བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བོད་ཀྱི་རྒྱལ་གཅེས་དཔའ་བོའི་ཉིན་མོ་དང་སྟབས་བསྟུན་གྱིས་བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ་ཞེས་པ་ཞིག་ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༢༩ ཉིན་རྒྱ་གར་བྱང་ཤར་ཁུལ་གྱི་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ནས་འགོ་འཛུགས་ཀྱིས་རྒྱ་གར་བྱང་ཤར་བྷེང་གྷལ་ (West Bengal) བརྒྱུད་ཨ་སམ་མངའ་སྡེའི་ཏེཛ་པུར་བར་གཞིས་རྒྱ་ཆེ་བའི་གོམ་བགྲོད་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ཐེངས་འདིའི་གོམ་བགྲོད་ལས་འགུལ་ནང་རྒྱ་བལ་འབྲུག་གསུམ་གྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཁག་ནས་དང་བླངས་གོམ་བགྲོད་ལས་འགུལ་བ་ཁྱོན་ ༨༧ ཡོད་པའི་ཁྲོད་ནས་དགུང་ལོ་མཐོ་ཤོས་ ༧༠ དང་། དགུང་ལོ་ཆུང་ཤོས་ ༢༤ ཅན་བཅས་མཉམ་ཞུགས་གནང་ཡོད་པ་མ་ཟད། ཉིན་ལྟར་དྲག་ཆར་རླུང་འཚུབ་དང་། ཉི་མའི་ཚ་གདུག་འོག་ཞབས་ལ་ཆུ་སྦུར་གྱིས་ན་ཟུག་བཟོད་བྲལ་ཆེ་ཡང་བོད་དོན་འཐབ་རྩོད་སླད་ལྷག་བསམ་དང་སྙིང་སྟོབས། སྤོབས་པ་ཆེན་པོས་མདུན་སྐྱོད་ཀྱིས་སྤྱི་ཟླ་ ༥ ཚེས་ ༢༣ ཉིན་ཏེཛ་པུར་ཏུ་གོམ་བགྲོད་ལས་འགུལ་ལེགས་གྲུབ་ངང་མཇུག་སྒྲིལ་ཞུས།

ད་ལེན་གོམ་བགྲོད་ཀྱི་དམིགས་ཡུལ་གཙོ་བོ་ནི། ཕྱི་ལོ་ ༢༠༢༣ ལོའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་ (G20) ཞེས་པའི་ཚོགས་འདུའི་སྐབས་རྒྱ་གར་སྲིད་བློན་མོ་དྷིར་བོད་དོན་གླེང་སློང་དགོས་པའི་ནན་སྐུལ་དང་། སྟོབས་ཆེན་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པར་ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ལྷན་དུ་བོད་དོན་ཐད་གླེང་སློང་ངེས་པར་དགོས་པའི་འབོད་སྐུལ། དེ་བཞིན་རྒྱ་ནག་གི་དམ་དྲག་སྲིད་བྱུས་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཛ་དྲག་ཐད་གོ་རྟོགས་སྤེལ་རྒྱུ་དང་། རྒྱལ་སྤྱིའི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་རྒྱབ་སྐྱོར་རག་ཐབས། དམིགས་བསལ་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་བཅར་བ་དབུ་ཁྲིད་ཚོར་རྒྱ་དམར་སྲིད་གཞུང་འདི་བཞིན་ཡིད་ཆེས་ཆོག་པའི་རྒྱལ་ཁབ་གཅིག་མིན་པའི་བརྡ་ལེན་གསལ་པོ་སྤྲད་རྒྱུ་བཅས་ཡིན།

