བཞུགས་སྒར་དུ་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི།

བོད་འབངས་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་ ༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༨ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་སྐལ་བཟང་གི་དགའ་སྟོན་ཉིན་མོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་མི་ཡོངས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ལྷ་ཕྱག་གྲངས་མེད་དང་བཅས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་བྱུང་ཡོད།

དེ་ཡང་གཙོ་བོར་དམིགས་བསལ་འདྲ་པར་བཟོ་བཀོད་ཀྱིས་གཞོན་ལྷན་གྱི་སྤྱི་ཚོགས་དྲྭ་རྒྱའི་བརྒྱུད་ལམ་ཁག་ལ་འགྲེམས་སྤེལ་དང་། ཉིན་རྒྱབ་བཞུགས་སྒར་རྡ་སའི་ཁུལ་གྱི་ཚོགས་པ་སྐྱིད་སྡུག་ཁག་གི་ངོས་ནས་ཐེག་ཆེན་ཆོས་གླེང་གཙུག་ལག་ཁང་དུ་འཁྲུངས་སྐར་སྲུང་བརྩིའི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་སྐབས་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་མཆོག་ནས་ལས་རིམ་གཙོ་སྐྱོང་དང་གཞོན་ལྷན་སྤྱི་ཚོགས་དྲྭ་རྒྱའི་ལས་བྱེད་བསྟན་འཛིན་བློ་བཟང་ལགས་ནས་གློག་ཀླད་ཀྱི་རམ་འདེགས་བཅས་ཞུས་ཏེ་ལས་རིམ་གོ་སྒྲིག་འཐུས་ཚང་བྱུང་ཡོད།

ཐའེ་ཝན་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད།

 

ཕྱི་ལོ་ ༢༠༢༣ ཟླ་ ༧ པའི་ཚེས་ ༥ ཉིན་གྱི་ཉིན་རྒྱབ་ཐེ་ཝན་གྲོས་ཚོགས་འཐུས་མི་དང་ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་སུ་ཧན་མཆོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་ལས་ཁུངས་སུ་ཆེད་ཕེབས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་བཞིའི་སྐུ་ཚབ་ཚོར་ཐུག་འཕྲད་གནང་ཡོད་པ་མ་ཟད། ཚོགས་པ་སོ་སོའི་དམིགས་ཡུལ་དང་ངོ་བོ། དེ་བཞིན་བོད་ཀྱི་བདེན་པའི་འཐབ་རྩོད་ཐད་ལས་འགུལ་སྤེལ་ཕྱོགས་དང་། བོད་ཀྱི་གནད་དོན་ནི་བོད་ཙམ་མ་ཡིན་པར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་བདེ་འཇགས་གཙོས་པའི་འཛམ་གླིང་སྤྱིའི་ཞི་བདེ་དང་བརྟན་ལྷིང་སོགས་ལ་གལ་ཆེ་ཡིན་པའི་གནད་དོན་སོགས་ཀྱི་ཐད་གོ་བསྡུར་ལྷུག་པོ་ཞུ་རྒྱུ་བྱུང་ཡོད།

བོད་ཀྱི་རྒྱལ་གཅེས་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་མཆོག་གཞོན་ལྷན་ཡིག་ཚང་དུ་ཆེད་ཕེབས།

ཕྱི་ལོ་ ༢༠༢༣ ཟླ་ ༧ པའི་ཚེས་ ༡ ཉིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྐུ་ཞབས་དོན་གྲུབ་དབང་ཆེན་ལགས་དང་ཁོང་གི་ནང་མི་ལྷན་རྒྱས་གཞོན་ལྷན་དབུས་སྤྱི་ཁྱབ་ཡིག་ཚང་དུ་ཆེད་ཕེབས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་གི་སྐུ་ཚབ་དང་ཐུག་འཕྲད་ཀྱིས་ཁོང་ཉིད་ཀྱི་མྱོང་ཚོར་དང་འཐབ་རྩོད་ནང་ནུས་པ་མཉམ་སྤུངས་དགོས་གལ་སོགས་ཀྱི་ཐད་བསམ་ཚུལ་རྗེ་ལེན་གྱི་ལས་རིམ་ཞིག་གོ་སྒྲིག་མཐུན་འགྱུར་ཞུ་རྒྱུ་བྱུང་ཡོད།

བོད་ཀྱི་རྒྱལ་གཅེས་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་མཆོག་ལ་ཕེབས་བསུར་ཆེད་བཅར།

ཕྱི་ལོ་ ༢༠༢༣ ཟླ་ ༦ པའི་ཚེས་ ༢༩ ཉིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་མཆོག་དང་ཁོང་གི་ནང་མི་ལྷན་རྒྱས་བཞུགས་སྒར་དུ་ཕེབས་འབྱོར་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན། རྡ་ས་ས་གནས་གཞོན་ལྷན་གྱི་ཚོགས་གཙོ་བཅས་ནས་གྷ་གྷལ་གནམ་ཐང་དུ་ཕེབས་བསུར་ཆེད་བཅར་ཞུས།

གཞོན་ལྷན་ཟུང་དྲུང་ལྡི་ལི་བསམ་ཡས་གླིང་ས་གནས་གཞོན་ལྷན་གྱི་དམ་འབུལ་མཛད་སྒོར་ཆེད་བཅར།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཟུང་དྲུང་ཚེ་རིང་ཆོས་འཕེལ་ལགས་ལྡི་ལིར་ཆེད་ཕེབས་ཀྱིས་ལྡི་ལི་བསམ་ཡས་གླིང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གསར་དུ་འདེམས་ཐོན་བྱུང་བའི་རྒྱུན་ལས་དམ་འབུལ་གྱི་གཙོ་སྐྱོང་གནང་ཡོད་པ་དང་། དེ་འབྲེལ་གྱི་གཏམ་བཤད་ཡང་གནང་ཡོད།

