མང་གཙོ་ཡར་སྐུལ་ཚོགས་པའི་ལས་འཆར་འགན་འཛིན་དང་ཐུག་འཕྲད།

ཨ་རིའི་རྒྱ་སར་རྟེན་གཞི་བྱས་པའི་ (National Endowment for Democracy) རྒྱལ་ནང་མང་གཙོ་ཡར་སྐུལ་ཚོགས་པའི་ལས་འཆར་འགན་འཛིན་པདྨ་ཏུ་ལོ་ཚང་ལགས་ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༢ ཉིན་གྱི་སྔ་དྲོ་གཞོན་ལྷན་སྤྱི་ཁྱབ་ཡིག་ཚང་དུ་ཆེད་ཕེབས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་རྣམས་དང་ཐུག་འཕྲད་གནང་ཡོད་པ་དང་།

སྐབས་དེར་གཞོན་ལྷན་གྱི་ལས་འགུལ་སྤེལ་ཕྱོགས་དང་། མ་འོངས་པའི་ལས་འཆར་སོགས་ཀྱི་ཐད་ཕྱག་ཚོད་གཅིག་ཙམ་རིང་གོ་བསྡུར་སྦྱང་བཤད་གང་ལེགས་གནང་རྒྱུ་བྱུང་ཡོད་པ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགོ་ཁྲིད་ཟབ་སྦྱོང་གཙོས་པའི་མང་གཙོའི་གོ་རྟོགས་གོང་སྤེལ་གྱི་ལས་གཞིས་རིགས་ལ་མ་འོངས་པར་མཐུན་འགྱུར་རམ་འདེགས་གནང་རྒྱུའི་ཞལ་བཞེས་ཡང་ཐོབ་ཡོད།

འཕགས་བོད་འབྲེལ་མཐུད་ཚོགས་པའི་རྟ་དབང་གནས་སྐོར་གྱི་བོད་དོན་ལས་འགུལ་ནང་མཉམ་ཞུགས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་མཆོག་དང་དྲུང་ཆེ་བསོད་ནམས་ཚེ་རིང་རྣམ་གཉིས་ནས་ཧིན་བོད་མཛའ་འབྲེལ་ཚོགས་པས་གོ་སྒྲིག་ཞུས་པའི་ Tawang Yatra ཐེངས་བཅུ་གཅིག་པར་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༨ ནས་ ༢༢ བར་གྱི་ལས་འགུལ་ནང་མཉམ་ཞུགས་ཀྱིས། རྒྱ་གར་གྱི་མངའ་སྡེ་འདྲ་མིན་ནས་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༣༠༠ ལྷག་དང་ལྷན་རྒྱ་གར་བྱང་ཤར་མངའ་སྡེ་ཨ་སམ་ནས་རྟ་དབང་བར་ཉིན་བཞིའི་རིང་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་ཡོད།

དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༨ ཉིན་གྱི་སྔ་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཐོན་ཏེ་ཉིན་རྒྱབ་རྒྱ་གར་བྱང་ཤར་ཁུལ་ཨ་སམ་མངའ་སྡེའི་གྲོང་ཁྱེར་གྷུ་ཝ་ཧ་ཊི་ནང་འབྱོར། དེ་ཉིན་ཕྱི་དྲོ་འཕགས་བོད་འབྲེལ་མཐུད་ཚོགས་པའི་ས་གནས་འཕགས་བོད་འབྲེལ་མཐུད་ཚོགས་པའི་གྲོ་སྒྲིག་འོག་ལས་འགུལ་བ་རྣམས་ལ་ཕེབས་བསུའི་སྣེ་ལེན་དང་ལས་འགུལ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་གནང་ཡོད། སྐབས་དེའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་འཕགས་བོད་འབྲེལ་མཐུད་ཚོགས་པ་ཐོག་མ་གསར་འཛུགས་གནང་མཁན་དང་། རྒྱ་གར་ (RSS) ཚོགས་པའི་ཚོགས་མི་རྒན་གྲས་ཡིན་པ་སྐུ་ཞབས་(Shiri Indresh Kumar) མཆོག་དང་། རྒྱ་གར་དྷེ་ར་དྷུན་ཧ་རི་དྷེ་ཝར་གྱི་ཆོས་དཔོན་ (Maha Mangleswar – Swami Yatinand) མཆོག འཕགས་བོད་འབྲེལ་མཐུད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ (Shri Pakaj Goyal) མཆོག དེ་བཞིན་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་སྐུ་ངོ་ཚེ་རིང་སྒྲོལ་མ་མཆོག གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་དང་དྲུང་ཆེ། བསྟན་འཛིན་སྒང་ས་གནས་གཞིས་འགོ་བསྟན་འཛིན་རིན་ཆེན་མཆོག གཞང་ཡང་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་གནད་ཡོད་མི་སྣ་མང་དག་ཞིག་ཆེད་ཕེབས་གནང་ཡོད།

སྐབས་དེར་སྐུ་མགྲོན་གཙོ་བོ་མཆོག་ནས་ལས་འགུལ་གྱི་དམིགས་ཡུལ་དང་ཕན་ནུས་སོགས་ཀྱི་ཐད་གསུང་བཤད་གནང་ཡོད་པ་མ་ཟད། འཕགས་བོད་འབྲེལ་མཐུད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་མཆོག་ནས་ཀྱང་ལས་འགུལ་གྱི་ངོ་བོ་དང་དམིགས་ཡུལ་སོགས་གསལ་བཤད་དང་། ལས་འགུལ་བ་ཡོངས་ནས་དུས་ཚོད་ཆེད་བཏོན་གྱིས་ལས་འགུལ་ནང་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་སྦྲགས། ལས་འགུལ་བ་ཡོངས་ནས་ལས་འགུལ་གྱི་ཐོག་མཐའ་བར་གསུམ་དུ་ཕྱར་གྲུ་མཉམ་འདེགས་གནང་སྐྱོང་ཡོང་བའི་རེ་སྐུལ་ཡང་ཞུས་གནང་ཡོད། གཞན་ཡང་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་སྐུ་ངོ་ཚེ་རིང་སྒྲོལ་མ་མཆོག་ནས་ཀྱང་ཧིན་སྐད་ནང་གཏམ་བཤད་སྤེལ་གནང་ཏེ། ལས་འགུལ་ནང་མཉམ་ཞུགས་གནང་མཁན་གྱི་བོད་དོན་རྒྱབ་སྐྱོར་བ་ཡོངས་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་མུ་མཐུད་གནང་དང་གནང་མུས་ཡིན་པར་ཡི་རངས་སྔགས་བརྗོད་དང་བཀའ་དྲིན་ཆེ་ཞེས་ཞུས་ཡོད་པ་མ་ཟད། བོད་དང་བོད་མིར་རྒྱ་གར་གཞུང་དམངས་གཉིས་བཀའ་དྲིན་ཆེ་ཚུལ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས། དེ་བཞིན་རྒྱ་གར་གྱི་མཐའ་མཚམས་བརྟན་ལྷིང་དང་ཨེ་ཤེ་ཡའི་བདེ་འཇགས་སོགས་ལ་བོད་ཀྱི་གནད་དོན་གལ་གནད་སོགས་ཀྱི་ཐད་གཏམ་བཤད་སྤེལ་གནང་ཡོད་པ་མ་ཟད། རྒྱ་གར་གཞུང་དམངས་གཉིས་ནས་མུ་མཐུད་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་། དམིགས་བསལ་རྒྱལ་སྤྱིའི་ཚོགས་འདུ་ཁག་གི་ནང་བོད་དོན་གླེང་སློང་གནང་སྐྱོང་ཡོང་བའི་རེ་སྐུལ་ཡང་ཞུས་གནང་ཡོད། མཛད་སྒོའི་ཐོག་གོ་སྒྲིག་ཚོགས་ཆུང་ངོས་ནས་དམིགས་བསལ་སྐུ་མགྲོན་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་སོགས་འབུལ་བཞེས་ཀྱིས་ཉིན་དེའི་མཛད་སྒོ་ལེགས་གྲུབ་བྱུང་ཡོད།