དེ་སྔོན་ཨོ་སི་ཀྲོ་ལི་ཡ་ནས་ཡིན་པའི་ཉམས་ཞིབ་པ་དང་ཁོར་ཡུག་སྲུང་སྐྱོབ་པ་སྐུ་ཞབས་གྷེ་བྷེ་རིལ་ལཱ་ཧྥེ་ཊི་ཡིས་གཏམ་བཤད་ཅིག་གི་སྐབས། རྒྱ་ནག་གིས་ལོ་ལྔ་ཅན་གྱི་འཆར་གཞི་གསུམ་སྟེ་ཕྱི་ལོ་ ༢༠༡༥ ནས་ ༢༠༣༠ བར་ལ་བོད་ཤར་ཕྱོགས་ཁུལ་གྱི་གཙང་པོ་མང་པོ་ཞིག་གི་སྟེང་དུ་ཆུ་རགས་རྒྱག་འཆར་ཡོད་པ་དང་། གལ་ཏེ་ལས་འཆར་དེ་དག་ས་གནས་གང་དུ་ལག་ལེན་བསྟར་རྩིས་ཡོད་པ་སྔོན་ཚུད་ནས་ཤེས་ན། ས་གནས་དེ་དག་གི་ཡུལ་མི་སོགས་ལ་ཤུགས་རྐྱེན་ག་རེ་ཡོང་གི་ཡོད་མེད་དང་། ལས་འཆར་དེ་དག་ལ་འགོག་རྒོལ་བྱེད་རྒྱུར་ཕན་ཐོགས་ཡོད་པ་སྐོར་དང་། ཁོང་གིས་ཉམས་ཞིབ་བྱས་པ་བརྒྱུད་རྒྱ་ནག་གིས་བོད་ཀྱི་གཙང་པོ་མང་པོ་ཞིག་དང་དེ་དག་གི་ཆུ་ལག་ཡོང་རྫོགས་སྟེང་ཆུ་རགས་རྒྱག་འཆར་ཡོད་པ་དང་། ལྷག་པར་དུ་བོད་དཀར་མཛེས་དང་རྔ་བ་ཁུལ་གྱི་གཙང་པོ་ཚང་མར་ཆུ་རགས་དང་། ཁུལ་དེར་འཛམ་གླིང་སྟེང་གི་ཆུ་རགས་མཐོ་ཤོས་མི་ཊར་ ༣༡༨ ཅན་ཞིག་རྒྱག་འཆར་ཡོད་པ། དེ་སྔོན་དང་མི་འདྲ་བར་ཆུ་རགས་དེ་ཆུ་མཛོད་ཆེན་པོ་ཞིག་ཏུ་བཟོས་ནས་རྒྱ་ནག་གི་གྲོང་ཁྱེར་ཁག་ལ་གློག་གཏོང་ཐབས་དང་། འབྲི་ཆུ་དེ་རྨ་ཆུ་ཁུལ་ལ་ཤར་གཏོང་བྱས་ནས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་རྣམས་ཀྱི་རྡོ་སོལ་བཟོ་གྲྭར་གཏོང་འཆར་ཡོད་སྐོར་སོགས་བརྗོད་ཡོད་པ་དང་།  དམིགས་བསལ་ཐོག་མ་བོད་ནས་འབབ་ཏེ་དེ་ནས་རིམ་བཞིན་རྒྱ་གར་དང་སྦང་ལ་དྷེ་ཤེ་རྒྱལ་ཁབ་བཅས་ཀྱི་ནང་བབས་ཀྱི་ཡོད་པའི་བོད་ཀྱི་ཆུ་བོ་ཡར་ཀླུང་གཙང་པོ་དེ་བཞིན་རྒྱ་གར་ལ་གལ་གནད་དང་རྒྱ་དམར་སྲིད་གཞུང་ནས་རྒྱུག་ཆུ་ཁ བསྒྱུར་གྱི་ལས་གཞིའི་འོག་ཡར་ཀླུང་གཙང་པོ་དེ་ཡང་ཁ་བསྒྱུར་འཆར་ཡོད་པའི་གནས་ཚུལ་སོགས་རིམ་བཞིན་དོན་གྱི་ཡོད་པར་སོང་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༡ ཉིན་གཞོན་ལྷན་གྱི་བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ་གོ་སྒྲིག་པ་དང་། དྭང་བླངས་ལས་འགུལ་བ་རྣམས་ནས་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་སྟེཛ་པུར་གྱི་ཟམ་ཆེན་ཀོ་ལི་ཡ་བྷོ་མ་རའམ་ཡར་ཀླུང་གཙང་པོའི་ཟམ་ཆེན་ཞེས་པ་རིང་ཚད་སྤྱི་ལེ་ ༤  (4km) ཅན་ཞིག་ཡོད་པའི་ཐོག་ལོ་རྒྱུས་ཀྱི་གལ་ཆེའི་རང་བཞིན་མཚོན་སླད་ (Free Tibet) དང་། (Save Brahmaputra) བཅས་ཀྱི་འབོད་ཚིག་བྲིས་པའི་འཕྲེད་དར་རིང་ཚད་མི་ཊར་  ft 130 དང་། ཞེང་ཚད་ ft20 ཅན་ཞིག་དཔྱང་སྟེ་རྒྱ་དམར་སྲིད་གཞུང་ལ་ངོ་རྒོལ་སྐྱོན་བརྗོད་དང་། གནས་ཡུལ་རྒྱ་གར་གཞུང་ལའང་བོད་ཀྱི་གནད་དོན་དེ་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་བརྡ་ལན་མཚོན་པའི་གཞིས་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་རྒྱུ་བྱུང་ཡོད།

གཞོན་ལྷན་ལས་འགུལ་བ་རྣམས་ཨ་སམ་མངའ་སྡེའི་ཏེཛ་པུར་དུ་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༡ ཉིན་བདེ་འབྱོར་བྱུང་བ་དང་། ཕྱི་ཉིན་ཞོགས་པ་ཕྱག་ཚོད་ ༧།༣༠ ཐོག་མུ་སུ་མི་རར་ཕྱོགས་ཐོན་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་རང་རིགས་སྤུན་ཟླ་མང་པོ་ཞིག་རང་ཡུལ་དང་མ་བྲལ་ཐབས་མེད་ཀྱིས་བཙན་བྱོལ་དུ་ཕེབས་ཏེ་ས་ཁུལ་དེར་བདེ་འབྱོར་བྱུང་ཡང་ཚ་གདུག་དང་ཞལ་ལག་སོགས་འཕྲོས་མིན་གྱི་རྐྱེན་པས་སྤུན་ཟླ་མང་པོའི་ཚེ་སྲོག་ཤོར་ཡོད་སྟབས་གཞོན་ལྷན་ལས་འགུལ་བ་རྣམས་ནས་ཁོང་རྣམས་ཀྱི་དཀའ་སྡུག་དང་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་ལོ་ངོ་ཧྲིལ་པོ་ ༦༠ ཙམ་རྗེས་ནས་སྔོ་སྨོན་མཆོད་འབུལ་ཞུས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༣ ཉིན་ཏེ་རྒྱ་དམར་སྲིད་གཞུང་གི་བཙན་དབང་འོག་ཏུ་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་མིང་རྟགས་བཀོད་ཏུ་བཅུག་པའི་ཉིན་མོར་གོམ་བགྲོད་ལས་འགུལ་གྱི་མཇུག་སྡོམ་མཛད་སྒོ་ཚོགས་ཡོད་པ་དང་སྐབས་དེར་ས་གནས་ས་ཐོག་གི་བོད་དོན་རྒྱབ་སྐྱོར་བ་དང་བསྟན་འཛིན་སྒང་ས་གནས་གཞོན་ལྷན་དང་ས་གནས་བུད་མེད། དེ་བཞིན་ལས་འགུལ་བ་ཚོ་དང་བོད་རིགས་མང་དག་གཅིག་མཉམ་འཛོམས་ཐོག་ད་ལེན་གྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་གྱི་དྭངས་བླངས་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་འཁྱེར་ཕུལ་ཡོད་པ་མ་ཟད། འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ནས་རྒྱབ་སྐྱོར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཡང་ཞུ་རྒྱུ་བྱུང་ཡོད། སྤྱིར་ད་ལེན་གྱི་ལས་འགུལ་སྐབས་གསར་འགྱུར་རྒྱུད་ལམ་ཁག་འདྲ་མིན་ཞིག་ནས་ཐུགས་སྣང་ཆེན་པོས་འབྲེལ་གཏུགས་ཀྱིས་གསར་འགྱུར་རྒྱུད་ལམ་ཁག་འདྲ་མིན་ཞིག་ནང་གོམ་བགྲོད་ཀྱི་དགོས་འདུན་དང་དམིགས་ཡུལ། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་གནས་ཚུལ་ཁག་དྲིལ་བསྒྲགས་དང་ཁྱབ་སྤེལ་ཤུགས་ཆེ་བྱུང་ཐུབ་ཡོད་པ་མ་ཟད། དབྱིན་སྐད་དང་ཧིན་སྐད་ཀྱི་ཡིག་ཆ་ཁག་ཁྲི་ཚོ་མང་པོ་འགྲེམས་སྤེལ་གྱིས་རྒྱ་གར་ནུབ་བྱང་ནས་བྱང་ཤར་ཧི་མ་ལ་ཡའི་ཁུལ་གྱི་བོད་རིགས་གཙོ་བྱས་པའི་ཡུལ་མི་མང་ཚོགས་ལ་གོ་རྟོགས་གང་ལེགས་སྤེལ་ཐུབ་པ་བྱུང་ཡོད།

