱས་ངན་འགེབས་སྲུང་མ་བྱས་པར་སླད་ཕྱིན་ཡང་དེ་རིགས་ངན་པ་རྒྱ་ཡན་དུ་མི་འགྲོ་བར་དམ་དོན་ཡིད་གཟབ་འབད་བརྩོན་སྔར་ལྷག་གནང་རྒྱུར་འབོད་སྐུལ་དང་དྲན་སྐུལ་ཡང་ཞུ་བཞིན་ཡོད།

དེ་རིང་འདིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༥༤ ཧྲིལ་པོ་འཁོར་བའི་དུས་དྲན་དང་སྟབས་བསྟུན་གྱིས་ཨ་རིའི་སྲིད་གཞུང་ནས་བོད་དོན་ཁྲིམས་འཆར་གཏན་འབེབས་བྱུང་བ་སོགས་བོད་དོན་བདེན་པའི་འཐབ་རྩོད་ལ་རྒྱལ་སྤྱིའི་སྲིད་གཞུང་དང་གྲོས་ཚོགས་འཐུས་མི། དེ་བཞིན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྒེར་ཁག་ནས་ད་བར་དངོས་ཤུགས་རྒྱུད་གསུམ་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྷག་པར་དུ་རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྒེར་ཁག་དང་། རང་རིགས་མི་མང་དང་བཅས་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ལ་ད་བར་དངོས་ཤུགས་རྒྱུད་གསུམ་དང་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་དང་། མཐུན་འགྱུར་རོགས་རམ་གནང་མཁན་ཡོངས་ལ་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་སྦྲགས། སླད་མར་ཡང་ཇི་སྲིད་བོད་རང་བཙན་གྱི་བདེན་མཐའ་མ་བསལ་གྱི་བར་དེ་སྲིད་དུ་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་སྔར་ལྷག་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུ་རྒྱུ་ཡིན།

མཐའ་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེས་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། བོད་རང་དབང་རང་བཙན་གྱི་རྒྱལ་ཁབ་དེ་བཞིན་མགྱོགས་ནས་མྱུར་དུ་སླར་གསོ་ཐུབ་ནས་གཞིས་བྱེས་བོད་མི་ཡོངས་རྫོགས་མཉམ་འཛོམས་ཡོང་བའི་བཀྲིས་སྨོན་འདུན་གྲངས་མེད་ཞུ་རྒྱུ་དང་བཅས།  བོད་རྒྱལ་ལོ། །

 

བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས།

བོད་རྒྱལ་ལོ་ ༢༡༥༡ ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༧ ཉིན།

Document 12

Back To Top