ཕྱི་ཉིན་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༩ ཉིན་གྱི་སྔ་དྲོར་སྐུ་མགྲོན་གཙོ་བོ་སྐུ་ཞབས་ (Shri Indresh Kumar) མཆོག འཕགས་བོད་འབྲེལ་མཐུད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་སྐུ་ངོ་ཚེ་རིང་སྒྲོལ་མ་མཆོག གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་བཅས་ནས་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་གྲོང་ཁྱེར་གྷུ་ཝ་ཧ་ཊི་ནས་རྟ་དབང་བོད་དོན་གོ་རྟོགས་ལས་འགུལ་དངོས་སུ་དབུ་འབྱེད་གནང་ཡོད་པ་དང་། བར་དུ་ཨ་སམ་གྲོང་ཁྱེར་ས་གནས་གྲོས་ཚོགས་འཐུས་མིས་སྣེ་ལེན་གཟབ་རྒྱས་དང་བཅས་རིགས་གཞུང་འཁྲབ་སྟོན། ཞལ་ལག་འདེགས་འབུལ། གཏམ་བཤད་ཀྱི་མཛད་སྒོ་སོགས་གོ་སྒྲིག་འཐུས་གཙང་གནང་། ཉིན་རྒྱབ་ཨ་རུ་ན་ཅལ་མངའ་སྡེའི་ས་གནས་གྲོས་ཚོགས་འཐུས་མིས་དབུས་པའི་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་མི་ཁག་བཅས་ནས་འབྲུག་དང་། ཨ་སམ་མངའ་སྡེ། ཨ་རུ་ན་ཅལ་བཅས་ཀྱི་ས་མཚམས་ནས་སྣེ་ལེན་དང་། ཕྱི་དྲོ་བསྟན་འཛིན་སྒང་ས་གནས་འགོ་འཛིན་དབུས་པའི་རང་རིགས་ཚོགས་སྡེ་ཁག་གི་སྐུ་འཚབ་བཅས་ནས་ལས་འགུལ་བ་རྣམས་བསྟན་འཛིན་སྒང་བརྒྱུད་སྟོད་དགོན་དུ་གདན་ཞུས་ཀྱིས་སྣེ་ལེན་གཟབ་རྒྱས་གནང་། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༠ ཉིན་འཕགས་བོད་འབྲེལ་མཐུད་ཚོགས་པས་གོ་སྒྲིག་ཞུས་པའི་རྟ་དབང་གནས་སྐོར་དང་བོད་དོན་གོ་རྟོགས་ཀྱི་ལས་འགུལ་ (Tawang Tirth Yatra) ཞེས་པའི་བོད་དོན་གོ་རྟོགས་ལས་འགུལ་གྱི་ཉིན་གཉིས་པར་ལས་འགུལ་བ་རྣམས་འབུམ་སྡེ་ལ་ནས་ཕྱོགས་ཐོན་གནང་སྟེ་ལྡི་རང་དགོན་དང་སི་ལ་སོགས་སུ་འབྱོར་མཚམས། མངའ་སྡེའི་གནད་ཡོད་མི་སྣ་ཁག་གཅིག་ནས་སྣེ་ལེན་གཟབ་རྒྱས་ཞུས་ཏེ་དགོང་དྲོ་རྟ་དབང་དུ་འབྱོར།

ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༡ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༤། ༣༠ ཐོག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་དང་དྲུང་ཆེ། འཕགས་བོད་འབྲེལ་མཐུད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ། རྒྱ་གར་དྷེ་ར་དྷུན་ཧ་རི་དྷེ་ཝར་གྱི་ཆོས་དཔོན་ (Maha Mangleswar – Swami Yatinand) སོགས་ཧིན་བོད་གཉིས་ཀྱི་ས་མཚམས་སུ་ཆེད་བཅར་ཞུས་པ་དང་སྐབས་དེར་རྒྱ་གར་གྱི་མཐའ་སྲུང་དམག་དཔོན་དབུས་པའི་དཔོན་རིགས་རྣམས་ནས་ཞོགས་ཟས་སོགས་འདེགས་འབུལ་གྱིས་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་མ་ཟད། ལོ་རྒྱུས་ཐོག་བོད་དང་རྒྱ་གར་བར་ས་འབྲེལ་ཡིན་པ་ལས་རྒྱ་ནག་དང་འབྲེལ་བ་མེད་ཚུལ། རྒྱ་གར་གྱི་བདེ་འཇགས་དང་ས་མཚམས་བརྟན་ལྷིང་ཡོང་རྒྱུར་བོད་ཀྱི་བདེན་མཐའ་སེལ་རྒྱུའི་གལ་གནད། མ་འོངས་པར་བོད་རང་བཙན་གྱི་བདེན་མཐའ་སེལ་མཚམས་ཧིན་བོད་གཉིས་ཀྱི་ས་མཚམས་དེ་བཞིན་ཞི་བདེ་རང་བཞིན་ལྡན་པའི་ས་མཚམས་ཆག་གི་ཡིན་ཚུལ་སོགས་བཤད་རྒྱུའི་གོ་སྐབས་ཡང་བྱུང་ཡོད།