དེ་བཞིན་ད་ལེན་གྱི་ལས་འགུལ་སྤེལ་ཡུན་རིང་ས་གནས་གཞོན་ལྷན་དང་བུད་མེད། ས་གནས་ཁག་གི་སྤྱི་སྒེར། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག རྒྱ་གར་ཡུལ་མི་བཅས་ནས་དམིགས་བསལ་ལས་འགུལ་བ་རྣམས་ལ་ལམ་བར་ནས་མཇལ་དར་སྒྲོན་འབུལ་དང་བཅས་ཕེབས་བསུའི་སྣེ་ལེན་གང་ལེགས་གནང་བ་མ་ཟད། འཐུང་ཆུ་དང་ཤིང་ཏོག་སོགས་འདེགས་འབུལ་གྱིས་སྣེ་ལེན་དང་ཕེབས་སྐྱེལ་གང་ལེགས་གནང་སོང་བས་ལས་འགུལ་བ་རྣམས་ལ་སེམས་ཤུགས་སྔར་ལྷག་སྤར་ཐུབ་ཡོད་པ་མ་ཟད། བོད་མིའི་རང་དབང་འཐབ་རྩོད་ཀྱི་ཐད་སྤྱི་སྒེར་ཚང་མས་རྒྱབ་སྐྱོར་དང་སེམས་ཁུར་ཡོད་མུས་ཡིན་པའི་བརྡ་ལན་གསལ་པོ་ཞིག་ཀྱང་སྤྲད་ཐུབ་པ་བྱུང་ཡོད། གཞན་ཡང་བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ་དང་འབྲེལ་བའི་ཉིན་རེའི་གནས་ཚུལ་ཁག་གཞོན་ལྷན་གྱི་ངོ་དེབ་སོགས་སྤྱི་ཚོགས་དྲྭ་རྒྱ་ཁག་ནང་བརྙན་པར་ཁག་དུས་ཐོག་ནས་འགྲེམས་འཇོག་བྱས་པར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་ནས་དོ་སྣང་དང་རྒྱབ་སྐྱོར་གྱི་རྣམ་པ་མཚོན་སླད་གཞོན་ལྷན་གྱི་ལས་འགུལ་རྒྱུད་སྐུལ་དང་ཁྱབ་སྤེལ་ཤུགས་ཆེ་བྱུང་ཡོད།

 

དམིགས་བསལ་ད་ལེན་གྱི་བྱང་ཤར་ཁུལ་དུ་བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ་ལེགས་གྲུབ་སྤེལ་མཚམས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེ་གཉིས་ནས་ཨ་རིའི་གཞུང་ཚབ་དང་ཁེ་ན་ཌ་གཞུང་ཚབ་བཅས་ཀྱི་ཆབ་སྲིད་མི་སྣར་ཐུག་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་གསལ་བཤད་དང་གོམ་བགྲོད་ཀྱི་དགོས་འདུན་དང་དམིགས་ཡུལ་སོགས་ཁ་གསལ་འགྲེལ་བརྗོད་ཞུ་རྒྱུ་བྱུང་ཡོད་པ་མ་ཟད། ཁོང་རྣམས་ནས་ཀྱང་ལས་འགུལ་ལ་ཚད་མཐོའི་རྒྱབ་སྐྱོར་གྱིས་སྐུ་ཚབ་དབུ་ཁྲིད་ཚོར་ལས་དོན་སྙན་གསེང་དང་དགོས་འདུན་སོགས་ལ་རྒྱབ་སྐྱོར་རག་ཐབས་གནང་རྒྱའི་ཞལ་བཞེས་བཟང་པོ་ཐོབ་ཡོད།

རྒྱ་གར་ཨེན་ཌི་ཊི་ཝི་ (NDTV) གསར་ཁང་གི་འགན་འཛིན་དང་ཐུག་འཕྲད།

ཕྱི་ལོ་ ༢༠༢༣ ཟླ་ ༤ པའི་ཚེས་ ༢༦ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་མཆོག་དང་།