ར་ཤ་ཏྲི་ཡྰ་རཀ་ཤ་གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བ་ཁག་གཅིག་དང་ཐུག་འཕྲད།

ཕྱི་ལོ་ ༢༠༢༣ ཟླ་ ༦ པའི་ཚེས་ ༢༡ ཉིན་གྱི་སྔ་དྲོར་རྒྱ་གར་གུ་ཇུ་ར་ཏ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ར་ཤ་ཏྲི་ཡཱ་རཀ་ཤ་གཙུག་ལག་སློབ་གཉེར་ཁང་ (Rashtriya Raksha University) གི་འགན་འཛིན་གཉིས་གཙོས་པའི་སློབ་གཉེར་གནང་མཁན་སློབ་ཕྲུག་ཁག་ཅིག་གཞོན་ལྷན་སྤྱི་ཁྱབ་ཡིག་ཚང་དུ་ཆེད་ཕེབས་གནང་བ་བཞིན་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མཆོག་ནས་སྒྲིག་འཛུགས་ངོ་སྤྲོད་དང་གཞོན་ལྷན་གྱི་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐད་གཏམ་བཤད་དང་གྲོས་བསྡུར་ལྷུག་པོ་བྱུང་ཡོད།

གུ་རུ་ཀུལ་སློབ་ཕྲུག་ཚོར་ཐུག་འཕྲད་ཀྱི་ལས་རིམ།

ཕྱིི་ལོ་ ༢༠༢༣ ཟླ་ ༦ པའི་ཚེས་ ༢༡ གི་ཉིན་རྒྱབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མཆོག་གཙོས་པའི་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ནས་འདི་ལོའི་གུ་རུ་ཀུལ་ལས་རིམ་ཐེངས་ ༢༧ (Gurukul Programme) པའི་ནང་མཉམ་ཞུགས་གནང་མཁན་གྱི་རྒྱ་གར་མཐོ་སློབ་འདྲ་མིན་ནང་སློབ་གཉེར་གནང་མཁན་སློབ་ཕྲུག་རྣམས་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྒྲིག་འཛུགས་ཀྱི་ངོ་བོ་དམིགས་ཡུལ་དང་ལས་དོན་བྱེད་ཕྱོགས། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐད་གཏམ་བཤད་དང་དྲིས་ལན་སོགས་གནང་སྟེ་ལས་རིམ་གང་ལེགས་བྱུང་ཡོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགོ་ཁྲིད་ཟབ་སྦྱོང་ཐེངས་ ༢༠ པའི་ལས་བསྡོམས།

བོད་རྒྱལ་ལོ་ ༢༡༥༠ སྤྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༢༩ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་འགོ་ཁྲིད་ཟབ་སྦྱོང་ཐེངས་ ༢༠ པའི་གསལ་བསྒྲགས་སྔོན་སོང་བཞིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག་ལོ་སྟར་རྒྱ་གར་ནང་མཐོ་སློབ་འགྲིམ་བཞིན་པའི་བོད་ཕྲུག་དང་། ས་གནས་གཞོན་ནུ་ཁག་གི་རྒྱུན་ལས་རྣམས་ཀྱི་ཆེད་འགོ་ཁྲིད་ཟབ་སྦྱོང་རེ་སྤྲོད་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༢༠༢༣ ཟླ་ ༦ པའི་ཚེས་ ༡༢ ནས་ ༡༦  བར་ཉིན་གྲངས་ལྔའི་རིང་བཞུགས་སྒར་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ཞི་བདེའི་ཚོགས་ཁང་དུ་གཞོན་ལྷན་སྤྱི་ཁྱབ་ཚོགས་གཞོན་བཀྲིས་རྟགས་རྒྱས་ལགས་དང་། དྲིལ་འགན་བསྟན་འཛིན་ལྷ་མོ་ལགས་གཉིས་ནས་འགན་འཁུར་གྱིས་གོ་སྒྲིག་ཞུས་ཡོད་པ་དང་། གཞོན་ལྷན་གྱི་འགོ་ཁྲིད་ཟབ་སྦྱོང་ཐེངས་ ༢༠ པ་འདིའི་ནང་མཐོ་སློབ་ཁག་བཅུ་ནས་བོད་ཕྲུག་སློབ་གཉེར་བ་གྲངས་ ༢༧ མཉམ་ཞུགས་གནང་ཐུབ་པ་བྱུང་ཡོད།

འགོ་ཁྲིད་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཟུར་པ་སྐུ་ངོ་ཀརྨ་ཡེ་ཤེས་མཆོག་དང་། དམིགས་བསལ་སྐུ་མགྲོན་གཞོན་ལྷན་གྱི་ཚོགས་ཟུར་དང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཡིག་ཆེན་མོ་སྐུ་ངོ་བློ་བཟང་སྦྱིན་པ་མཆོག། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་ཁག གཞན་ཡང་གཞོན་ལྷན་གྱི་འགོ་ཁྲིད་ཟབ་སྦྱོང་ལ་མཉམ་ཞུགས་གནང་མཁན་མཐོ་རིམ་སློབ་གཉེར་ཁག གསར་འགྱུར་རྒྱུད་ལམ་ཁག་གི་གསར་འགོད་པ་བཅས་མཉམ་ཞུགས་གནང་ཡོད། མཛད་སྒོའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས་གཞོན་ལྷན་གྱི་འགོ་ཁྲིད་ཟབ་སྦྱོང་གི་དགོས་དམིགས་དང་འབྲེལ་ད་བར་གཞོན་ལྷན་ནས་བོད་དོན་འཐབ་རྩོད་དང་སྤྱི་ཚོགས་ཞབས་ཞུ་ཇི་སྒྲུབ་སོགས་ངོ་སྤྲོད་གནང་ཡོད།