དེ་ཉིན་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༡ ཉིན་གྱི་སྔ་དྲོ་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་གདན་ཞུས་ཀྱིས་ཚོགས་འདུ་ཞིག་གོ་སྒྲིག་དང་། ཚོགས་ཐོག་ཏུ་སྤྱི་ཁྱབ་བློན་ཆེན་མཆོག་དང་། འཕགས་བོད་འབྲེལ་མཐུད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ། དྷེ་ར་དྷུན་ཧ་རི་དྷེ་བར་གྱི་ཆོས་དཔོན། གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མཆོག་བཅས་ནས་གསུང་བཤད་གནང་ཡོད། སྐབས་དེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནས་ཆེས་ཐོག་མར་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་ཞུས་ཡོད་པ་མ་ཟད། རྟ་དབང་བོད་དོན་གོ་རྟོགས་ལས་འགུལ་གྱི་གལ་གནད། དམིགས་བསལ་བོད་རང་དབང་རང་བཙན་གྱི་བདེན་མཐའ་མ་སེལ་བར་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་དཀའ་བརྙོག་མུ་མཐུད་གནས་རྒྱུ་ཡིན་པ་དང་། ལོ་རྒྱུས་ཐོག་བོད་དང་རྒྱ་གར་ས་འབྲེལ་ཡིན་པ་ལས། རྒྱ་གར་དང་རྒྱ་ནག་ས་འབྲེལ་ནམ་ཡང་མིན་པས་ལས་འགུལ་བ་ཡོངས་ནས་དེ་འབྲེལ་གྱི་ལས་འགུལ་སྤེལ་བར་ཡི་རངས་བསྔགས་བརྗོད་གནང་ཡོད་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གྱིས་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་ཡིན་པ་དེ་ནི་བོད་མི་ཙམ་མ་ཡིན་པར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དད་ལྡན་སེར་སྐྱ་ཕོ་མོ་ཡོངས་ལ་ཡང་བཀའ་དྲིན་ཆེན་པོ་ཡིན་པ་ཡང་གསུང་གནང་ཡོད། ད་དུང་རྟ་དབང་བོད་དོན་གོ་རྟོགས་ཀྱི་ལས་འགུལ་བ་ཡོངས་ལ་ཨ་རུ་ན་ཅལ་མངའ་སྡེ་ངོ་སྤྲོད་དང་། དམིགས་བསལ་སྐུ་ཞབས་པདྨ་མཁའ་མགྲོ་ལགས་ཁོང་གི་ལས་ཡུན་རིང་འཛུགས་སྐྲུན་གྱི་ལས་གཞི་ཁག་གང་དང་གང་སྒྲུབ་ཡིན་མིན། མ་འོངས་པའི་ལས་འཆར་སོགས་ཀྱི་ཐད་གསུང་བཤད་གནང་ཡོད། བློན་ཆེན་མཆོག་གིས་གཏམ་བཤད་གནང་གྲུབ་མཚམས་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་དང་དྲུང་ཆེ་རྣམ་གཉིས་ནས་བློན་ཆེན་མཆོག་གིས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་། བོད་མིའི་བདེ་སྡུག་སོགས་ལ་ད་བར་ཐུགས་དགོངས་ཆེ་བཞེས་ཀྱིས་མཐུན་འགྱུར་རོགས་རམ་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུའི་མཚོན་སླད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལྔ་བཅུའི་དུས་དྲན་གྱི་རྟགས་མ་དང་། གཞོན་ལྷན་གྱི་པར་རིས་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་བཅས་ཕུལ་རྒྱུའི་གོ་སྐབས་ཡང་བྱུང་ཡོད།

དེ་རྗེས་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་མཆོག་ནས་ཚོགས་ཐོག་ཏུ་གཏམ་བཤད་སྤེལ་གནང་ཏེ། རྒྱ་གར་རྒྱལ་ཡོངས་ནས་ཆེད་ཕེབས་གནང་བའི་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་དང་། ཧིན་བོད་གཉིས་ཀྱི་འབྲེལ་བ། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་གཙོས་པའི་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་ཡུལ་ལུང་རྣམས་བཟའ་སེམས། བོད་ནང་གི་ཛ་དྲག་གནས་སྟངས། བོད་རང་བཙན་གྱི་འཐབ་རྩོད་ནི་རྒྱ་གར་གྱི་བདེ་འཇགས་ཡིན་པ་སོགས་ཀྱི་ཐད་གསུང་བཤད་གནང་ཡོད། སྐབས་དེར་ཚོགས་ཐོག་ཏུ་ཧིན་བོད་མཛའ་བྲེལ་ཚོགས་པའི་བྱང་ཤར་ཁུལ་གྱི་འགན་འཁུར་བ་ཐུབ་དབང་མཁའ་མགྲོ་མཆོག་ནས་གཞོན་ལྷན་ཚོགས་གཙོ་དྲུང་ཆེ་གཉིས་ལ་ཕྱག་རྟགས་ཀྱང་ཕུལ་ཏེ་རྟ་དབང་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད། ཚོགས་འདུ་གྲུབ་རྗེས་ལས་འགུལ་བ་ཡོངས་ནས་བོད་རང་བཙན་ནི་རྒྱ་གར་གྱི་བདེ་འཇགས་ཡིན་སོགས་ཀྱི་འབོད་ཚིག་བསྒྲགས་ཏེ་རྟ་དབང་ཁྲོམ་གཞུང་དུ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་གོམ་བགྲོད་ལས་འགུལ་ཞིག་སྤེལ་ཏེ་ཧིན་བོད་མཛའ་འབྲེལ་ཚོགས་པའི་རྟ་དབང་བོད་དོན་སྐོར་སྐྱོད་ཀྱི་ལས་གཞི་དེ་བཞིན་དངོས་སུ་ལེགས་གྲུབ་བྱུང་ཡོད།

ས་གནས་ཁག་དྲུག་གི་ཞི་འགྲིག་གནད་དོན།

ས་གནས་ཁག་དྲུག་གི་ཞིའགྲིག་གནད་དོན།

 

