
བོད་མིའི་རང་དབང་སྒེར་ལངས་གསུམ་ཅུའི་དུས་དྲན་ཐེངས་ ༦༦ པ་སྲུང་བརྩིའི་ལས་འགུལ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་སྣེ་ཁྲིད་འོག་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པ་དེ་བཞིན་བཞུགས་སྒར་རྡ་ས་དང་ལྡི་ལི། དེ་བཞིན་བྱང་ཤར་ཨ་སམ་མངའ་སྡེའི་གྷོ་ཝ་ཧ་ཊི་སོགས་སུ་ལས་འགུལ་སྤེལ་བའི་ལས་བསྡོམས་སྙཱིང་བསྡུས་སུ།
བཞུགས་སྒར་རྡ་སར་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་བཞི་ནས་ལས་འགུལ་གོ་སྒྲིག་གིས་ཟླ་བ་གཅིག་གི་སྔོན་ཚུད་ནས་ཚོགས་འདུ་རིམ་པར་སྐོང་ཚོགས་ཀྱིས་བོད་དབྱིན་ཧིན་གསུམ་གྱི་བསྒྲགས་གཏམ་གྲ་སྒྲིག་དང་། བཞུགས་སྒར་ཁུལ་གྱི་རི་མོ་སྒྱུ་རྩལ་བ་དང་། དང་བླངས་སོགས་བསྡུ་བསྐོང་གིས་ཉིན་ཕྱེད་གཉིས་རིང་འཕྲེད་དར་དང་གྱང་སྦྱར་སོགས་ཀྱི་འབོད་ཚིག་སོགས་གོ་སྒྲིག་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་དང་བླངས་སྒྲིག་ཆས་སོགས་གསར་བཟོ། གཞན་ཡང་འདི་ལོར་དམིགས་བསལ་གྱིས་མེག་གྷན་ཁྲོམ་གཞུང་དུ་བོད་རྒྱལ་དར་སྒྲེང་འཛུགས་དང་ས་ཚིགས་གང་མང་ཞིག་ལ་འཕྲེད་དར་སྒྲེང་འཛུགས་སོགས་ཀྱི་དུས་དྲན་སྲུང་བརྩིའི་སྔོན་བརྡ་དང་། མི་མང་ནང་ཁུལ་སེམས་ཚོར་དང་ཕྱིའི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་དུས་དྲན་ངོ་སྤྲོད་སོགས་ཡོང་ཐབས་ཀྱི་བྱེད་སྒོ་འདྲ་མིན་ལག་བསྟར་བྱས་རྗེས། གསུམ་བཅུའི་དུས་དྲན་ཉིན་གྱི་གཞུང་འབྲེལ་མཛད་སྒོ་ལེགས་གྲུབ་བྱུང་མཚམས་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་གི་མཛད་གཙོ་ཚོས་སྣེ་ཁྲིད་འོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་རྡ་ས་ཀ་ཅ་རི་བར་ངོ་རྒོལ་སྐད་འབོད་ཀྱི་གོམ་བགྲོད་ལས་འགུལ་སྤེལ་ཡོད། སྐབས་དེར་ལག་བྲིས་འཕྲེད་དར་སོགས་ཀྱི་ཐོག་གསུམ་བཅུའི་དུས་དྲན་བོད་མིའི་རང་དབང་སྒེར་ལངས་ཐེངས་དང་པོའི་འབོད་ཚིག་༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་གཙང་མ་ཡིན། རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག་ཅེས་སོགས་བཀོད་ཏེ་གོམ་བགྲོད་ཀྱི་མགོ་འཇུག་བར་གསུམ་དུ་སྒྲེང་འཛུགས་དང་སྐད་འབོད་སྣེ་ཁྲིད་ལ་དམིགས་ཏེ་གླ་འཁོར་གོ་སྒྲིག་སོགས་འཐུས་ཚང་ཐོག་གོམ་བགྲོད་ལས་འགུལ་སྤེལ་ཡོད། ལས་འགུལ་བ་རྣམས་མཐར་ཀ་ཅ་རིར་འབྱོར་མཚམས་འབོད་ཚིག་མཉམ་བསྒྲགས་དང་བཅས་མཛད་རིམ་དབུ་འཛུགས་དང་། མཛད་རིམ་གྱི་ཐོག་མར་ཧིན་བོད་གཉིས་ཀྱི་རྒྱལ་གླུ་དང་གསུམ་བཅུའི་དྲན་གླུ། མི་མང་ལངས་གླུ་སོགས་མཉམ་གཏོང་དང་། ད་བར་བོད་ཕྱི་ནང་གཉིས་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཞུས་རྗེས་བོད་ཀྱི་མང་གཙོ་ཚོགས་པའི་ཚོགས་གཙོ་མཆོག་གི་གཙོ་སྐྱོང་འོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་མཆོག་ནས་དུས་དྲན་ངོ་སྤྲོད་ཀྱི་གསུང་བཤད་གནང་ཡོད་པ་དང་། དེ་ཡང་གཙོ་བོ་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་མི་ནང་ཁུལ་ཆིག་སྒྲིལ་དགོས་གལ། རང་ཉིད་ཀྱི་བུ་རབས་ཚ་རྒྱུད་ལ་རྒྱལ་ཞེན་གྱི་བསམ་བློ་སྤྲོད་དགོས་གལ་གཙོས་སློབ་གྲྭ་ཁག་ནས་ཀྱང་གཞོན་སྐྱེས་རྣམས་ལ་འཐབ་རྩོད་ཀྱི་བསམ་བློའི་སློབ་གསོ་སྤྲོད་དགོས་གལ་སོགས་ཀྱི་ཐད་གཏམ་བཤད་སྤེལ་ཡོད། དེ་རྗེས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རམ་སོ་རབ་མཆོག་ནས་ཀྱང་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱ་གར་གཙོས་རྒྱལ་སྤྱིའི་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་སྔར་ལྷག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ་དང་ཁོང་རང་ཉིད་ནས་ཀྱང་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མུ་མཐུད་གནང་རྒྱུ་ཡིན་པ་སོགས་ཀྱི་གསུང་བཤད་གནང་རྗེས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་མཆོག་ནས་དབྱིན་ཡིག་བསྒྲགས་གཏམ་སྒྲོག་སྦྱང་གནང་རྗེས་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་གཙོ་མཆོག་ནས་ཧིན་དྷིའི་བསྒྲགས་གཏམ་སྒྲོག་སྦྱང་སོགས་ཞུས་ཏེ་བཞུགས་སྒར་དུ་གཞོན་ལྷན་སྤྱི་ཁྱབ་ཚོགས་གཞོན་དང་དྲིལ་བསྒྲགས་འགན་འཛིན་རྣམ་གཉིས་ཀྱིས་སྣེ་ཁྲིད་འོག་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པའི་དུས་དྲན་སྲུང་བརྩིའི་ལས་རིམ་གང་ལེགས་བྱུང་ཡོད།