དེ་རྗེས་སྐུ་མགྲོན་གཙོ་བོ་བཀུར་འོས་དཔལ་ལྡན་སྐུ་ངོ་ཀརྨ་ཡེ་ཤེས་ལགས་ནས་ཚོགས་བཅར་བ་གཞོན་སྐྱེས་རྣམས་ལ་སྣོད་གསུམ་དཔེ་མཚོན་དུ་བཀོད་ནས་ཟབ་སྦྱོང་ཐོག་ལུས་སེམས་གཉིས་ཀས་མཉམ་ཞུགས་གནང་དགོས་གལ་སོགས་དང་། གཞོན་ལྷན་གྱི་སྒྲིག་འཛུགས་ནི་ཆབ་སྲིད་ཀྱི་སྒྲིག་འཛུགས་ཙམ་མ་ཡིན་པར་བོད་དོན་འཐབ་རྩོད་དང་། སྤྱི་ཚོགས་ཞབས་ཞུ། སློབ་གྲྭ་གསར་འཛུགས། འགོ་ཁྲིད་སྐྱེད་བསྲིང་སོགས་ཀྱི་ཐད་གལ་ཆེའི་རང་བཞིན། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པ་ཙམ་མ་ཡིན་པར་བཀའ་བཞིན་སྒྲུབ་པ་མཆོད་པའི་རྫས་ཞེས་པ་ལྟར་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་རྣམས་སེམས་ལ་བཟུང་ནས་གསན་བསམ་སློབ་གཉེར་གང་ལེགས་གནང་དགོས་གལ། ཉིན་ལྟར་རང་ཉིད་ལ་དྲི་བ་བཏང་ནས་སོ་སོའི་ལས་འགན་དང་། མི་རིགས་ཀྱི་གནས་བབ། མི་རིགས་ཀྱི་ངོ་བོ། མི་རིགས་ཀྱི་འཐབ་རྩོད་སོགས་ཀྱི་ཐད་དགོངས་བཞེས་གནང་དགོས་པའི་གལ་ཆེའི་རང་བཞིན། གཞན་ཡང་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་མཆོག་དཔེ་མཚོན་དུ་དྲངས་ཏེ་མི་རིགས་ཀྱི་དོན་དུ་ལྷག་བསམ་དང་སྙིང་སྟོབས་སོགས་དགོས་གལ། བོད་ཕྲུག་རྣམས་ཀྱིས་ཆང་རག་དང་དུག་རྫས་རིགས་སྤྱོད་མི་རུང་བ་དང་། བོད་མི་གང་ཡོད་པ་དེ་སྤུས་དག་པོ་ཞིག་དགོས་གལ་སོགས་གལ་ཆེའི་བཀའ་སློབ་གསུང་བཤད་གནང་ཡོད།

གཞོན་ལྷན་གྱི་འགོ་ཁྲིད་ཟབ་སྦྱོང་ཉིན་དང་པོའི་ཚོགས་མཐུན་དང་པོ་དབུ་འབྱེད་མཛད་སྒོའི་ཚོགས་མཐུན་ཡོངས་སུ་ལེགས་གྲུབ་བྱུང་རྗེས་ཟབ་སྦྱོང་ཉིན་དང་པོའི་ཚོགས་ཐུན་གཉིས་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས་༼བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ངོ་སྤྲོད།༽ཞེས་པའི་བརྗོད་གཞིའི་ཐོག་ངོ་སྤྲོད་དང་། ཉིན་རྒྱབ་ཚོགས་ཐུན་དང་པོར་བཀའ་ཟུར་ཀརྨ་ཡེ་ཤེས་ལགས་ནས་༼དབུས་བོད་མིའི་སྒྲིག་འཛུགས་དང་མང་གཙོའི་འཕེལ་རིམ།༽ཞེས་པ། ཉིན་རྒྱབ་ཚོགས་ཐུན་གཉིས་པར་གོང་གི་ཚོགས་ཐུན་དང་པོའི་བརྗོད་གཞིར་བགྲོ་གླེང་གྲོས་བསྡུར་གནང་ཡོད། དགོང་དྲོ་ཕྱག་ཚོད་བདུན་པའི་རྗེས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ལྷན་དུ་རང་མོས་གླེང་མོལ་གང་ལེགས་གནང་ཡོད།

འགོ་ཁྲིད་ཟབ་སྦྱོང་ཉིན་གཉིས་པ་ཞོགས་པའི་ཚོགས་ཐུན་དང་པོར་བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ནས་༼ནུས་ལྡན་འགོ་ཁྲིད་སྐྱེད་བསྲིང་ཡོང་ཐབས།༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང་། ཚོགས་ཐུན་གཉིས་པར་ཚོགས་བཅར་བ་རྣམས་ཚོགས་ཐུན་དང་པོའི་བརྗོད་གཞིའི་ཐོག་བགྲོ་གླེང་གྲོས་བསྡུར་གནང་ཡོད། ཉིན་རྒྱབ་ཚོགས་ཐུན་དང་པོར་བོད་དོན་ལས་འགུལ་བསྟི་གནས་ཁང་གི་བསྟན་འཛིན་རྒྱལ་ལགས་དང་། བློ་བཟང་ཚེ་བརྟན་ལགས་གཉིས་ནས་༼འཕྲུལ་རིགས་བདེ་འཇགས་སྐོར།༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང་། ཚོགས་ཐུན་གཉིས་པར་ཚོགས་ཐུན་གོང་གི་བརྗོད་གཞིའི་ཐོག་གྲོས་བསྡུར་སྦྱང་བཤད་གནང་ཡོད། དགོང་མོའི་ཚོགས་ཐུན་དུ་གཞོན་ལྷན་གྱི་དབུས་རྒྱུན་ཟུར་པ་ཁག་གཅིག་དང་ལས་ཐོག་རྒྱུན་ལས་ཁག་གཅིག་དང་ལྷན་བོད་དོན་འཐབ་རྩོད་དང་འབྲེལ་རང་མོས་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་ཡོད།