ཕྱི་ལོ་ ༢༠༡༣ ལོའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་གཞོན་ལྷན་ས་གནས་ཁག་བརྒྱད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་ནས་ཕྱིར་ཐོན་གྱིས་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པར་བརྟེན། ཚོགས་ཐོག་ཏུ་གཞོན་ལྷན་དབུས་རྒྱུན་ཟུར་པ་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་གཞོན་ལྷན་གྱི་ལས་དོན་བྱེད་ཕྱོགས་ཁག་ལ་བླང་དོར་བཀའ་སློབ་ལམ་སྟོན་ཕེབས་དོན་བཞིན་དེ་སྔ་ཕན་ཆད་གཞོན་ལྷན་གྱིས་ཐལ་ཆ་ཕྱིན་པའི་གནད་དོན་ཡོངས་རྫོགས་ཕྱིར་འཐེན་དང་ནུས་མེད་ཀྱི་གྲོས་ཆོད་བཞག་པ་མ་ཟད། སྐབས་ ༡༥ པའི་གཞོན་ལྷན་དབུས་རྒྱུན་གྱི་ངོས་ནས་གཞོན་ལྷན་སྒྲིག་འཛུགས་ཀྱིས་༸མགོན་པོ་མཆོག་ལ་ཐུགས་ཕམ་ཡོང་གཞིའི་མ་ཤེས་རྨོངས་པའི་དབང་གིས་ལས་ངན་བསགས་ཡོད་པར་འགྱོད་གདུང་དྲག་པོའི་ངང་འགྱོད་བཤགས་བཟོད་གསོལ་དང་། སླད་མར་ཡང་འདི་རིགས་མི་འབྱུང་བའི་ཁས་ལེན་དམ་བཅའ་གཙང་མ་ཞུས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷ་དགོངས་གསལ་དྭངས་ཡོང་བའི་མཚན་འཁོད་༸ཞུ་སྙན་ཕུལ་ཡོད་པ་དང་། གཞོན་ལྷན་གྱི་དབང་ཚད་མཐོ་ཤོས་ཡིན་པའི་སྐབས་ ༡༥ པའི་གཞོན་ལྷན་ཚོགས་ཆེན་སྐབས་དེ་འབྲེལ་གྱི་གསར་འགོད་གསལ་བསྒྲགས་གཙོས་པའི་གྲོས་ཆོད་ཁག་ཕྱིར་འཐེན་གནང་ཡོད་ན་ཡང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་ཁག་ ༨ སྟེ་སྦེལ་ཀོབ་དང་། ཧོན་སུར། ཀོ་ལི་གྷལ། མོན་གྷོ། སྦེང་ལོར། སྤོན་ཊོ། ཌལ་ཧོར། ལ་དྭགས་བཅས་ནས་གཞོན་ལྷན་གྱི་སྒྲིག་གཞིའི་དམིགས་ཡུལ་ལ་རང་གར་བཟོ་བཅོས་བྱས་པ་མ་ཟད། ས་གནས་གཞོན་ལྷན་གྱི་ལས་དམ་དང་ལས་ཤོག ཡིག་སྣོད་སོགས་ཀྱི་མཚོན་པའི་ས་གནས་ཀྱི་མིང་བྱང་བརྗེ་བསྒྱུར་དང་། ས་གནས་ཀྱི་ཚོགས་མིའི་ངོས་འཛིན་ལག་འཁྱེར་སོགས་ཀྱང་བརྗེ་བསྒྱུར་བྱས་ཏེ་ཧ་ཅང་ཐལ་ཆེའི་ཐག་གཅོད་གང་མང་ཞིག་བྱས་ཡོད་ན་ཡང་གཞོན་ལྷན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཡིག་འབྲེལ་ཐེངས་མང་ཞུས་ཡོད་པ་མ་ཟད། ས་གནས་ས་ཐོག་ཏུ་དབུས་རྒྱུན་རིམ་པར་ཆེད་བཅར་གྱིས་དཀའ་ངལ་སེལ་ཐབས་དང་འགྲིག་འཇགས་ཡོང་ཐབས་བྱས་ཏེ་མཐར་ཕྱི་ལོ་ ༢༠༡༦ ལོར་བྷེང་ལོར་དང་། མོན་གྷོ་ས་གནས་གཞོན་ལྷན་གཉིས་གཞོན་ལྷན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཁྱབ་ཁོངས་སུ་ཆིག་སྒྲིལ་གྱིས་ཕྱིར་ཕེབས་ཐུབ་པ་བྱུང་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༩ པའི་ནང་གཞུང་ཞབས་ཟུར་པ་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། སྐབས་དེར་ཆེད་བཅར་གཞུང་ཞབས་གཞོན་ལྷན་དབུས་རྒྱུན་ཟུར་པ་རྣམས་ནས་མ་སྐུལ་དྭང་བླངས་ཐོག་ཐུགས་དགོངས་ཆེ་བཞེས་ཀྱིས་གཞོན་ལྷན་ས་གནས་ཁག་དྲུག་ལ་མཚན་འཁོད་སྙན་ཞུ་ཕུལ་ཏེ་སྒྲིག་འཛུགས་ཆེ་ཆུང་གང་དང་གང་ཡིན་ཡང་རང་ཁོངས་རྣམས་དཀྱིལ་འཁོར་གཅིག་གི་ལྷ་ཚོགས་ལྟར་མཉམ་དུ་བསྡད་དེ་དུས་བསྟུན་ལེགས་བཅོས་དགོས་རིགས་ཐབས་ཤེས་སྒོ་གང་ས་ནས་གོ་བསྡུར་སྦྱང་བཤད་བྱས་མཐར། མང་མོས་ཀྱི་ལམ་ནས་གཏན་འབེབས་གནང་ཕྱོགས་ཐད་མཐུན་པ་ཆུང་གྲས་སོར་བཞག་གིས། གུ་ཡངས་ཀྱི་བསམ་གཞིགས་གནང་མོས་ཐོག་ས་གནས་དྲུག་ཁག་རྣམས་གཞོན་ལྷན་གྱི་ཁྱབ་ཁོངས་སུ་འཛུལ་གནང་ཡོང་བའི་རེ་སྐུལ་གྱི་ཕྱག་བྲིས་ཕུལ་ཡོད་ན་ཡང་། ས་གནས་རྣམས་ནས་བཟང་ཕྱོགས་ཀྱི་རྣམ་འགྱུར་གང་ཡང་སྟོན་མེད་སྟབས། ཕྱི་ལོ་ ༢༠༡༩ ཟླ་བ་ ༩ པའི་ནང་སྐབས་ ༡༧ པའི་གཞོན་ལྷན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སྤྱི་ཁྱབ་ཚོགས་གཙོ་དང་དྲུང་ཆེ་གཉིས་ནས་ལ་དྭགས་ས་གནས་སུ་ཆེད་བཅར་གྱིས་ལ་དྭགས་ས་གནས་དེ་བཞིན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཁྱབ་ཁོངས་སུ་འཛུལ་ཏེ་གཞོན་ལྷན་གྱི་འགན་ལྷན་ཐེངས་ ༥༠ པར་མཉམ་ཞུགས་ཡང་ཐུབ་པ་བྱུང་ཡོད། གཞན་ཡང་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཆེ་ཁག་སྦེལ་ཀོབ་དང་། ཧོན་སུར། ཀོ་ལི་གྷལ་བཅས་ས་གནས་ཆེ་ཁག་གསུམ་གཙོས་པའི་བྱང་ཕྱོགས་ཀྱི་ས་གནས་སྤོན་ཊོ་དང་། ཌལ་ཧོར་བཅས་གྱི་དེ་སྔའི་དཀའ་ངལ་སེལ་སླད་གཞོན་ལྷན་དབུས་རྒྱུན་གོང་མ་རིམ་པས་ཐབས་ཤེས་གང་དྲག་གིས་ཐེངས་མང་བཅར་ཡོད་ན་ཡང་ས་གནས་གཞོན་ལྷན་གྱི་རྒྱུན་ལས་མིང་འཛིན་པ་རྣམས་ནས་གཞོན་ལྷན་ཚོགས་མི་དང་མང་ཚོགས་འདུ་སྐོང་བྱ་རྒྱུར་རྒྱབ་སྐྱོར་གྱི་མཐུན་འགྱུར་རོགས་རམ་གནང་མེད་སྟབས། ད་བར་ས་གནས་འགྲིག་འཇགས་ཀྱི་ལས་དོན་ལ་དོན་འབྲས་སོན་མེད།