ལྡི་ལི་བསམ་ཡས་གླིང་ས་གནས་གཞོན་ལྷན་གྱི་ཚོགས་གཙོ་བཀྲ་ཤིས་ཉི་མ། ཀ་ལིང་པོང་ས་གཞོན་བསོད་ནམས་བློ་ལྡན་ལགས་དང་ལྡི་ལིར་གནས་བཞུགས་ཀུན་རྡོར་རིན་པོ་ཆེ་བཅས་རྒྱ་གར་གྱི་གསར་ཁང་ NDTV དབུས་ལས་ཁུངས་སུ་ཆེད་བཅར་གྱིས་ཨེན་ཌི་ཊི་ཝི་གཙོས་པའི་གསར་འགྱུར་བརྒྱུན་ལམ་ཁག་འདྲ་མིན་ཞིག་ནས་བོད་མིའི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ་དང་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་མོ་སྤྱི་ནོར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་སློབ་ཕྲུག་ཞིག་ལ་བྱམས་སྐྱོང་གི་གཟིགས་པ་གནང་བའི་བརྙན་ཐུང་ཞིག་རང་གར་བཅད་གཏུབ་དང་བཟོ་སྒྲིག་གིས་བེད་སྤྱོད་ལོག་པར་བཏང་སྟེ་གང་སར་རྒྱུད་སྤེལ་བྱས་པར་བོད་མི་ཙམ་མ་ཟད་འཛམ་གླིང་སྤྱི་ཡོངས་ཀྱི་དད་ལྡན་མང་ཚོགས་ཀྱི་སེམས་ཁམས་ལ་རྨ་ཁ་ཆེན་པོ་བཟོས་པར་ (NDTV) གསར་ཁང་ནས་དགོངས་སེལ་ཞུ་དགོས་སྐོར་གྱི་དགོས་འདུན་བཏོན་པར་གསར་ཁང་གི་འགན་འཛིན་མཆོག་ནས་མགོན་པོ་མཆོག་ལ་དད་སྐུར་བླ་མེད་ཡོད་ཚུལ་དང་ད་ལེན་གྱི་གནས་ཚུལ་གྱི་རྐྱེན་པས་དད་ལྡན་མང་ཚོགས་ཀྱི་སེམས་ཁམས་ལ་རྨ་ཁ་ཤུགས་ཆེན་བྱུང་བར་གདུང་སེམས་མཉམ་སྐྱེད་ཡོད་ལུགས། དེ་བཞིན་གསར་ཁང་དེ་ཉིད་ནས་བོད་མི་གཙོས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྗེས་འབྲང་པ་ཚོའི་བསམ་ཚུལ་མཚོན་པའི་རྩོམ་ཡིག་དང་གསལ་བཤད་བརྙན་ཐུང་སོགས་འགྲེམས་སྤེལ་ཞུ་རྒྱུ་མ་ཟད། མ་འོངས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བའི་གསར་འགྱུར་དང་གནད་དོན་སོགས་བཀོད་སྐབས་འགན་འཛིན་མོ་རང་ངོས་ནས་ཐུགས་འཁུར་གཙང་བཞེས་ཀྱིས་ཞིབ་དཔྱད་གནང་ཏེ་གནས་ཚུལ་སྤེལ་རྒྱུ་ཡིན་པའི་ཁས་ལེན་ཞུས་གནས་ཡོད། དེ་ལྟར་གསར་ཁང་གི་འགན་འཛིན་ (Sonia Singh Ji) མཆོག་ནས་ཁས་ལེན་བྱུང་དོན་བཞིན་དེ་སྔོན་གྱི་བརྙན་པར་ཁག་གཅིག་ཕྱིར་འཐེན་དང་། དེ་བཞིན་བོད་མི་གཙོས་པའི་དད་ལྡན་མང་ཚོགས་ཀྱི་བསམ་ཚུལ་མཚོན་པའི་རྩོམ་ཡིག་དང་བརྙན་ཐུང་སོགས་ཨེན་ཌི་ཊི་ཝི་ནས་འགྲེམས་སྤེལ་ཞུས་གནང་ཡོད།

ཕ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་ཁག་གཅིག་དང་མཇལ་འཕྲད།

ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༢༢ ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ནས་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་བཞིའི་སྐུ་ཚབ་ཚོ་དང་ལྷན་ཀུན་དགའ་གསོལ་མགྲོན་ཁང་དུ་ཕ་རན་སི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཇེ་ཁེ་ལེན་ཨུ་ས་ཊ་ཆི་བྷི་རི་ནའོ་ (Senator Jacqueline Eustache-Brinio) མཆོག་དང་།

ཕ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཨེལ་སི་ཇོ་སེབ་ (Senator Else Joseph) མཆོག ཕ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨུ་ལི་ཝིར་རིཊ་མན་ (Senator Olivier Rietmann) མཆོག ལས་བྱེད་སྐུ་ཞབས་ཐེ་རེ་མུ་ནིར་ (Thierry Munier) ལགས་བཅས་ལས་གྲུབ་པའི་ཕ་རན་སི་གྲོས་ཚོགས་གོང་མའི་སྐུ་ཚབ་ཚོགས་ཆུང་ཞིག་དང་མཇལ་འཕྲད་ཀྱིས་གཞོན་ལྷན་སྒྲིག་འཛུགས་ངོ་སྤྲོད་དང་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐད་གོ་བསྡུར་སྦྱང་བཤད་གང་ལེགས་ཞུ་རྒྱུ་བྱུང་ཡོད་པ་མ་ཟད། མ་འོངས་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་ནས་ཡོ་རོབ་རྒྱལ་ཁབ་ཁག་ལ་འཚམས་གཟིགས་གནང་དགོས་གལ་དང་། གཞུང་འབྲེལ་འཚམས་གཟིགས་སྐབས་ཁོང་རྣམས་ནས་གྲོས་ཚོགས་འཐུས་མི་གཞན་རྣམས་ལ་ངོ་སྤྲོད་དང་མཇའ་འཕྲད་ཀྱི་དུས་ཚོད་བཟོ་རྒྱུའི་ཞལ་བཞེས་ཡང་བཟང་པོ་ཐོབ་ཏེ་ཚོགས་འདུ་གང་ལེགས་བྱུང་ཡོད།

ཨོ་སྟྲེ་ལི་ཡྰའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་ལྷན་གསོལ་ཚིག་གི་འདུ་འཛོམས།

ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༡༩ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་དང་ཟུང་དྲུང་ཚེ་རིང་ཆོས་འཕེལ་རྣམ་གཉིས་ནས་གཞུང་འབྲེལ་མིན་པའི་ཚོགས་པ་གཞན་ཁག་གཅིག་དང་ལྷན་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་འོག་མའི་ཚོགས་གཞོན་ལྕམ་སྐུ་ཤཱ་རོན་ (Sharon Claydon) མཆོག་དང་།

ཨོསྟྲེ་ལི་ཡཱའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇེ་ནེ་ཊི་ཨེ་ལི་ཛེ་བྷེ་ཐི་ར་ཡི་སི་ (Janet Elizabeth Rice) ལགས། ཨོསྟྲེ་ལི་ཡཱའི་གྲོས་ཚོགས་འོག་མའི་འཐུས་མི་སོ་ཧྥེ་ཨན་ན་ (Sophie Anna Scamps) ལགས། ཨོསྟྲེ་ལི་ཡཱའི་གྲོས་ཚོགས་འོག་མའི་འཐུས་མི་སུ་སན་རེ་ཡེ་ཊམ་པལ་མན་ (Susan Raye Templeman) ལགས་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་དང་མཇལ་འཕྲད་ཀྱིས་དགོང་དྲོའི་གསོལ་ཚིགས་རོལ་ཞོར་སྒྲིག་འཛུགས་ངོ་སྤྲོད་དང་བོད་ཀྱི་གནད་དོན་ཐད་གོ་བསྡུར་སྦྱང་བཤད་ལྷུག་པོ་ཞུ་རྒྱུ་བྱུང་ཡོད།

རྒྱལ་སྤྱིའི་གསར་འགོད་པ་དང་སྤྱི་ཚོགས་དྲྭ་ལམ་ཐོག་སྒེར་པ་ཁག་གཅིག་གིས་གཞི་མེད་སྐྱོན་འཛུགས་ལ་ངོ་རྒོལ་གྱི་ཞི་བའི་གོམ་བགྲོད་ལས་འགུལ།

ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡༧ ཉིན་སྟེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། སྤི་ཏི་ (Spiti) ཀི་ནོར་(Kinnaur) ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་རླང་འཁོར་འབབ་ཚུགས་ནས་རྡ་ཤོད་ཀ་ཅཱ་རི་བར་ཉེ་ཆར་རྒྱ་གར་གཙོ་བྱས་པའི་རྒྱལ་སྤྱིའི་གསར་འགྱུར་རྒྱུད་ལམ་ཆེ་གྲས་དང་། སྤྱི་ཚོགས་དྲྭ་ལམ་གྱི་ཡུ་ཊུབ་པར་ (Youtuber) སྒེར་པ་ཁག་ཅིག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྐྱོན་འཛུགས་ཚབས་ཆེན་བྱས་པར་ངོ་རྒོལ་སྐྱོན་བརྗོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད།

སྐབས་དེར་བཞུགས་སྒར་ཁུལ་གྱི་སློབ་གྲྭ་དང་དགོན་སྡེ་གྲྭ་ཚང་ཁག ཚོགས་པ་སྒྲིག་འཛུགས་ཁག་གི་སྐུ་ཚབ། བཞུགས་སྒར་ཁུལ་གྱི་ཡུལ་མི། བོད་དོན་རྒྱབ་སྐྱོར་བ་ཁག་དང་སྤྱི་ནོར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དད་ལྡན་རྗེས་འབྲང་པ་སྟོང་ཚོ་ཁག་གཅིག་མཉམ་འཛོམས་ཀྱིས་མེག་གྷན་ནས་རྡ་ཤོད་ཀ་ཆེ་རི་བར་གཞི་རྒྱ་ཆེ་བའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་གོ་སྒྲིག་ཞུ་ཐུབ་པ་བྱུང་ཡོད་པ་མ་ཟད། ལས་འགུལ་མཇུག་སྡོམ་གྱི་མཛད་སྒོའི་སྐབས་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨར་ཇིཊ་ནེ་རི་ཡ།

དེ་བཞིན་བཞུགས་སྒར་རྡ་རམ་ས་ལའི་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་སྐུ་ཞབས་ཨོམ་ཀར་མཆོག་དང་ཧི་མ་ལ་ཡ་དང་ཀི་ནོར་སློབ་ཕྲུག་ཚོགས་པའི་སྐུ་ཚབ་གཅིག་བཅས་ནས་གཏམ་བཤད་སྤེལ་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་གི་ཞི་བདེའི་དེད་དཔོན་ཆེན་མོ་ཞིག་དང་། འགྲོ་བ་སྤྱིའི་བདེ་སྡུག་ཞུ་ཡུལ་གྱི་སྐྱེ་བུ་རླབས་ཆེན་ཞིག་ཡིན་པས། ཁོང་ཉིད་ལ་རྒྱལ་སྤྱིའི་གསར་འགྱུར་རྒྱུད་ལམ་ཁག་སུ་འདྲ་ཞིག་ནས་གཞི་མེད་སྐྱོན་བརྗོད་རིགས་ཞུས་ཡོད་ཚེ་དགོངས་གསལ་ཞུ་དགོས་སྐོར་སོགས་ཀྱི་ཐད་གཏམ་བཤད་རིམ་བསྩལ་གྱིས་དུས་མཚམས་ཀྱི་གཞི་རྒྱ་ཆེ་བའི་གོམ་བགྲོད་ལས་འགུལ་ཞིག་སྤེལ་ཐུབ་པ་བྱུང་ཡོད།

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་གྱི་ལས་འགུལ།

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་གྱི་ལས་འགུལ།

བོད་རྒྱལ་ལོ་ ༢༡༥༠ རབ་གནས་ཆུ་ཡོས་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༠ ཡིན་ཞིང་། ཉིན་མོ་འདི་ནི་རྒྱ་དམར་སྲིད་གཞུང་གིས་བོད་སར་དྲག་པོས་བཙན་བཟུང་བྱས་ཏེ་མི་ལོ་ ༦༤ ཧྲིལ་པོ་འཁོར་བའི་ནམ་ཡང་བརྗེད་ཐབས་མེད་པའི་ལོ་རྒྱུས་རང་བཞིན་གྱི་གལ་ཆེའི་ཉིན་མོ་ཞིག་ཆགས་ཡོད་སྟབས་ད་བར་བོད་རྒྱལ་ཁབ་དང་མི་རིགས། སྐད་དང་ཡི་གེ ཆོས་དང་རིག་གཞུང་སོགས་ཀྱི་ཆེད་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་ ཁོང་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས། བློས་གཏོང་། མངོན་འདོད་བཅས་ཡིད་ལ་དྲན་དགོས་པའི་ཉིན་མོ་ཞིག་དང་།