འགོ་ཁྲིད་ཟབ་སྦྱོང་ཉིན་གསུམ་པ་ཞོགས་པའི་ཚོགས་ཐུན་དང་པོར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བགྲེས་པ་གཙང་ཕྲུག་སྟོབས་ལགས་མཆོག་ནས་བོད་བཙན་པོའི་དུས་སྐབས་ནས་བཟུང་༸རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་ཙམ་གྱི་བར་ ༼བོད་རང་བཙན་ཡིན་པའི་བདེན་དཔང་ལོ་རྒྱུས།༽ཞེས་པའི་བརྗོད་གཞིའི་ཐོག་ཟབ་ཁྲིད་གནང་ཡོད་པ་དང་། ཚོགས་ཐུན་གཉིས་པར་གོང་གི་བརྗོད་གཞིའི་ཐོག་གོ་བསྡུར་སྦྱང་བཤད་གནང་། ཉིན་རྒྱབ་ཚོགས་ཐུན་དང་པོར་བོད་མི་མང་སྤྱི་འཐུས་ཟུར་པ་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་བསོད་ནམས་རྒྱལ་མཚན་ལགས་ནས་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཚུན་ཆོད་ཉེ་རབས་ལོ་རྒྱུས་ནང་༼བོད་རང་བཙན་ཡིན་པའི་བདེན་དཔང་ལོ་རྒྱུས།༽ཞེས་པའི་བརྗོད་གཞིའི་ཐོག་ཟབ་ཁྲིད་གནང་ཡོད། ཚོགས་ཐུན་གཉིས་པར་གོང་གི་བརྗོད་གཞིའི་ཐོག་མུ་མཐུད་ཟབ་ཁྲིད་གནང་གྲུབ་རྗེས་དྲི་བ་དྲིས་ལན་གནང་ཡོད། དགོང་དྲོའི་ཚོགས་ཐུན་སྐབས་ཚོགས་བཅར་བ་རྣམས་ལྷག་དཀར་སྒོར་གཞས་མཉམ་འཁྲབ་ཞུས།

འགོ་ཁྲིད་ཟབ་སྦྱོང་ཉིན་བཞི་པ་ཞོགས་པའི་ཚོགས་ཐུན་དང་པོར་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ནས་༼གཞོན་སྐྱེས་ཀྱི་འགན་འཁུར།༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང་། ཚོགས་ཐུན་གཉིས་པར་ཚོགས་བཅར་བ་རྣམས་སྡེ་ཚན་ཁག་བགོས་ཀྱིས་གོང་གི་བརྗོད་གཞིའི་ཐོག་སྐྱར་དུ་གྲོས་བསྡུར་གནང་། ཉིན་རྒྱབ་ཚོགས་ཐུན་དང་པོར་སྙན་ངག་པ་དང་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ནས་༼ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་ཇུས།༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང་། ཚོགས་ཐུན་གཉིས་པར་ཚོགས་བཅར་བ་རྣམས་སྡེ་ཚན་ཁག་བགོས་ཀྱིས་གོང་གི་བརྗོད་གཞིའི་ཐོག་གོ་བསྡུར་སྦྱང་བཤད་གནང་ཡོད། དགོང་དྲོའི་ཚོགས་ཐུན་སྐབས་ཚོགས་བཅར་བ་རྣམས་སྒྱུ་རྩལ་དང་འཐབ་རྩོད་ཅེས་པའི་བརྗོད་གཞིའི་ཐོག་རང་མོས་ཀྱིས་སྙན་ངག་གྱེར་འདོན། སྐབས་དེར་རྡ་སའི་ཁུལ་ནས་སྒྱུ་རྩལ་བ་དང་སྙན་ངག་པ་ཁག་ཅིག་གདན་ཞུས་གནང་ཡོད།