དེར་བརྟེན་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༣ ནས་བཟུང་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་དང་། ཚོགས་གཞོན། དྲུང་ཆེ། རིག་གཞུང་འགན་འཛིན་བཅས་ས་གནས་ས་ཐོག་ཏུ་ཆེད་བཅར་ཞུས་ཏེ་གཞུང་འབྲེལ་མཛད་གཙོ་རྣམ་པར་ལས་དོན་སྙན་གསེང་ཞུས་ཡོད་པ་དང་། ད་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་རྒྱུན་ལས་མིང་འཛིན་པ་རྣམ་པར་ཐུག་འཕྲད་ཀྱིས་ཕན་ཚུན་གོ་བསྡུར་སྦྱང་བཤད་གང་ལེགས་ཞུས་ཡོད་པ་མ་ཟད། གཞོན་ལྷན་ཚོགས་མི་རྣམས་འདུ་སྐོང་གིས་གནས་ཚུལ་གསལ་བཤད་བྱ་རྒྱུར་མཐུན་འགྱུར་རོགས་རམ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཀྱང་། ཐོག་མར་སྦེལ་ཀོབ་ས་གནས་གཞོན་ལྷན་ནས་ཚོགས་མི་རྣམས་ཐུག་འཕྲད་ཀྱི་གོ་སྐབས་མ་གནང་བར་བརྟེན། ས་གནས་འགོ་འཛིན་རྣམ་གཉིས་ཀྱི་དྲུང་ནས་ཚོགས་མི་མང་ཚོགས་འདུ་སྐོང་ཆོག་པའི་ཆོག་མཆན་ཞུས་པའི་ཐོག་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་དང་རིག་གཞུང་འགན་འཛིན་གཉིས་ནས་ས་གནས་ཀྱི་གཞིས་གྲོང་རེ་རེའི་ནང་རྒྱང་གྲགས་བརྒྱུད་ས་གནས་མང་ཚོགས་ལ་གསལ་བསྒྲགས་ཞུས་པ་དང་། གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་དང་། ཚོགས་གཞོན་གཉིས་ནས་གཞིས་གྲོང་རེའི་བརྒྱ་དཔོན་དང་སྤྱི་མི་སོགས་མཇལ་འཕྲད་ཀྱིས་ཚོགས་མི་མང་ཚོགས་བསྡུ་སྐོང་ཡོང་རྒྱུར་མཐུན་འགྱུར་རོགས་རམ་གང་ལེགས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཏེ་མཐར་མང་ཚོགས་འདུ་སྐོང་གིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་། གཞོན་ལྷན་སྒྲིག་འཛུགས་ཀྱི་གནས་བབ་སོགས་ཀྱི་ཐད་གཏམ་བཤད་གནང་སྐབས་ཚོགས་མི་ཁག་གཅིག་ནས་གཞོན་ལྷན་གྱི་ཁྱབ་ཁོངས་སུ་གཏོགས་པའི་ས་གནས་གཞོན་ལྷན་དགོས་གལ་ཆེ་ཚུལ་གྱི་དགོངས་འཆར་བཏོན་པར་སོང་། གཞོན་ལྷན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་དེ་འབྲེལ་གནད་དོན་ལ་གོ་བསྡུར་སྦྱང་བཤད་བྱས་མཚམས་སུ་ཚོགས་མི་མང་ཚོགས་ལ་གཞོན་ལྷན་གྱི་ཁྱབ་ཁོངས་སུ་གཏོགས་པའི་ས་གནས་གཞོན་ལྷན་དགོས་མིན་བཀའ་འདྲི་གནང་སྐབས་ཚོགས་བཅར་བ་ཚོགས་མི་གཅིག་གིས་མ་གཏོགས་གཞན་མང་མོས་ཚད་མཐོའི་ཐོག་ནས་མི་གྲངས་བཅུ་གཅིག་ལས་གྲུབ་པའི་རྒྱུན་ལས་གསར་འདེམས་ཀྱིས་སྤྱི་ཟླ་ ༣ ཚེས་ ༢༣ ཉིན་སྦེལ་ཀོབ་ས་གནས་གཞོན་ལྷན་སླར་གསོ་ཞུ་ཐུབ་པ་བྱུང་བ་དང་། དེ་རྗེས་ཧོན་སུར་ས་གནས་སུ་ཆེད་བཅར་གྱིས་ས་གནས་མང་ཚོགས་དང་མཇལ་འཕྲད་ཀྱིས་སྤྱི་མོས་ཀྱི་ཐོག་ནས་རྒྱུན་ལས་མི་གྲངས་དྲུག་གསར་འདེམས་ཀྱིས་ཧོན་སུར་ས་གནས་གཞོན་ལྷན་སླར་གསོ་ཞུ་ཐུབ་པ་བྱུང་ཡོད། དེ་རྗེས་ཀོ་ལི་གྷལ་ས་གནས་སུ་ཆེད་བཅར་སྐབས་ས་གནས་གཞན་གཉིས་དང་མི་འདྲ་བར་ས་གནས་ཀྱི་ལས་འཛིན་པ་བརྒྱུད་རྒྱུན་ལས་ཚོས་ཚོགས་མི་བསྡུ་སྐོང་གིས་གྲོས་བསྡུར་སྦྱང་བཤད་གང་ལེགས་བྱུང་ཡང་ཚོགས་མི་མང་དག་གཅིག་ནས་ད་ལྟའི་གནས་སྐབས་སུ་ཁོང་རྣམ་པ་ཚོའི་མངོན་འདོད་ལ་འགྱུར་བ་གང་ཡང་མེད་ཅེས་གསུངས་པར་བརྟེན། དབུས་སྤྱི་ཁྱབ་གཞོན་ལྷན་ནས་ཚོགས་མི་མང་ཚོགས་ཀྱི་མངོན་འདོད་དེ་ལ་དང་ལེན་ཞུས་པའི་ཐོག་ནས་ས་གནས་གསར་འཛུགས་ཞུས་མེད། འོན་ཀྱང་གཞོན་ལྷན་དབུས་ཀྱི་ཁྱབ་ཁོངས་སུ་མེད་པར་ཟུར་དུ་མུ་མཐུད་བཞུགས་ཚེ་འབྲེལ་ཡོད་ཚོས་དགོངས་པ་ཆེ་བཞེས་ཀྱིས་ད་ནས་བཟུང་གཞོན་ལྷན་སྒྲིག་འཛུགས་ཀྱི་མཚན་བྱང་བེད་སྤྱོད་མི་གནང་རྒྱུར་སྐུལ་མ་ཞུས་ཡོད།