ཕྱི་ལོ་ ༡༩༤༩ ཙམ་ནས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་ངོ་ཚ་ཁྲེལ་མེད་སྒོ་ནས་རང་གི་ཁྱིམ་མཚེས་རྒྱལ་ཁབ་བོད་དུ་དྲན་པོའི་བཙན་འཛུལ་བྱེད་འགོ་བརྩམས་ཡོད་པ་དང་། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཁྱོན་ཡོངས་ལ་དྲག་པོའི་དམག་གིས་བཙན་བཟུང་བྱས་ཏེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱི་སྐུ་ཕྱྭར་ལའང་ལྐོག་གཡོ་ངན་བྱུས་ཀྱིས་མཐོ་བརྩམས་པར་བརྟེན་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་ཆོལ་གསུམ་བོད་མི་སྟོང་ཕྲག་མང་པོས་མ་གྲོས་བསམ་པ་གཅིག་མཐུན་གྱིས་༸རྒྱལ་བའི་སྐུ་ཕྱྭའི་སླད་ནོར་གླིང་ཕོ་བྲང་མཐའ་སྐོར་དུ་རང་སྲོག་འབེན་བཙུགས་ཀྱིས་རྒྱ་དམག་འགོག་སྲུང་དང་བཅས་“༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག ཅེས་པའི་འབོད་ཚིག་འོག་འཚེ་མེད་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱིས་བོད་མིའི་རང་དབང་སྒེར་ལངས་ཐོག་མ་དེ་བྱུང་ཡོད་པ་དང་། རྒྱ་གཞུང་གིས་བོད་མི་རྣམས་ལ་དྲག་གནོན་གྱིས་བོད་མིའི་གནས་སྟངས་ཛ་དྲག་དང་། ཇེ་སྡུག་ཇེ་ཞན་དུ་གྱུར་སྟབས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་འཁོར་དང་བཅས་བོད་མི་རྣམས་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད་པ་མ་ཟད། ད་བར་མི་ལོ་ ༦༤ རིང་གཞིས་བྱེས་བོད་མི་ཡོངས་རྫོགས་དཀའ་སྡུག་ཚད་མེད་མྱངས་དགོས་བྱུང་ཡོད་སྟབས། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་བཞི་སྟེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དདང་བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ནས་སྔར་རྒྱུན་བཞིན་གཞུང་འབྲེལ་གྱི་མཛད་སྒོ་གྲུབ་མཚམས་སུ་མེག་གྷན་ནས་རྡ་ཤོད་ཀ་ཅེ་རི་བར་རྔན་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད། ད་ལན་གྱི་ལས་འགུལ་ནང་སེར་སྐྱབ་ཕོ་མོ་སྔར་ལྷག་མཉམ་ཞུགས་ཀྱིས་རྒྱ་དམར་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཐུབ་པ་བྱུང་ཡོད།

དམིགས་བསལ་ལས་འགུལ་གྱི་དགོས་འདུན་ནང་རྒྱ་གཞུང་གིས་ལོ་ན་ཆུང་བའི་བོད་ཕྲུག་ས་ཡ་གཅིག་ཙམ་རང་ཁྱིམ་ནས་ཁ་བྲལ་དུ་བཏང་ནས་གཏན་འཇགས་སློབ་གྲྭ་ཟུར་འཛུགས་ཀྱིས་རྒྱ་མི་རིགས་ཀྱི་དམར་ཤོག་གི་ལྟ་བ་དང་ཆབ་སྲིད་སློབ་གསོ་བཙན་ཁྲིད་བྱེད་བཞིན་པ། ལྷག་པར་ཏོག་དབྱིབས་རིམས་ནད་ཀྱི་དམ་དྲག་སྲིད་བྱུས་འོག་མི་རིགས་དབྱེ་འབྱེད་ཀྱིས་བོད་མི་རྣམས་ལ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་ཡོད་པ་མ་ཟད། རྒྱ་ནག་ནང་ཁུལ་དུའང་ཏོག་དབྱིབས་ནད་ཡམས་གཙང་སེལ་ཞེས་པའི་དམ་དྲག་སྲིད་བྱུས་འོག་མི་མང་ལ་དཀའ་སྡུག་ཚད་མེད་སྤྲད་པར་བརྟེན་རྒྱ་མི་རིགས་ཀྱང་རང་གི་གཞུང་འཛིན་པ་རྣམས་ལ་འུ་ཐུག་བཟོད་བྲལ་གྱིས་ངོ་རྒོལ་སྐད་འབོད་དང་། སྦྱར་ཡིག་འགྲེམས་སྤེལ་སོགས་རྒྱ་གཞུང་གི་གཡོ་སྒྱུ་ཁྲམ་གསུམ་གྱི་བྱེད་སྟངས་དེ་རིགས་ལ་མི་དགའ་བ་དང་ཡིད་ཆེས་མེད་པའི་རྣམ་འགྱུར་གསལ་བསྟོན་བྱས་ཡོད། དམིགས་བསལ་རྒྱ་དམར་སྲིད་གཞུང་གིས་བོད་ནང་གི་བོད་མི་རྣམས་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་དང་ཚོད་འཛིན་བྱེད་བདེ་ཡོང་སླད་རྒྱལ་སྤྱིའི་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གྱིས་བོད་མིའི་རིག་རྫས་བསྡུ་རུབ་བཙན་གྱིས་བྱེད་བཞིན་པ་དེ་དག་དང་། བོད་མིར་དམ་དྲག་སྲིད་བྱུས་དང་སྡུག་སྦྱོང་མནར་གཅོད་ལོ་རེ་ནས་ལོ་རེར་ཇེ་སྡུག་ཇེ་ཞན་དུ་གཏོང་བཞིན་ཡོད་པ་དེ་དག་ངེས་པར་མཚམས་འཇོག་དགོས་ཞེས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་བཞི་ནས་ངོ་རྒོལ་སྐྱོན་བརྗོད་བྱས་ཡོད། རྡ་ཤོད་ཀ་ཅཱ་རིར་ལས་འགུལ་མཇུག་བསྡོམས་ཀྱི་གཏམ་བཤད་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་མཆོག་ནས་བོད་མི་ཡོངས་ནས་ཆབ་སྲིད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་རྒྱུའི་གལ་གནད་དང་དེ་བཞིན་དགྲ་བོ་རྒྱ་དམར་གྱིས་ཐབས་རྒྱ་བྱུས་སྟོང་གི་སྲིད་བྱུས་འདྲ་མིན་ཞིག་ལག་བསྟར་བྱེད་མུས་ཀྱིས་བོད་མིའི་ཆོག་སྒྲིལ་གཏོར་ཐབས་བྱ་བཞིན་ཡོད་པར་བོད་མི་རྣམས་ནས་ཆིག་སྒྲིལ་གྱིས་འགོག་རྒོལ་བྱེད་དགོས་གལ་སོགས་ཀྱི་ཐད་གལ་གནད་རང་བཞིན་ཅན་གྱི་བཀའ་སློབ་གསུང་བཤད་གནང་ཡོད།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིང་ཀཱང་རྒྱ་གར་དུ་སླེབས་པར་ངོ་རྒོལ་སྐྱོན་བརྗོད་ཀྱི་སྐད་འབོད་ལས་འགུལ།

ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡ ཉིན་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་གསུམ་སྟེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་རྒྱ་གར་སྡེ་ཚན་གྱི་ལས་འགུལ་བ་བཅས་ནས་དགྲ་བོ་རྒྱ་དམར་གཞུང་གི་ཕྱི་སྲིད་བློན་ཆེན་ཆིན་གྷང་ (Qin Gang) རྒྱ་གར་གྱི་རྒྱལ་སར་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ (G20) ཚོགས་འདུར་དམིགས་ཏེ་ཆེད་བཅར་སྐབས་དང་བསྟུན་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་དང་ཟུང་དྲུང་ཚེ་རིང་ཆོས་འཕེལ་ལགས་རྣམ་གཉིས་ནས་སྣེ་ཁྲིད་དང་།

ལྡི་ལི་བསམ་ཡས་གླིང་དང་རོ་ཧི་ནི་ས་གནས་གཞོན་ལྷན་གྱི་ལས་འགུལ་བ་ཁྱོན་གྲངས་ ༢༠ ཙམ་ནས་སྡེ་ཚན་གཉིས་ཙམ་ཆ་བགོས་ཀྱིས་ཕྱི་སྲིད་བློན་ཆེན་སྡོད་གནས་ཀྱི་མགྲོན་ཁང་ (ITC Hotel Taj) ཡི་ཉེ་ཁྲིས་དང་རྒྱ་དམར་གཞུང་ཚབ་མདུན་ཐང་སོགས་སུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཏེ་དགྲ་བོ་རྒྱ་དམར་གཞུང་ནས་བོད་ནང་སྡུག་རྩུབ་ཆེ་བའི་དྲག་གནོན་གྱི་སྲིད་བྱུས་འདྲ་མིན་ཞིག་ལག་སྟར་བྱེད་མུས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་གཙོ་བོར་གྱུར་པའི་བོད་མིའི་ངོ་བོ་ཙམ་ཡང་མེད་པ་བཟོ་རྒྱུའི་ལས་གཞི་རྣམས་མྱུར་དུ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་ཡོད་པ་མ་ཟད། སྟོབས་ཆེན་རྒྱལ་ཁབ་གཞན་རྣམས་ཀྱི་དགྲ་བོ་རྒྱ་དམར་གཞུང་ལ་ཡིད་ཆེས་བློས་ཁེལ་བྱེད་མི་རུང་བའི་བརྡ་ལེན་གསལ་པོ་ཞིག་ཀྱང་སྤྲད་ཐུབ་པ་བྱུང་ཡོད། ཕྱིས་སུ་ལས་འགུལ་བ་རྣམས་རྒྱ་གར་ཉེས་རྟོག་པས་འཛིན་བཟུང་གིས་ (Jafarpur Kalam) ཞེས་པའི་སྐོར་སྲུང་ཁང་དུ་དོ་དམ་བཀག་ཉར་བྱས་ཡོད།

བཞུགས་སྒར་དུ་ལོ་གསར་འདུ་འཛོམས་ཀྱི་དགའ་སྤྲོའི་གླིང་ཁ་གོ་སྒྲིག

བོད་རྒྱལ་ལོ་ ༢༡༥༠ ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༢༡ ཉིན་ནས་བོད་རབ་གནས་ཆུ་ཡོས་ལོའི་གནམ་ལོ་གསར་དུ་བཞད་པའི་ལོ་གསར་ཚེས་གཅིག་འཁེལ་ཡོད་པ་དང་། བོད་ཀྱི་ལོ་གསར་དང་སྟབས་བསྟུན་གྱིས་གཞོན་ལྷན་དབུས་རྒྱུན་ནང་གོ་བསྡུར་གྱིས་བོད་ཀྱི་ཟློས་གར་ཐང་ཆེན་དུ་༼དགའ་སྤྲོའི་གླིང་ཁ།༽ ཞེས་པ་ཞིག་ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༢༣ ཉིན་ཏེ་ལོ་གསར་ཚེས་གསུམ་ཉིན་གོ་སྒྲིག་ཞུ་གཏན་འཁེལ་བ་བཞིན་བོད་ཀྱི་ཟློས་གར་ཚོགས་པའི་དབུ་འཛིན་མཆོག་ནས་ཆོག་མཆན་བཀའ་འཁྲོལ་ཐོབ་པ་དང་། སྤྱི་ཚེས་ ༢༢ ཉིན་ཏེ་ལོ་གསར་ཚེས་གཉིས་ཀྱི་ཉིན་རྒྱབ་དབུས་རྒྱུན་ལས་ལས་བྱེད་གང་ཡོད་མཉམ་འཛོམས་ཀྱིས་བོད་ཀྱི་ཟློས་གར་ཐང་སྟེང་དུ་དགའ་སྤྲོའི་གླིང་ཁའི་གྲ་སྒྲིག་མཐུད་ཚང་ཞུས།