འགོ་ཁྲིད་ཟབ་སྦྱོང་ཉིན་ལྔ་པ་ཞོགས་པའི་ཚོགས་ཐུན་དང་པོར་འཚེ་མེད་ཞི་བའི་སྦྱོང་བརྡར་བསྟི་གནས་ཁང་ནས་འཚེ་མེད་ཞི་བའི་ལས་འགུལ་དང་འབྲེལ་བའི་སྦྱོང་བརྡར་ཟབ་སྦྱོང་ཞིག་སྤྲད་འདོད་ཀྱི་འབོད་སྐུལ་གནང་བ་བཞིན་ཚོགས་ཐུན་དང་པོ་དེ་བཞིན་གོ་སྐབས་ཕུལ་ཐུབ་པ་བྱུང་བ་དང་། ཚོགས་ཐུན་གཉིས་པ་ནས་བཟུང་ཉིན་རྒྱབ་ཚོགས་ཐུན་གཉིས་པ་བར་གཞོན་ལྷན་གྱི་འགོ་ཁྲིད་ཟབ་སྦྱོང་ཐེངས་ ༢༠ པར་མཉམ་ཞུགས་གནང་མཁན་བོད་པའི་མཐོ་རིམ་སློབ་གཉེར་བ་རྣམས་བཀའ་དྲུང་ཡིག་ཚང་ལ་ཆོག་མཆན་བཀའ་འཁྲོལ་སྔོན་ཞུས་ལྟར་སྡེ་ཚན་གཉིས་ལ་ཁག་བགོས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ལས་ཁུངས་ཁག་དང་། ཤེས་རིག་ལས་ཁུངས། བོད་ཀྱི་འགྲེམས་སྟོན་ཁང་བཅས་པར་ཤེས་ཡོན་སྐོར་བསྐྱོད་གནང་ཡོད་པ་དང་། ཉིན་གུང་ཞལ་ལག་དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གསོལ་ཐབ་ཁང་དུ་ལས་བྱེད་རྣམས་དང་མཉམ་གཅིག་ཏུ་ཞུས། དེ་རྗེས་ཚོགས་བཅར་བ་རྣམས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་དུ་ཆེད་ཏུ་ཕེབས་འབྱོར་གྱིས་གཞོན་ལྷན་སྤྱི་ཁྱབ་ཡིག་ཚང་དུ་ལྟ་སྐོར་གྲུབ་མཚམས། རྡ་སྟེང་བོད་ཁྱིམ་གྱི་ཞི་བདེའི་ཚོགས་ཁང་དུ་ཕྱིར་ལོག་བྱས། དགོང་དྲོའི་ཞལ་ལག་གྲུབ་རྗེས་གཞོན་ལྷན་གྱི་འགོ་ཁྲིད་ཟབ་སྦྱོང་ལེགས་གྲུབ་བྱུང་ནས་མཇུག་བསྡོམས་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀུར་འོས་དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཆེད་ཕེབས་ཀྱིས་ཚོགས་བཅར་བ་རྣམས་ལ་ཕྱག་འཁྱེར་ཕུལ་ཡོད་པ་དང་། དེ་བཞིན་གཞོན་སྐྱེས་ཚོགས་བཅར་བ་རྣམས་ལ་འགོ་ཁྲིད་ཟབ་སྦྱོང་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་གྱི་གསུང་བཤད་ཀྱང་གནང་ཡོད། དེ་རྗེས་གཞོན་ལྷན་གྱི་འགོ་ཁྲིད་ཟབ་སྦྱོང་གི་གོ་སྒྲིག་ཚོགས་ཆུང་ཚོགས་མི་གཞོན་ལྷན་སྤྱི་ཁྱབ་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་ནས་འགོ་ཁྲིད་ཟབ་སྦྱོང་ལ་མཐུན་འགྱུར་རོགས་རམ་གནང་མཁན་དང་། འགོ་ཁྲིད་ཟབ་སྦྱོང་ལ་མཉམ་ཞུགས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་དང་བཅས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགོ་ཁྲིད་ཟབ་སྦྱོང་ཐེངས་ ༢༠ པ་དེ་བཞིན་ལེགས་གྲུབ་བྱུང་ཡོད།

བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བོད་ཀྱི་རྒྱལ་གཅེས་དཔའ་བོའི་ཉིན་མོ་དང་སྟབས་བསྟུན་གྱིས་བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ་ཞེས་པ་ཞིག་ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༢༩ ཉིན་རྒྱ་གར་བྱང་ཤར་ཁུལ་གྱི་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ནས་འགོ་འཛུགས་ཀྱིས་རྒྱ་གར་བྱང་ཤར་བྷེང་གྷལ་ (West Bengal) བརྒྱུད་ཨ་སམ་མངའ་སྡེའི་ཏེཛ་པུར་བར་གཞིས་རྒྱ་ཆེ་བའི་གོམ་བགྲོད་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ཐེངས་འདིའི་གོམ་བགྲོད་ལས་འགུལ་ནང་རྒྱ་བལ་འབྲུག་གསུམ་གྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཁག་ནས་དང་བླངས་གོམ་བགྲོད་ལས་འགུལ་བ་ཁྱོན་ ༨༧ ཡོད་པའི་ཁྲོད་ནས་དགུང་ལོ་མཐོ་ཤོས་ ༧༠ དང་། དགུང་ལོ་ཆུང་ཤོས་ ༢༤ ཅན་བཅས་མཉམ་ཞུགས་གནང་ཡོད་པ་མ་ཟད། ཉིན་ལྟར་དྲག་ཆར་རླུང་འཚུབ་དང་། ཉི་མའི་ཚ་གདུག་འོག་ཞབས་ལ་ཆུ་སྦུར་གྱིས་ན་ཟུག་བཟོད་བྲལ་ཆེ་ཡང་བོད་དོན་འཐབ་རྩོད་སླད་ལྷག་བསམ་དང་སྙིང་སྟོབས། སྤོབས་པ་ཆེན་པོས་མདུན་སྐྱོད་ཀྱིས་སྤྱི་ཟླ་ ༥ ཚེས་ ༢༣ ཉིན་ཏེཛ་པུར་ཏུ་གོམ་བགྲོད་ལས་འགུལ་ལེགས་གྲུབ་ངང་མཇུག་སྒྲིལ་ཞུས།

ད་ལེན་གོམ་བགྲོད་ཀྱི་དམིགས་ཡུལ་གཙོ་བོ་ནི། ཕྱི་ལོ་ ༢༠༢༣ ལོའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་ (G20) ཞེས་པའི་ཚོགས་འདུའི་སྐབས་རྒྱ་གར་སྲིད་བློན་མོ་དྷིར་བོད་དོན་གླེང་སློང་དགོས་པའི་ནན་སྐུལ་དང་། སྟོབས་ཆེན་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པར་ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ལྷན་དུ་བོད་དོན་ཐད་གླེང་སློང་ངེས་པར་དགོས་པའི་འབོད་སྐུལ། དེ་བཞིན་རྒྱ་ནག་གི་དམ་དྲག་སྲིད་བྱུས་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཛ་དྲག་ཐད་གོ་རྟོགས་སྤེལ་རྒྱུ་དང་། རྒྱལ་སྤྱིའི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་རྒྱབ་སྐྱོར་རག་ཐབས། དམིགས་བསལ་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་བཅར་བ་དབུ་ཁྲིད་ཚོར་རྒྱ་དམར་སྲིད་གཞུང་འདི་བཞིན་ཡིད་ཆེས་ཆོག་པའི་རྒྱལ་ཁབ་གཅིག་མིན་པའི་བརྡ་ལེན་གསལ་པོ་སྤྲད་རྒྱུ་བཅས་ཡིན།