དེ་བཞིན་ ཕྱི་ལོ་ ༢༠༢༢ ཟླ་ ༦ པའི་ཚེས་ ༡༠ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དང་། ཚོགས་གཞོན། དྲུང་ཆེ། སྒྲིག་འཛུགས་འགན་འཛིན་བཅས་རྒྱ་གར་བྱང་ཕྱོགས་སྤོན་ཊོ་ས་གནས་གཞོན་ལྷན་གྱི་དེ་སྔའི་དཀའ་ངལ་འགྲིག་འཇགས་ཡོང་ཐབས་ལ་དམིགས་ཏེ་ས་གནས་སུ་ཆེད་བཅར་ཞུས་ཏེ། སྤོན་ཊོ་ས་གནས་གཞོན་ལྷན་དེ་བཞིན་ལོ་ངོ་ཧྲིལ་པོ་ ༩ ཡི་རྗེས་སུ་སླར་ཡང་གཞོན་ནུའི་ཁྱབ་ཁོངས་སུ་འཛུལ་ཞུགས་གནང་ཐུབ་པ་བྱུང་ཡང་ཕྱིས་སུ་ས་གནས་ནས་རང་འགར་དེ་སྔོན་ཐག་གཅོད་ལ་འགྱུར་བ་བཏང་བར་ད་བར་གཞོན་ལྷན་ནས་དམིགས་བསལ་འབྲེལ་བ་བྱུང་མེད།

ཕྱི་ལོ་ ༢༠༢༢ ཟླ་ ༦ པའི་ཚེས་ ༡༣ ཉིན་ཌལ་ཧོར་ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་ཆེད་དུ་གདན་ཞུས་དང་། མི་མང་འདུ་འཛོམས་ཐོག་ས་གནས་ཀྱི་ད་ལྟའི་གནས་བབ་དང་། དེ་སྔའི་དཀའ་ངལ་སོགས་ཀྱི་ཐད་གོ་བསྡུར་སྦྱང་བཤད་གང་ལེགས་ཐོག་ཚོགས་བཅར་གནང་བའི་ཚོགས་མི་མང་ཚོགས་ནས་ཚད་མཐོའི་རྒྱབ་སྐྱོར་ལ་ལས་ཐོག་རྒྱུན་ལས་སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོབ་སྟེ། ཌལ་ཧོར་ས་གནས་གཞོན་ལྷན་དེ་བཞིན་གཞོན་ནུའི་ཁྱབ་ཁོངས་སུ་སླར་ཡང་འཛུལ་ཞུགས་གནང་ཐུབ་པ་བྱུང་བའི་གཏམ་བཟང་གི་གནས་ཚུལ་བྱུང་ཡོད་པ་མ་ཟད། ས་གནས་གཞོན་ལྷན་གྱི་ལས་ཐོག་རྒྱུན་ལས་རྣམས་ནས་མུ་མཐུད་ས་གནས་རྒྱུན་ལས་ཀྱི་ཐུགས་འགན་བཞེས་རྒྱུར་རེ་སྐུལ་ཞུས་པ་ལྟར་ལས་ཁུར་ཞུ་མུས་ཡིན།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ལོ་ངོ་ ༥༠ ལྷག་རིང་བོད་ཀྱི་བསྟན་སྲིད་མི་རིགས་དང་བོད་དོན་བདེན་པའི་འཐབ་རྩོད། བོད་རང་བཙན་སླར་གསོར་དམིགས་ཏེ་འཚེ་མེད་ཞི་བའི་ཐོག་ནས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལས་འགུལ་གང་མང་ཞིག་སྤེལ་ཐུབ་ཡོད་རུང་། དགྲ་བོ་རྒྱ་དམར་སྲིད་གཞུང་ནས་གཞོན་ལྷན་སྒྲིག་འཛུགས་འདི་བཞིན་འཇིགས་སྐུལ་རིང་ལུགས་པར་ངོས་འཛིན་གྱིས་བོད་དོན་ལས་འགུལ་སྤེལ་ཚད་ལ་དངོས་ཤུགས་བརྒྱུད་གསུམ་ནས་འགོག་རྐྱེན་བཟོ་གང་ཐུབ་དང་། སྒྲིག་འཛུགས་གཏོར་ཤིག་ཏུ་གཏོང་རྒྱུར་ཐབས་བརྒྱ་བྱུས་སྟོང་གིས་འབད་བརྩོན་སྒོ་གང་ས་ནས་བྱས་དང་བྱེད་མུས་ཡིིན། སྒྲིག་འཛུགས་འདི་ནི་ཕྱི་ལོ་ ༡༩༧༠ ལོར་ནས་བཟུང་ཐོག་མར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བྱིན་གྱིས་རླབས་པའི་སྐབས་དེའི་བོད་རིགས་གཞོན་ནུ་རྣམས་ཀྱིས་ཆོལ་ཁ་དང་ཆོས་ལུགས། ལུང་ཚན་དང་རིགས་རུས། སྐྱ་སེར་ཕོ་མོ་སོགས་ཀྱི་དབྱེར་བ་མེད་པར་ནུས་ཤུགས་གཅིག་སྒྲིལ་གྱིས་བོད་རང་དབང་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་མཁན་གྱི་སྒྲིག་འཛུགས་ཞིག་ཡིན་པས་ད་བར་གཞོན་ལྷན་དབུས་སའི་རྒྱུན་ལས་སྔ་ཕྱི་རིམ་བྱུང་གིས་དཀའ་སྤྱད་འབད་བརྩོན་དང་། སྐྱིད་སྡུག་མཉམ་མྱོང་གིས་རྒྱ་བལ་འབྲུག་གསུམ། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ནས་མི་ལོ་ ༥༡ ལྷག་སྲ་བརྟན་རྒྱུན་གནས་ཐུབ་པ་བྱུང་བ་དང་། དུས་ཡུན་དེའི་རིང་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ཇི་སྤེལ་སོགས་རྒྱལ་སྤྱིའི་མི་མང་ལ་དྲིལ་བསྒྲགས་ཤུགས་ཆེ་བྱེད་ཐུབ་ཡོད་པ་མ་ཟད། བོད་དོན་འཐབ་རྩོད་དང་འབྲེལ་བོད་མིའི་ཆོས་དང་རིག་གཞུང་། ཡ་རབ་བཟང་སྤྱོད་སོགས་མི་ཉམས་རྒྱུན་འཛིན་ཐུབ་པ་བྱུང་བས་བོད་དོན་འཐབ་རྩོད་ཐད་ཕྱོགས་གང་ས་ནས་ནུས་ཕན་ལྡན་པ་བྱུང་ཡོད། སླད་མར་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་བཞིན་བོད་དོན་བདེན་མཐའ་མ་གསལ་གྱི་བར་དེ་སྲིད་དུ་སྔར་ལྷག་ཚགས་ཚུད་སྲ་བརྟན་རྒྱུན་གནས་ཐུབ་དགོས་ཡོད་སྟབས། ད་ལན་གཞོན་ལྷན་ནང་ཁུལ་གྱི་དཀའ་ངལ་འགྲིག་འཇགས་ཐུབ་པ་འདི་ནི་གཅིག་ནས་གཞོན་ལྷན་གྱི་སྒྲིག་འཛུགས་སྲ་བརྟན་དང་། གཉིས་ནས་བོད་རིགས་ནང་ཁུལ་ཆིག་སྒྲིལ་གྱི་ནུས་པ་མཉམ་སྤུངས་ཀྱི་མིག་དཔེ་བཟང་པོ་ཞིག་ཡོང་རྒྱུར་རེ་བ་དང་ཡིད་ཆེས་ཞུ་བཞིན་ཡོད་པས། བོད་མི་ནང་ཁུལ་གྱི་རྙོག་གླེང་ཆུང་ཙག་རིགས་ལ་ཕན་ཚུན་གུ་ཡངས་དང་བསམ་ཤེས་ཀྱིས་བོད་སྤྱིའི་རྩ་དོན་འཐབ་རྩོད་ཐོག་ནུས་ཤུགས་སྔར་ལྷག་བཏོན་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན།