དགའ་སྤྲོའི་གླིང་ཁ་གོ་སྒྲིག་ཞུ་དགོས་དོན་ནི། གཙོ་བོ་བཞུགས་སྒར་རྡ་སའི་ཁུལ་དུ་གནས་བཞུགས་བོད་རིགས་སྤུན་ཟླ་རྣམས་བོད་ཀྱི་ལོ་གསར་ལ་མཉམ་འཛོམས་ཀྱིས་དགའ་དགའ་སྤྲོ་སྤྲོ་ཡོང་སླད་དང་། བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་འབྲེལ་བའི་རྩེད་འཇོར་རོལ་རྒྱུ། དེ་བཞིན་བོད་མི་ནང་ཁུལ་འཆམ་མཐུན་དང་འབྲེལ་ལམ་སྔར་ལས་ཇེ་བཟང་ཡོང་སླད་སོགས་ལ་དམིགས་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། དེ་ཉིན་བོད་ཀྱི་སྲོལ་རྒྱུན་སྒོར་གཞས་དང་རྐྱང་གཞས། དེ་བཞིན་ཤོག་རྩེད། ཏམ་བྷུ་ལ་སོགས་རྩེད་རིགས་ཁག་གོ་སྒྲིག་ཞུས་ཡོད་པར་མི་མང་རྣམས་རང་རང་གི་འདོད་བློ་དང་མཐུན་པའི་གཞས་སྣ་དང་རྩེད་རིགས་ནང་མཉམ་ཞུགས་གནང་རྒྱུ་བྱུང་བར་སྤྲོ་སྣང་དང་དགའ་ཚོར་ཆེན་བྱུང་ཡོད་འདུག དགའ་སྤྲོའི་གླིང་ཁའི་སྐབས་བཞུགས་སྒར་རྡ་སའི་ཁུལ་དུ་གནས་བཞུགས་བོད་རིགས་སྤུན་ཟླ་སྐྱ་སེར་ཕོ་མོ་རྒན་གཞོན་ཁྱོན་གྲངས་ ༡༠༠༠ མ་ཟིན་ཙམ་མཉམ་འཛོམས་ཐོག་ཕྱི་དྲོ་སྒོར་གཞས་དང་དགོང་དྲོ་དེང་དུས་ཞབས་དྲོ་སོགས་གོ་སྒྲིག་ཞུ་ཐུབ་པ་བྱུང་ཡོད། དེ་སྐབས་མི་མང་ནས་ཧ་ཅང་སྤྲོ་སྣང་དང་བཅས་ལོ་ལྟར་འདི་འདྲ་གོ་སྒྲིག་གནང་ཐུབ་ན་ཧ་ཅང་ཡག་པོ་འདུག་ཅེས་བསྔགས་བརྗོད་གནང་མཁན་ཡང་མང་པོ་བྱུང་ཡོད།

འཕགས་བོད་འབྲེལ་མཐུད་ཚོགས་པའི་རྒྱལ་ཡོངས་ཚོགས་འདུར་མཉམ་ཞུགས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་མཆོག་དང་ཟུང་དྲུང་ཚེ་རིང་ཆོས་འཕེལ་ལགས་རྣམ་གཉིས་རྒྱ་གར་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཕྱི་ལོ་ ༢༠༢༣ ཟླ་ ༢ པའི་ཚེས་ ༤ ནས་ ༥ དབར་རྒྱ་གར་གྱི་མངའ་སྡེ་ཨུ་ཏར་པར་དེ་ཤ་ཡི་གྲོང་ཁྱེར་ ( Ghaziabad ) དུ་སྐོང་ཚོགས་ཞུས་པའི་ཉིས་གཉིས་ཀྱི་རྒྱལ་ཡོངས་ཚོགས་འདུའི་ནང་མཉམ་ཞུགས་གནང་ཡོད།

བདུན་ཕྲག་གཅིག་རིང་གི་རྒྱལ་སྤྱིའི་ལས་འགུལ་ནང་གཞོན་ལྷན་མཉམ་ཞུགས།

ཕྱི་ལོ་ ༢༠༢༣ ཟླ་ ༢ པའི་ཚེས་ ༣ ཉིན་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་བཞི་སྟེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་རྒྱ་གར་སྡེ་ཚན་བཅས་ཐུན་མོང་ནས་མེག་གྷན་ཁྲོམ་གཞུང་དུ་གཏམ་བརྗོད་འཁྲབ་སྟོན་གྱི་ལས་འགུལ་ཞིག་སྤེལ་ཏེ་རྒྱལ་སྤྱིའི་ཚོགས་པ་ ༡༢༠ ལྷག་མཉམ་འབྲེལ་གྱིས་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༣༠ ནས་བཟུང་ཟླ་ ༢ པའི་ཚེས་ ༥ བར་སྲུང་བརྩི་ཞུ་བཞིན་ཡོད་པས་བདུན་ཕྲག་གཅིག་རིང་གི་རྒྱལ་སྤྱིའི་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད།

སྐབས་དེར་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ནས་གཙོ་སྐྱོང་དང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་གྱི་འགན་འཛིན་བཅས་ནས་བོད་ཧིན་དབྱིན་གསུམ་གྱི་གསར་འགོད་བསྒྲགས་གཏམ་སྒྲོག་སྦྱང་གནང་སྟེ། ད་ལྟའི་ཆར་རྒྱ་ནག་དམར་ཤོག་སྲིད་གཞུང་ནས་གཞིས་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་མུས་ཐོག་བཙན་དབང་གིས་བོད་མིའི་རིགས་རྫས་བསྡུ་རུབ་བྱེད་མུས་ཀྱིས་བོད་མི་ཚོར་གསང་བའི་ལྟ་སྲུང་གི་ལས་གཞི་རྒྱ་སྐྱེད་དང་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དང་། བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་དང་ཞིབ་བཤེར་དོ་དམ་བཙན་གནོན་བྱས་དང་བྱེད་མུས་ཡིན་པར་མཐའ་གཅིག་ཏུ་ངོ་རྒོལ་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ཨ་རིའི་ (Thermo Fisher) ཚན་རྩལ་ཁེ་གཉེར་ཁང་ནས་རྒྱ་ནག་གཞུང་ལ་བོད་མིའི་རིགས་རྫས་བསྡུ་ལེན་གྱི་ཡོ་ཆས་མཁོ་ཚོང་བྱེད་མུས་ཡིན་པས་དེ་ཡང་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཡང་ཞུས་ཏེ་ལས་འགུལ་ཚགས་ཚུད་བྱུང་ཡོད།

Back To Top