དེ་སྔོན་ཨོ་སི་ཀྲོ་ལི་ཡ་ནས་ཡིན་པའི་ཉམས་ཞིབ་པ་དང་ཁོར་ཡུག་སྲུང་སྐྱོབ་པ་སྐུ་ཞབས་གྷེ་བྷེ་རིལ་ལཱ་ཧྥེ་ཊི་ཡིས་གཏམ་བཤད་ཅིག་གི་སྐབས། རྒྱ་ནག་གིས་ལོ་ལྔ་ཅན་གྱི་འཆར་གཞི་གསུམ་སྟེ་ཕྱི་ལོ་ ༢༠༡༥ ནས་ ༢༠༣༠ བར་ལ་བོད་ཤར་ཕྱོགས་ཁུལ་གྱི་གཙང་པོ་མང་པོ་ཞིག་གི་སྟེང་དུ་ཆུ་རགས་རྒྱག་འཆར་ཡོད་པ་དང་། གལ་ཏེ་ལས་འཆར་དེ་དག་ས་གནས་གང་དུ་ལག་ལེན་བསྟར་རྩིས་ཡོད་པ་སྔོན་ཚུད་ནས་ཤེས་ན། ས་གནས་དེ་དག་གི་ཡུལ་མི་སོགས་ལ་ཤུགས་རྐྱེན་ག་རེ་ཡོང་གི་ཡོད་མེད་དང་། ལས་འཆར་དེ་དག་ལ་འགོག་རྒོལ་བྱེད་རྒྱུར་ཕན་ཐོགས་ཡོད་པ་སྐོར་དང་། ཁོང་གིས་ཉམས་ཞིབ་བྱས་པ་བརྒྱུད་རྒྱ་ནག་གིས་བོད་ཀྱི་གཙང་པོ་མང་པོ་ཞིག་དང་དེ་དག་གི་ཆུ་ལག་ཡོང་རྫོགས་སྟེང་ཆུ་རགས་རྒྱག་འཆར་ཡོད་པ་དང་། ལྷག་པར་དུ་བོད་དཀར་མཛེས་དང་རྔ་བ་ཁུལ་གྱི་གཙང་པོ་ཚང་མར་ཆུ་རགས་དང་། ཁུལ་དེར་འཛམ་གླིང་སྟེང་གི་ཆུ་རགས་མཐོ་ཤོས་མི་ཊར་ ༣༡༨ ཅན་ཞིག་རྒྱག་འཆར་ཡོད་པ། དེ་སྔོན་དང་མི་འདྲ་བར་ཆུ་རགས་དེ་ཆུ་མཛོད་ཆེན་པོ་ཞིག་ཏུ་བཟོས་ནས་རྒྱ་ནག་གི་གྲོང་ཁྱེར་ཁག་ལ་གློག་གཏོང་ཐབས་དང་། འབྲི་ཆུ་དེ་རྨ་ཆུ་ཁུལ་ལ་ཤར་གཏོང་བྱས་ནས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་རྣམས་ཀྱི་རྡོ་སོལ་བཟོ་གྲྭར་གཏོང་འཆར་ཡོད་སྐོར་སོགས་བརྗོད་ཡོད་པ་དང་།  དམིགས་བསལ་ཐོག་མ་བོད་ནས་འབབ་ཏེ་དེ་ནས་རིམ་བཞིན་རྒྱ་གར་དང་སྦང་ལ་དྷེ་ཤེ་རྒྱལ་ཁབ་བཅས་ཀྱི་ནང་བབས་ཀྱི་ཡོད་པའི་བོད་ཀྱི་ཆུ་བོ་ཡར་ཀླུང་གཙང་པོ་དེ་བཞིན་རྒྱ་གར་ལ་གལ་གནད་དང་རྒྱ་དམར་སྲིད་གཞུང་ནས་རྒྱུག་ཆུ་ཁ བསྒྱུར་གྱི་ལས་གཞིའི་འོག་ཡར་ཀླུང་གཙང་པོ་དེ་ཡང་ཁ་བསྒྱུར་འཆར་ཡོད་པའི་གནས་ཚུལ་སོགས་རིམ་བཞིན་དོན་གྱི་ཡོད་པར་སོང་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༡ ཉིན་གཞོན་ལྷན་གྱི་བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ་གོ་སྒྲིག་པ་དང་། དྭང་བླངས་ལས་འགུལ་བ་རྣམས་ནས་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་སྟེཛ་པུར་གྱི་ཟམ་ཆེན་ཀོ་ལི་ཡ་བྷོ་མ་རའམ་ཡར་ཀླུང་གཙང་པོའི་ཟམ་ཆེན་ཞེས་པ་རིང་ཚད་སྤྱི་ལེ་ ༤  (4km) ཅན་ཞིག་ཡོད་པའི་ཐོག་ལོ་རྒྱུས་ཀྱི་གལ་ཆེའི་རང་བཞིན་མཚོན་སླད་ (Free Tibet) དང་། (Save Brahmaputra) བཅས་ཀྱི་འབོད་ཚིག་བྲིས་པའི་འཕྲེད་དར་རིང་ཚད་མི་ཊར་  ft 130 དང་། ཞེང་ཚད་ ft20 ཅན་ཞིག་དཔྱང་སྟེ་རྒྱ་དམར་སྲིད་གཞུང་ལ་ངོ་རྒོལ་སྐྱོན་བརྗོད་དང་། གནས་ཡུལ་རྒྱ་གར་གཞུང་ལའང་བོད་ཀྱི་གནད་དོན་དེ་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་བརྡ་ལན་མཚོན་པའི་གཞིས་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་རྒྱུ་བྱུང་ཡོད།

གཞོན་ལྷན་ལས་འགུལ་བ་རྣམས་ཨ་སམ་མངའ་སྡེའི་ཏེཛ་པུར་དུ་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༡ ཉིན་བདེ་འབྱོར་བྱུང་བ་དང་། ཕྱི་ཉིན་ཞོགས་པ་ཕྱག་ཚོད་ ༧།༣༠ ཐོག་མུ་སུ་མི་རར་ཕྱོགས་ཐོན་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་རང་རིགས་སྤུན་ཟླ་མང་པོ་ཞིག་རང་ཡུལ་དང་མ་བྲལ་ཐབས་མེད་ཀྱིས་བཙན་བྱོལ་དུ་ཕེབས་ཏེ་ས་ཁུལ་དེར་བདེ་འབྱོར་བྱུང་ཡང་ཚ་གདུག་དང་ཞལ་ལག་སོགས་འཕྲོས་མིན་གྱི་རྐྱེན་པས་སྤུན་ཟླ་མང་པོའི་ཚེ་སྲོག་ཤོར་ཡོད་སྟབས་གཞོན་ལྷན་ལས་འགུལ་བ་རྣམས་ནས་ཁོང་རྣམས་ཀྱི་དཀའ་སྡུག་དང་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་ལོ་ངོ་ཧྲིལ་པོ་ ༦༠ ཙམ་རྗེས་ནས་སྔོ་སྨོན་མཆོད་འབུལ་ཞུས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༣ ཉིན་ཏེ་རྒྱ་དམར་སྲིད་གཞུང་གི་བཙན་དབང་འོག་ཏུ་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་མིང་རྟགས་བཀོད་ཏུ་བཅུག་པའི་ཉིན་མོར་གོམ་བགྲོད་ལས་འགུལ་གྱི་མཇུག་སྡོམ་མཛད་སྒོ་ཚོགས་ཡོད་པ་དང་སྐབས་དེར་ས་གནས་ས་ཐོག་གི་བོད་དོན་རྒྱབ་སྐྱོར་བ་དང་བསྟན་འཛིན་སྒང་ས་གནས་གཞོན་ལྷན་དང་ས་གནས་བུད་མེད། དེ་བཞིན་ལས་འགུལ་བ་ཚོ་དང་བོད་རིགས་མང་དག་གཅིག་མཉམ་འཛོམས་ཐོག་ད་ལེན་གྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་གྱི་དྭངས་བླངས་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་འཁྱེར་ཕུལ་ཡོད་པ་མ་ཟད། འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ནས་རྒྱབ་སྐྱོར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཡང་ཞུ་རྒྱུ་བྱུང་ཡོད། སྤྱིར་ད་ལེན་གྱི་ལས་འགུལ་སྐབས་གསར་འགྱུར་རྒྱུད་ལམ་ཁག་འདྲ་མིན་ཞིག་ནས་ཐུགས་སྣང་ཆེན་པོས་འབྲེལ་གཏུགས་ཀྱིས་གསར་འགྱུར་རྒྱུད་ལམ་ཁག་འདྲ་མིན་ཞིག་ནང་གོམ་བགྲོད་ཀྱི་དགོས་འདུན་དང་དམིགས་ཡུལ། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་གནས་ཚུལ་ཁག་དྲིལ་བསྒྲགས་དང་ཁྱབ་སྤེལ་ཤུགས་ཆེ་བྱུང་ཐུབ་ཡོད་པ་མ་ཟད། དབྱིན་སྐད་དང་ཧིན་སྐད་ཀྱི་ཡིག་ཆ་ཁག་ཁྲི་ཚོ་མང་པོ་འགྲེམས་སྤེལ་གྱིས་རྒྱ་གར་ནུབ་བྱང་ནས་བྱང་ཤར་ཧི་མ་ལ་ཡའི་ཁུལ་གྱི་བོད་རིགས་གཙོ་བྱས་པའི་ཡུལ་མི་མང་ཚོགས་ལ་གོ་རྟོགས་གང་ལེགས་སྤེལ་ཐུབ་པ་བྱུང་ཡོད།

དེ་བཞིན་ད་ལེན་གྱི་ལས་འགུལ་སྤེལ་ཡུན་རིང་ས་གནས་གཞོན་ལྷན་དང་བུད་མེད། ས་གནས་ཁག་གི་སྤྱི་སྒེར། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག རྒྱ་གར་ཡུལ་མི་བཅས་ནས་དམིགས་བསལ་ལས་འགུལ་བ་རྣམས་ལ་ལམ་བར་ནས་མཇལ་དར་སྒྲོན་འབུལ་དང་བཅས་ཕེབས་བསུའི་སྣེ་ལེན་གང་ལེགས་གནང་བ་མ་ཟད། འཐུང་ཆུ་དང་ཤིང་ཏོག་སོགས་འདེགས་འབུལ་གྱིས་སྣེ་ལེན་དང་ཕེབས་སྐྱེལ་གང་ལེགས་གནང་སོང་བས་ལས་འགུལ་བ་རྣམས་ལ་སེམས་ཤུགས་སྔར་ལྷག་སྤར་ཐུབ་ཡོད་པ་མ་ཟད། བོད་མིའི་རང་དབང་འཐབ་རྩོད་ཀྱི་ཐད་སྤྱི་སྒེར་ཚང་མས་རྒྱབ་སྐྱོར་དང་སེམས་ཁུར་ཡོད་མུས་ཡིན་པའི་བརྡ་ལན་གསལ་པོ་ཞིག་ཀྱང་སྤྲད་ཐུབ་པ་བྱུང་ཡོད། གཞན་ཡང་བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ་དང་འབྲེལ་བའི་ཉིན་རེའི་གནས་ཚུལ་ཁག་གཞོན་ལྷན་གྱི་ངོ་དེབ་སོགས་སྤྱི་ཚོགས་དྲྭ་རྒྱ་ཁག་ནང་བརྙན་པར་ཁག་དུས་ཐོག་ནས་འགྲེམས་འཇོག་བྱས་པར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་ནས་དོ་སྣང་དང་རྒྱབ་སྐྱོར་གྱི་རྣམ་པ་མཚོན་སླད་གཞོན་ལྷན་གྱི་ལས་འགུལ་རྒྱུད་སྐུལ་དང་ཁྱབ་སྤེལ་ཤུགས་ཆེ་བྱུང་ཡོད།