༸ པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི།

༸ པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི།

ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༢༥ ཉིན་༸ཀུན་གཟིགས་༸པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དེ་བཞིན་རྡ་ས་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་ལྷ་རྒྱལ་རིར་བསང་གསོལ་མཆོད་འབུལ་གྱི་ལས་རིམ་གོ་སྒྲིག་ཞུས་ཡོད་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་རྒྱུན་ལས་རྣམས་ནས་མཉམ་ཞུགས་ཀྱིས་༸ཀུན་གཟིགས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གིས་གཙོས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོལ་ཡོང་བའི་གསོལ་འདེབས་སྨོན་ལམ་ཞུས། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་འཕགས་བོད་འབྲེལ་མཐུད་ཚོགས་པའི་དྲྭ་ཐོག་འཁྲུངས་སྐར་སྲུང་བརྩིའི་ལས་རིམ་ནང་མཉམ་ཞུགས་དང་གཙོ་སྐྱོང་གནང་ཡོད།

 

གུ་རུ་སྤྲུལ་སྐུ་རིན་པོ་ཆེ་མཆོག་གཙོས་པའི་མཛད་གཙོ་ཁག་གཅིག་ལ་ཕེབས་བསུའི་སྣེ་ལེན།

གུ་རུ་སྤྲུལ་སྐུ་རིན་པོ་ཆེ་མཆོག་གཙོས་པའི་མཛད་གཙོ་ཁག་གཅིག་ལ་ཕེབས་བསུའི་སྣེ་ལེན།

ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༣༠ ཉིན་རྒྱ་གར་དབུས་གཞུང་ནས་གྲགས་ཅན་གཟེངས་རྟགས་( Padma Shri award ) ཐོབ་མཁན་གུ་རུ་སྤྲུལ་སྐུ་རིན་པོ་ཆེ་མཆོག་དང་། ཨ་རུ་ཎ་ཅལ་མངའ་སྡེའི་ཀ་ལག་ཐང་ས་གནས་གྲོས་ཚོགས་འཐུས་མི་རྡོ་རྗེ་དབང་འདུས་ཀརྨ་( Dorjee Wangdi Karma) མཆོག་དང་། འབུམ་སྡེ་ལ་ས་གནས་གྲོས་ཚོགས་འཐུས་མི་གདོང་རུ་གསོང་ཅུ་(Dongru Siongju) མཆོག དེ་བཞིན་འབུམ་སྡེ་ལ་ས་གནས་གྲོས་ཚོགས་འཐུས་མི་མཆོག་གི་སྐུ་ཟླ་བསོད་ནམས་ཆོས་འཛོམས་Sonam Chojom ( w/o Bomdila MLA) ལགས། ས་གནས་མི་མང་དབུ་ཁྲིད་རྡོ་རྗེ་དབང་འདུས་ནམ་ས་Dorjee Wangdi Namsa (Public Leader)ལགས་བཅས་གྷ་གྷལ་གནམ་ཐང་ནས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་བཞིས་ཕེབས་བསུ་དང་བཅས་གཞོན་ལྷན་སྤྱི་ཁྱབ་ཡིག་ཚང་དུ་གདན་ཞུས་ཀྱིས་གསོལ་ཇ་བཞེས་ཏོག་འདེགས་འབུལ་གྱིས་ད་བར་བོད་དོན་འཐབ་རྩོད་ཐད་རྒྱབ་སྐྱོར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།

གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཚོགས་འདུར་མཉམ་ཞུགས།

གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཚོགས་འདུར་མཉམ་ཞུགས།

ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༢༧ ནས་ ༢༩ བར་ཉིན་གྲངས་གསུམ་རིང་སི་པན་གྱི་གྲོང་ཁྱེར་བྷར་སི་ལོ་ནར་(Barcelona)གྱི་བོད་ཁང་དུ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་མགྲོན་འབོད་ལྟར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་མཉམ་ཞུགས་གནང་ཡོད། སྐབས་དེར་ཨ་རི་དང་། ཨབ་ཧྥེ་རི་ཁ། ཡུ་རོབ། ཨེ་ཤེ་ཡ་བཅས་རྒྱལ་ཁབ་ཁག་ ༡༨ ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་བ་དང་། བོད་མི་ལས་འགུལ་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་ཁྱོན་ཚོགས་བཅར་བ་གྲངས་ ༥༥ ལྷག་གི་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད། ཚོགས་འདུའི་སྐབས་གཞོན་ལྷན་ཚོགས་གཙོ་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་དེར་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་མུ་མཐུད་ནས་རྒྱབ་སྐྱོར་དགོས་གལ་གྱི་གཏམ་བཤད་དང་། དུས་ད་ལྟ་བར་བོད་དོན་འཐབ་རྩོད་སྤྱི་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བོད་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་དང་མཉམ་ཞུགས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་གནང་ཡོད། ཚོགས་འདུ་ཉིན་གསུམ་རིང་གཞོན་ལྷན་གྱི་གྲོགས་པོ་རྙིང་པ་རྣམས་དང་ལྷན་དུ་མཇལ་མོལ་དང་། ཚོགས་བཅར་བ་གསར་པ་འགར་འབྲེལ་ལམ་གསར་བཟོ་ཐུབ་པ་བྱུང་ཡོད། ཚོགས་འདུ་ལེགས་པར་གྲུབ་རྗེས་སྤྱི་ཟླ་ ༦ ཕྱི་ཚེས་ ༡ ཉིན་ཕྱིར་རྒྱ་གར་དུ་ཕེབས་འབྱོར་བྱུང་ཡོད།

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་དང་མཇའ་འཕྲད།

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་དང་མཇའ་འཕྲད།

ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༩ ཉིན་རྒྱབ་ཕྱག་ཚོད་ ༢ པ་ནས་ ༤ བར་གཞོན་ལྷན་ཡིག་ཚང་ནང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ཇི་རི་ཨོ་བྷི་ལེ་རྫར་ (Jiri Oberfalzer, Vice President of the Czech Senate) མཆོག་དང་། སྐུ་ཞབས་ཁོང་གི་སློབ་སྟོན་པ། ཅེག་གཞུང་ཚབ་ཁང་གི་དྲུང་ཆེ། དེ་བཞིན་སྣེ་ལེན་པ་དང་། སྐད་སྒྱུར་ལས་བྱེད་བཅས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཡིག་ཚང་དུ་ཆེད་ཕེབས་ཀྱིས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔའི་འཐུས་མི་དང་ལྷན་དུ་བོད་ནང་གི་ཛ་དྲག་གནས་སྟངས་ཐད་བཀའ་བསྡུར་ཞིབ་ཕྲ་བྱུང་ཡོད་པ་མ་ཟད།

གཞོན་ལྷན་ཟུང་དྲུང་ཚེ་དབང་རབ་རྒྱས་ལགས་ནས་ཅེག་སྤྱི་མཐུན་རྒྱལ་ཁབ་དང་གྲོས་ཚོགས་འཐུས་མི་རྣམ་པའི་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུའི་གོ་སྐབས་ཡང་བྱུང་ཡོད།

བདམས་ཐོན་བཀའ་བློན་རྣམས་ལ་འཚམས་འདྲིར་བཅར་བ།

བདམས་ཐོན་བཀའ་བློན་རྣམས་ལ་འཚམས་འདྲིར་བཅར་བ།

བོད་རྒྱལ་ལོ་ ༢༡༤༨ ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༠ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་དང་། ཚོགས་མི་ཡོངས་ནས་སྐབས་ ༡༦ པའི་བཀའ་ཤག་གི་བདམས་ཐོན་བཀའ་བློན་གཞོན་ལྷན་དབུས་རྒྱུན་ཟུར་པ་དང་། བདེ་སྲུང་བཀའ་བློན་སྐུ་ངོ་རྒྱ་རི་སྒྲོལ་མ་མཆོག། ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་བཅས་སུ་འཚམས་འདྲི་ཞུ་རྒྱུར་མིགས་ཏེ་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་དང་། སྒྲིག་འགན་སྤེན་པ་ཚེ་རིང་ལགས་རྣམ་གཉིས་བཀའ་བློན་རྣམ་པའི་ལས་ཁུངས་སུ་ཆེད་བཅར་གྱིས་ལྷད་མེད་དཀར་གཙང་གི་མཇལ་དར་སྒྲོན་གནང་སྟེ་འཚམས་འདྲི་ཞུས་ཡོད་པ་མ་ཟད། མ་འོངས་ལས་དོན་ཐ་དག་ལམ་ལྷོངས་ལེགས་གྲུབ་ཡོང་བའི་བཀྲིས་སྨོན་འདུན་ཡང་ཞུས་གནང་ཡོད།

འཕགས་བོད་མཛའ་འབྲེལ་ཚོགས་པ་དབུ་བརྙེས་པའི་མཛད་སྒོ

འཕགས་བོད་མཛའ་འབྲེལ་ཚོགས་པ་དབུ་བརྙེས་པའི་མཛད་སྒོ

ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༥ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་འཕགས་བོད་མཛའ་འབྲེལ་ཚོགས་པ་དབུ་བརྙེས་ཏེ་ལོ་ངོ་ཧྲིལ་པོ་ ༢༣ འཁོར་བའི་དུས་སྟོན་མཛད་སྒོར་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་མཉམ་ཞུགས་ཀྱིས་མཛད་སྒོར་གསུང་བཤད་གནང་ཡོད།

གསུང་བཤད་ཀྱི་ཐོག་མར་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་གཙོས་པའི་ཚོགས་མི་ཡོངས་ནས་དུས་ནམ་ཡིན་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་གང་མང་ཞིག་བརྩམས་དང་རྩོམ་མུས་ཡིན་པར་ཡི་རངས་བསྔགས་བརྗོད་ཀྱི་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། མ་འོངས་པར་མུ་མཐུད་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་པའི་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་བ་ཚོ་དང་མཉམ་འབྲེལ་གྱིས་ལས་འགུལ་གང་མང་སྤེལ་ཏེ་བོད་མིའི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ནང་ནུས་པ་མཉམ་སྤུངས་ཡོང་བའི་རེ་སྐུལ་ཡང་ཞུས་གནང་ཡོད།

རྒྱ་གར་གྱི་དམག་དཔོན་ཟུར་པ་དང་། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་བྷག་ཤི་ (G.D. Bakshi) མཆོག་གི་གཏམ་བཤད།

རྒྱ་གར་གྱི་དམག་དཔོན་ཟུར་པ་དང་། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་བྷག་ཤི་ (G.D. Bakshi) མཆོག་གི་གཏམ་བཤད།

ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༨ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་པའི་བཞུགས་སྒར་རྡ་སའི་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཐུན་མོང་གིས་བོད་ཀྱི་ཟློས་གར་ཚོགས་ཁང་དུ་བོད་དང་། རྒྱ་གར། རྒྱ་ནག་བཅས་སུ་ལྟ་ཚུལ་གསར་པ་ ( Indo-Tibet & China New Perspective 2021) ཞེས་པའི་བརྗོད་གཞི་ཐོག རྒྱ་གར་གྱི་དམག་དཔོན་ཟུར་པ་དང་རྩོམ་པ་པོ། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་བྷག་ཤི་ (G.D. Bakshi) མཆོག་གི་གཏམ་བཤད་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད།

གཏམ་བཤད་ལས་རིམ་གྱི་མཛད་སྒོའི་མགྲོན་གྱི་གཙོ་བོ་རྒྱ་གར་གྱི་དམག་དཔོན་ཟུར་པ་དང་། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་བྷག་ཤི་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྐུ་ངོ་སྒྲོལ་མ་ཚེ་རིང་ལགས། དེ་བཞིན་སྐུ་མགྲོན་དུ། རྒྱ་གར་གྱི་མཚོ་དམག་གི་རུ་དཔོན་ཟུར་པ་སྐུ་ཞབས་ (Sanjay Prashar) མཆོག རྒྱ་གར་རྒྱལ་ཡོངས་འཕགས་བོད་འབྲེལ་འཐུད་ཚོགས་པའི་དྲུང་ཆེ་ (Sunil Manocha) དང་། ཧི་མ་ཅལ་མངའ་ཁོངས་ཀྱི་འཕགས་བོད་འབྲེལ་འཐུད་ཚོགས་པའི་ཚོགས་གཙོ་ (Ajay Singh Mankotia) མཆོག དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། རྡ་སའི་ཁུལ་གྱི་མི་མང་བཅས་ཆེད་འཛོམས་ཐོག མཛད་རིམ་གི་གཙོ་སྐྱོང་དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ནས་གནང་སྟེ། མཛད་སྒོའི་ཐོག་མར་ཧིན་བོད་གཉིས་ཀྱི་རྒྱལ་གླུ་གཏོང་གནང་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་བཅས་གྲུབ་རྗེས་མཛད་སྒོ་མངོས་སུ་དབུ་འཛུགས་ཀྱིས་སྐུ་མགྲོན་རྣམས་ནས་རེ་མོས་ཀྱིས་གཏམ་བཤད་སྤེལ་གནང་དང་། མི་མང་ནས་དྲི་བ་དྲིས་ལན་གྱི་ལས་རིམ་ཞིག་ཀྱང་གོ་སྒྲིག་ཞུས་པའི་ཐོག་མཛད་སྒོ་ལེགས་གྲུབ་བྱུང་ཡོད།

Back To Top