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དྲུས་དྲན་སྲུང་བརྩིར་དམིགས་ཏེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ཆེད་བཅར་གྱིས་སྤྱི་ཚེས་ ༨ ཉིན་གྱི་ཉིན་རྒྱབ་ལྡི་ལི་བསམ་ཡས་གླིང་དང་རོ་ཧི་ནི་ས་གནས་གཞོན་ལྷན་གྱི་རྒྱུན་ལས་རྣམས་དང་ལྷན་ཇན་ཏར་མན་ཏར་དུས་དྲན་སྲུང་བརྩི་དང་དགྲ་བོ་རྒྱ་དམར་སྲིད་གཞུང་གི་གཞུང་ཚབ་མདུན་ཐང་དུ་རྒོལ་འཆོངས་གནང་ཕྱོགས་སོགས་ཀྱི་ཐད་ཚོགས་འདུ་དང་དེ་འབྲེལ་དགོས་རིགས་ཀྱི་འཕྲེད་དར་གསར་བཟོ། གཞན་ཡང་ལས་བགོས་ཀྱིས་ཕྱི་ཉིན་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་དང་དྲྭ་རྒྱ་དོ་དམ་པ། བསམ་ཡས་གླིང་གི་ཚོགས་གཙོ་བཅས་ཇན་ཏར་མན་ཏར་ས་ཚིགས་སུ་ཆེད་བཅར་གྱིས་གྲ་སྒྲིག གཞན་ཡང་རོ་ཧི་ནི་བོད་ཁྱིམ་སྡོད་ཁང་དུ་ཆེད་བཅར་གྱིས་གཞུང་ཚབ་མདུན་ཐང་དུ་རྒོལ་འཆོངས་གནང་མཁན་དང་བླངས་ལས་འགུལ་བ་ཚོར་ལས་འགུལ་ངོ་སྤྲོད་དང་སྣེ་ཁྲིད་གནང་མཁན་ཚོར་ས་ཚིགས་ངོ་སྤྲོད་གཙོས་ཉེན་རྟོགས་པའི་ལམ་སེང་འཇུ་བཟུང་གི་ཉེན་ཁ་ལས་གཡོལ་ཐབས་སོགས་ཀྱི་སྦྱོང་བརྡར་སོགས་སྤྲད་ཡོད་པ་མ་ཟད། ལས་འགུལ་བའི་ཁྲོད་ལ་དྭགས་ཡུལ་མི་མང་དག་ཅིག་ཡོད་པར་སོང་བསམ་ཡས་གླིང་ས་གཞོན་ལྷན་ལས་འགུལ་བ་ཨབ་རྒན་ལགས་ནས་ལ་དྭགས་ཡུལ་སྐད་བརྒྱུད་ཐུགས་རྗེ་ཆེ་ཞུ་དང་ལས་འགུལ་གསལ་བཤད་སོགས་གནང་ཏེ་གྲ་སྒྲིག་གི་ལས་དོན་གང་ལེགས་དང་། ཕྱི་ཉིན་ཏེ་ཕྱི་ཟླ་ ༣ པའི་ཚེས་ ༡༠ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༡༠།༥༠ ཐོག་མཐོ་སློབ་ལས་འགུལ་བ་ ༥༠ ཙམ་ནས་དགྲ་བོ་རྒྱ་དམར་སྲིད་གཞུང་གི་གཞུང་ཚབ་མདུན་ཐང་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་རྗེས་རྒྱ་གར་ཉེན་རྟོག་པས་འཇུ་བཟུང་གིས་རྒྱལ་ས་ལྡི་ལིའི་མཐའ་མཚམས་ན་རེ་ལ་ཉེན་རྟོག་ཁང་ནང་ཉིན་གང་བཀག་ཉར་གནང་སྟེ་དགོང་དྲོ་ཆུ་ཚོད་ ༦།༢༠ ཐོག་གློད་བཀྲོལ་བཏང་ཡོད། གློད་བཀྲོལ་བྱུང་རྗེས་སློབ་ཕྲུག་ལས་འགུལ་བ་རྣམས་ལྡི་ལི་བསམ་ཡས་གླིང་དུ་འབྱོར་མཚམས་བསམ་ཡས་གླིང་ས་གནས་གཞོན་ལྷན་དང་ས་གནས་བུད་མེད། གཞན་ཡང་གནས་སྡོད་བོད་མི་རྣམས་ནས་ཡི་རངས་ཀྱིས་དགའ་བསུའི་སྣེ་ལེན་གནང་ཡོད་པ་མ་ཟད། ལས་འགུལ་བ་རྣམས་ལྡི་ལི་བསམ་ཡས་གླིང་ས་གནས་གཞོན་ལྷན་གྱི་གོ་སྒྲིག་ཞུས་པའི་མར་མེའི་ཁྲོམ་སྐོར་ནང་མཉམ་ཞུགས་གནང་ཏེ་ལས་འགུལ་མཇུག་སྒྲིལ་གནང་ཡོད། དེ་ཉིན་ལྡི་ལི་བསམ་ཡས་གླིང་ཉིན་སློབ་ནང་གཞུང་འབྲེལ་མཛད་རིམ་གྲུབ་མཚམས་ས་གནས་གཞོན་ལྷན་ནས་མང་ཚོགས་རྣམ་པར་སྤྱི་སྤྱོད་གླ་འཁོར་གོ་སྒྲིག་གིས་ཇན་ཏར་མན་ཏར་ཕྱོགས་ཐོན་དང་། ཇན་པཊ་ནས་ཇན་ཏར་མན་ཏར་བར་གོམ་བགྲོད་ལས་འགུལ་དང་ཇན་ཏར་མན་ཏར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། སྐབས་དེར་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་དང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་སྐུ་ངོ་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག བདག་ཉིན་ཆེན་པོ་གྷན་དྷིའི་བསྟི་གནས་ཁང་གི་དཔེ་མཛོད་འགན་འཛིན་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ (Ramesh Chadra) མཆོག གཞན་ཡང་འཕགས་བོད་མཛའ་འབྲེལ་ཚོགས་པའི་ལྡི་ལི་ས་གནས་ཚོགས་གཙོ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་ཞུས་པའི་ ༡༩༩༨ ལོར་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་རྒྱལ་གཅེས་པ་སྐུ་ཞབས་ཟླ་བ་ཚེ་རིང་ལགས་བཅས་ནས་གཏམ་བཤད་རིམ་པར་སྤེལ་ཏེ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་གང་ལེགས་བྱུང་ཡོད།
འདི་ལོར་བྱང་ཤར་ས་གནས་གཞོན་ལྷན་ཁག་གི་གོ་སྒྲིག་འོག་མི་མང་ལྔ་བརྒྱ་ལྷག་རྒྱ་གར་གྱི་ཨ་སམ་མངའ་སྡེའི་གྲོང་ཁྱེར་གྷོ་ཝ་ཧ་ཊིར་མཉམ་འཛོམས་ཐོག་ངོ་རྒོལ་སྐད་འབོད་དང་གོམ་བགྲོད་ཀྱི་ལས་འགུལ་གོ་སྒྲིག་ཞུས་པ་ཡོད་པ་དང་། དུས་དྲན་གྱི་མཛད་སྒོ་དེ་བཞིན་ས་གནས་ཤིར་གྷམ་གྱི་མངའ་སྡེའི་ཚོགས་ཁང་དུ་སྐོང་ཚོགས་གནང་ཡོད། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་སྒྲིག་འཛུགས་འགན་འཛིན་ཡེ་ཤེས་ཆོས་འཕེལ་མཆོག་ཆེད་བཅར་གྱིས་གསུམ་བཅུའི་དུས་དྲན་གྱི་བསྒྲགས་གཏམ་སྒྲོག་སྦྱང་དང་གཏམ་བཤད་སོགས་སྤེལ་ཡོད་པ་མ་ཟད། ངོ་རྒོལ་སྐད་འབོད་དང་གོམ་བགྲོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་ཡོད། སྒང་ཏོག་ས་གནས་གཞོན་ལྷན་གྱི་ཚོགས་གཙོ་དང་བྱང་ཤར་ས་གནས་གཞོན་ལྷན་ཁག་གི་ཚོགས་གཙོ་ཚེ་སྤེལ་ལགས་གཙོས་ལས་འགུལ་བ་གྲངས་ ༥༠ ལྷག་ནས་མངའ་སྡེའི་གྲོས་ཚོགས་ཀྱི་ཉེ་ཁྲིས་སུ་བོད་དོན་གོ་རྟོགས་ལ་དམིགས་ཏེ་འབོད་ཚིག་སོགས་བསྒྲགས་ཏེ་ལས་འགུལ་སྤེལ་སྐབས་མངའ་སྡེའི་ཉེན་རྟོག་པས་འཇུ་བཟུང་གིས་ཆུ་ཚོད་དྲུག་ལྷག་བཀག་ཉར་བྱས་མཚམས་གློད་བཀྲོལ་གྱིས་ལས་འགུལ་གང་ལེགས་བྱུང་ཡོད།