 

དམིགས་བསལ་ད་ལེན་གྱི་བྱང་ཤར་ཁུལ་དུ་བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ་ལེགས་གྲུབ་སྤེལ་མཚམས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེ་གཉིས་ནས་ཨ་རིའི་གཞུང་ཚབ་དང་ཁེ་ན་ཌ་གཞུང་ཚབ་བཅས་ཀྱི་ཆབ་སྲིད་མི་སྣར་ཐུག་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་གསལ་བཤད་དང་གོམ་བགྲོད་ཀྱི་དགོས་འདུན་དང་དམིགས་ཡུལ་སོགས་ཁ་གསལ་འགྲེལ་བརྗོད་ཞུ་རྒྱུ་བྱུང་ཡོད་པ་མ་ཟད། ཁོང་རྣམས་ནས་ཀྱང་ལས་འགུལ་ལ་ཚད་མཐོའི་རྒྱབ་སྐྱོར་གྱིས་སྐུ་ཚབ་དབུ་ཁྲིད་ཚོར་ལས་དོན་སྙན་གསེང་དང་དགོས་འདུན་སོགས་ལ་རྒྱབ་སྐྱོར་རག་ཐབས་གནང་རྒྱའི་ཞལ་བཞེས་བཟང་པོ་ཐོབ་ཡོད།

རྒྱ་གར་ཨེན་ཌི་ཊི་ཝི་ (NDTV) གསར་ཁང་གི་འགན་འཛིན་དང་ཐུག་འཕྲད།

ཕྱི་ལོ་ ༢༠༢༣ ཟླ་ ༤ པའི་ཚེས་ ༢༦ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་མཆོག་དང་།

ལྡི་ལི་བསམ་ཡས་གླིང་ས་གནས་གཞོན་ལྷན་གྱི་ཚོགས་གཙོ་བཀྲ་ཤིས་ཉི་མ། ཀ་ལིང་པོང་ས་གཞོན་བསོད་ནམས་བློ་ལྡན་ལགས་དང་ལྡི་ལིར་གནས་བཞུགས་ཀུན་རྡོར་རིན་པོ་ཆེ་བཅས་རྒྱ་གར་གྱི་གསར་ཁང་ NDTV དབུས་ལས་ཁུངས་སུ་ཆེད་བཅར་གྱིས་ཨེན་ཌི་ཊི་ཝི་གཙོས་པའི་གསར་འགྱུར་བརྒྱུན་ལམ་ཁག་འདྲ་མིན་ཞིག་ནས་བོད་མིའི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ་དང་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་མོ་སྤྱི་ནོར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་སློབ་ཕྲུག་ཞིག་ལ་བྱམས་སྐྱོང་གི་གཟིགས་པ་གནང་བའི་བརྙན་ཐུང་ཞིག་རང་གར་བཅད་གཏུབ་དང་བཟོ་སྒྲིག་གིས་བེད་སྤྱོད་ལོག་པར་བཏང་སྟེ་གང་སར་རྒྱུད་སྤེལ་བྱས་པར་བོད་མི་ཙམ་མ་ཟད་འཛམ་གླིང་སྤྱི་ཡོངས་ཀྱི་དད་ལྡན་མང་ཚོགས་ཀྱི་སེམས་ཁམས་ལ་རྨ་ཁ་ཆེན་པོ་བཟོས་པར་ (NDTV) གསར་ཁང་ནས་དགོངས་སེལ་ཞུ་དགོས་སྐོར་གྱི་དགོས་འདུན་བཏོན་པར་གསར་ཁང་གི་འགན་འཛིན་མཆོག་ནས་མགོན་པོ་མཆོག་ལ་དད་སྐུར་བླ་མེད་ཡོད་ཚུལ་དང་ད་ལེན་གྱི་གནས་ཚུལ་གྱི་རྐྱེན་པས་དད་ལྡན་མང་ཚོགས་ཀྱི་སེམས་ཁམས་ལ་རྨ་ཁ་ཤུགས་ཆེན་བྱུང་བར་གདུང་སེམས་མཉམ་སྐྱེད་ཡོད་ལུགས། དེ་བཞིན་གསར་ཁང་དེ་ཉིད་ནས་བོད་མི་གཙོས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྗེས་འབྲང་པ་ཚོའི་བསམ་ཚུལ་མཚོན་པའི་རྩོམ་ཡིག་དང་གསལ་བཤད་བརྙན་ཐུང་སོགས་འགྲེམས་སྤེལ་ཞུ་རྒྱུ་མ་ཟད། མ་འོངས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བའི་གསར་འགྱུར་དང་གནད་དོན་སོགས་བཀོད་སྐབས་འགན་འཛིན་མོ་རང་ངོས་ནས་ཐུགས་འཁུར་གཙང་བཞེས་ཀྱིས་ཞིབ་དཔྱད་གནང་ཏེ་གནས་ཚུལ་སྤེལ་རྒྱུ་ཡིན་པའི་ཁས་ལེན་ཞུས་གནས་ཡོད། དེ་ལྟར་གསར་ཁང་གི་འགན་འཛིན་ (Sonia Singh Ji) མཆོག་ནས་ཁས་ལེན་བྱུང་དོན་བཞིན་དེ་སྔོན་གྱི་བརྙན་པར་ཁག་གཅིག་ཕྱིར་འཐེན་དང་། དེ་བཞིན་བོད་མི་གཙོས་པའི་དད་ལྡན་མང་ཚོགས་ཀྱི་བསམ་ཚུལ་མཚོན་པའི་རྩོམ་ཡིག་དང་བརྙན་ཐུང་སོགས་ཨེན་ཌི་ཊི་ཝི་ནས་འགྲེམས་སྤེལ་ཞུས་གནང་ཡོད།

Back To Top