གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་ས་རཱ་བོད་རིག་པའི་བགྲོ་གླེང་གི་མཇུག་སྡོམ་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆེད་བཅར།

གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་ས་རཱ་བོད་རིག་པའི་བགྲོ་གླེང་གི་མཇུག་སྡོམ་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆེད་བཅར།

ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢ ཉིན་གྱི་སྔ་དྲོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ས་རཱ་མཐོ་སློབ་གཞོན་ནུ་རུ་ཁག་ནས་གོ་སྒྲིག་ཞུས་པའི་ས་རཱ་བོད་རིག་པའི་བགྲོ་གླེང་ཚོགས་འདུ་ཐེངས་ ༡༦ པའི་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་བཅར་ཞུས་ཡོད་པ་མ་ཟད། གཞོན་ནུའི་རུ་ཁག་གི་རྒྱུན་ལས་རྣམས་ལ་ཕྱག་འཁྱེར་ཕུལ་བ་དང་། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་བོད་ཀྱི་རིག་གནས་ཁག་ལ་སྦྱང་པ་གནང་དགོས་གལ། བོད་ནང་གི་ཛ་དྲག་གནས་སྟངས། གཞན་ཡང་རིགས་ལམ་དབུ་དགེ་དམ་པ་མཁས་དབང་བློ་བཟང་རྒྱ་མཚོ་མཆོག་དང་གཞོན་ལྷན་དབར་གྱི་བློ་སེམས་ཉེ་བོའི་འབྲེལ་ལམ་སོགས་ཀྱི་ཐད་གཏམ་བཤད་ཡང་གནང་ཡོད།

སྐབས་དེའི་མཛད་སྒོའི་ཐོག་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་གཞོན་པ་དང་ས་རཱ་གཞོན་ནུ་རུ་ཁག་གི་སློབ་སྟོན་པ་ལོ་རྒྱུས་སློབ་དཔོན་བགྲེས་པ་རྒན་གཙང་ཕྲུག་སྟོབས་ལགས་སོགས་ནས་སློབ་གཉེར་བ་ཚོར་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པར་གཅེས་འཛིན་དགོས་གལ་སོགས་ཀྱི་ཐད་བཀའ་སློབ་རིམ་བསྩལ་དང་། གཞོན་ལྷན་དབུས་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གསུང་བཤད་གནང་དོན་དུ། དགྲ་བོ་རྒྱ་དམར་སྲིད་གཞུང་ནས་བོད་རིགས་དེ་རྒྱ་རིགས་ལ་བསྒྱུར་ཡས་དང་། བོད་སྡེ་དེ་རྒྱ་སྡེ་ལ་བཟོ་རྒྱུའི་གདུག་རྩུབ་ཅན་གྱི་སྲིད་བྱུས་མང་པོ་ཞིག་ལག་བསྟར་བྱེད་མུས་ཡིན་པ་མ་ཟད། དམིགས་བསལ་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པར་བདག་སྐྱོང་དང་རྒྱུན་འཛིན་གནང་མཁན། བླ་སྤྲུལ་དང་མཁས་ཆེན་རྣམ་པ། སྙན་ངག་པ་དང་རྩོམ་པ་པོ། དགེ་རྒན་དང་སློབ་གསོ་བ་རྣམ་པར་ཉེས་མེད་ཉེས་འཛུགས་དང་། མ་ཉེས་ཁག་གཡོག་གི་ཐོག་ནས་འཇུ་བཟུང་བཙན་ཁྲིད་བྱེད་པ། བཙོན་འཇུག་ཁྲིམས་ཐག་བཅད་ནས་སྡུག་སྒྱོང་མནར་གཅོད་མང་པོ་ཞིག་བཏང་དང་གཏོང་མུས་ཡིན་པ། བོད་རིགས་སློབ་ཕྲུག་ཚོ་སློབ་གྲྭའི་གུང་གསེང་སྐབས་སོ་སོའི་ཕ་ཡུལ་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོའི་ནང་མཉམ་ཞུགས་བྱེད་མ་ཆོག་པ། བོད་རིགས་སློབ་ཕྲུག་བརྒྱ་ཕྲག་མང་པོ་རྒྱ་དམར་སྲིད་གཞུང་གི་ཆེད་འཛུགས་བྱས་པའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭའི་ནང་བཙན་འཇུག་གིས་བོད་ཕྲུག་རྒྱ་ཕྲུག་ཏུ་བསྒྱུར་རྒྱུའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་མུས་ཡིན་པ་སོགས་ཀྱི་ཛ་དྲག་གི་གནས་སྟངས་སོགས་གསལ་བཤད་དང་། བཙན་བྱོལ་ནང་སོ་སོའི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པར་སྦྱོང་དཔྱོད་སྤེལ་གསུམ་བྱ་རྒྱུའི་རང་དབང་དང་ཐོབ་ཐང་། ཁོར་ཡུག་དང་མཐུན་རྐྱེན་སོགས་གང་ལེགས་ཡོད་པར་སོང་སློབ་གཉེར་བ་རྣམས་ནས་དོན་གཉེར་ཆེན་པོས་སྦྱང་བརྩོན་གནང་རྒྱུར་རེ་སྐུལ་ཞུས་ཡོད་པ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་བཞིན་བོད་ཀྱི་ལོ་རྒྱུས་ཀྱི་བདེན་དཔང་གཞིར་བཟུང་རང་བཙན་རྩོད་ལེན་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་ཡིན་པས། མ་འོངས་པར་ལོ་རྒྱུས་དང་སྐད་ཡིག་སོགས་ཀྱི་ཐད་བྱང་ཆ་ལྡན་པའི་ཤེས་ཡོན་པ་གཞོན་སྐྱེས་གང་མང་ཞིག་གཞོན་ལྷན་གྱི་ལས་འགུལ་དང་ལས་རིམ་ནང་མཉམ་ཞུགས་ཡོང་བའི་རེ་སྐུལ་ཞུས་ཏེ་མཛད་སྒོ་གང་ལེགས་བྱུང་ཡོད།

གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཚོགས་འདུར་མཉམ་ཞུགས།

གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཚོགས་འདུར་མཉམ་ཞུགས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཉིན་གསུམ་རིང་ཉི་ཧོང་དུ་སྐོང་ཚོགས་ཞུས་པའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཚོགས་འདུར་མཉམ་ཞུགས་གནང་སྟེ་བོད་དོན་རྒྱབ་སྐྱོར་བ་དང་བོད་དོན་ལས་འགུལ་བ་གང་མང་ཞིག་དང་ཐུག་འཕྲད་གནང་ཡོད་པ་མ་ཟད། བོད་དོན་འཐབ་རྩོད་ཀྱི་ནུས་པ་གོང་མཐོར་གཏོང་ཐབས་སོགས་ཀྱི་ཐད་ཕན་ཚུན་གོ་བསྡུར་སྦྱང་བཤད་གང་ལེགས་བྱུང་ཡོད་པ་དང་། རྒྱལ་སྤྱིའི་ལས་འགུལ་བའི་དབར་ཕན་ཚུན་འབྲེལ་ལམ་སྔར་ལྷག་འཛུགས་ཐུབ་པ་བྱུང་ཡོད། སྐབས་དེར་ལྡི་ལི་བསམ་གཡས་གླིང་ས་གནས་གཞོན་ལྷན་གྱི་ཚོགས་གཙོ་གཙོས་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གཅིག་གི་སྐུ་འཚབ་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ། བོད་དོན་ལས་འགུལ་བ་སོགས་གང་མང་ཞིག་མཉམ་འཛོམས་གནང་ཐུབ་པ་བྱུང་ཡོད།

གཞོན་ལྷན་ཉིན་མོ་སྲུང་བརྩི།

གཞོན་ལྷན་ཉིན་མོ་སྲུང་བརྩི།

 

བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ ༥༣ ཧྲིལ་པོ་འཁོར་བའི་དུས་སྟོན་དེ་བཞིན་ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༧ ཉིན་འཁེལ་ཡོད་སྟབས། སྔར་རྒྱུན་དང་མི་འདྲ་བར་འདི་ལོའི་དུས་དྲན་སྲུང་བརྩིར་དམིགས་ཏེ་བཞུགས་སྒར་རྡ་སའི་གཞོན་ལྷན་དབུས་ས་ཟུང་སྦྲེལ་གྱིས་དེ་ཉིན་བོད་ཀྱི་ཟློས་གར་ཐང་སྟེང་དུ་མཛད་སྒོ་དང་གཞས་སྣ་གཟིགས་འབུལ། དེ་བཞིན་ཐག་འཐེན་རྩེད་འགྲན་གོ་སྒྲིག་སོགས་ཞུས་ཏེ་དུས་དྲན་སྲུང་བརྩི་ཞུས་ཡོད། སྐབས་དེར་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་གཞོན་ལྷན་དབུས་སའི་རྒྱུན་ཟུར་རྣམ་པ། སྤྱི་འཐུས་རྒྱུན་ལས་རྣམ་པ། ཚོགས་སྐྱིད་ཁག་གི་དབུ་ལས་རྣམ་པ་དང་གཞན་ཡང་གཞོན་ལྷན་གྱི་ལས་འགུལ་ལ་རྒྱབ་སྐྱོར་གནང་མཁན་སོགས་གདན་ཞུས་ཀྱིས་མཛད་སྒོ་དངོས་སུ་བོད་ཀྱི་ཟློས་གར་ཐང་སྟེང་དུ་ཚོགས་གནང་ཡོད། མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་དང་གཞོན་ལྷན་ལས་ཐོག་ཚོགས་གཙོ་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་སྣང་གསལ་མར་མེ་ཞལ་ཁ་ཕྱེ་གནང་དང་། བོད་ཀྱི་ཟློས་གར་གྱི་སྒྱུ་རྩལ་བ་རྣམས་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱ་གར་རྒྱལ་གླུ། གཞོན་ལྷན་མཐུན་གཞས་བཅས་མཉམ་གཏོང་ཐོག་མཛད་སྒོ་འགོ་འཛུགས་གནང་ཡོད། གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ནས་མཛད་སྒོ་གཙོ་སྐྱོང་དང་། མཛད་སྒོའི་ཐོག་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མཆོག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྒྲིག་འཛུགས་ཀྱི་དམིགས་ཡུལ་དང་ལས་དོན་བྱེད་ཕྱོགས། སྒྲིག་འཛུགས་ཀྱི་གལ་གནད་སོགས་དང་འབྲེལ་བའི་བཀའ་སློབ་གསུང་བཤད་དང་། ད་ལྟའི་ཆར་བོད་མིའི་ནང་ཁུལ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དགོས་གལ། གཞན་ཡང་འཐབ་རྩོད་ཀྱི་ལས་འགུལ་ནང་མི་མང་རང་བཞིན་གྱི་རྒྱབ་སྐྱོར་དང་མཉམ་ཞུགས་དགོས་གལ་སོགས་ཀྱི་ཐད་གཏམ་བཤད་དང་གཞོན་ལྷན་གྱི་བསྒྲགས་གཏམ་སྒྲོག་སྦྱང་སོགས་གནང་ཡོད། དེའི་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་སྐུ་ངོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་བཀའ་སློབ་གསུང་བཤད་གནང་དོན་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ལོ་ངོ་ཧྲིལ་པོ་ ༥༣ ནང་ནུས་ཕན་དང་ལྡན་པའི་ལས་འགུལ་གང་མང་ཞིག་བརྩམས་དང་རྩོམ་མུས་ཡིན་པར་ཡི་རང་བསྔགས་བརྗོད་དང་། ད་ལྟའི་ཆར་བོད་པའི་སྤྱི་ཚོགས་འདི་བཞིན་འཁྲུག་ཆ་ཆེན་པོ་ཡོད་པའི་གནས་སྐབས་སུ་དབུ་ལས་རྣམ་པའི་ལས་དོན་བྱེད་ཕྱོགས་ལ་ཡིད་གཟབ་དགོས་གལ་སོགས་ཀྱི་ཐད་བཀའ་སློབ་ཟབ་རྒྱས་གནང་ཡོད།

དེ་རྗེས་གཞས་སྣ་གཟིགས་འབུལ་དུ། གངས་ལྗོངས་བྲོ་ར་ཁྲ་མོའི་ཞབས་བྲོ་བ་དང་། ཨ་རྩེད་མ་ཚོགས་པ། བདེ་ཆེན་རུ་ཁག པདྨ་ཆོས་འཛོམས་སོགས་ཀྱི་ཞབས་བྲོ་བ་ཡོངས་ནས་སྒོར་གཞས་གཙོས་འཁྲབ་གཞས་ཁག་གཅིག་གཟིགས་འབུལ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བུའི་རུ་ཁག་དང་ནོར་གླིང་རུ་ཁག་གཉིས་དབར་ཐག་འཐེན་འགྲན་བསྡུར་སོགས་བྱས། མཐའ་དོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་བཀྲིས་རྟགས་རྒྱས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་བཅས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པའི་དུས་སྟོན་དེ་བཞིན་ལེགས་གྲུབ་བྱུང་ཡོད།

རྒྱལ་སྤྱིའི་དཔོན་རིགས་ཁག་ནས་བོད་དོན་ལ་རྒྱབ་སྐྱོར་གྱིས་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་འདུར་རྒྱ་བོད་གཉིས་ཀྱི་གནད་དོན་གླེང་སློང་གནང་སྐྱོང་ཡོང་བའི་འབོད་སྐུལ།

རྒྱལ་སྤྱིའི་དཔོན་རིགས་ཁག་ནས་བོད་དོན་ལ་རྒྱབ་སྐྱོར་གྱིས་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་འདུར་རྒྱ་བོད་གཉིས་ཀྱི་གནད་དོན་གླེང་སློང་གནང་སྐྱོང་ཡོང་བའི་འབོད་སྐུལ།  

བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གོ་སྒྲིག་དང་། ལྡི་ལི་རོ་ཧི་ནི་དང་བསམ་ཡས་གླིང་ས་གནས་གཞོན་ལྷན་གཉིས་ནས་མཐུན་འགྱུར་དང་རྒྱབ་སྐྱོར་འོག་ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༨ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཏེ་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཐོག་ཏུ་བོད་དོན་གླེང་སློང་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་། རྒྱ་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་རྒྱུའི་སྲིད་བྱུས་རྣམས་གང་མགྱོགས་མཚམས་འཇོག་དགོས་པའི་དགོས་འདུན་བཏོན། སྐབས་དེར་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མཆོག་ནས་གསུང་བཤད་གནང་དོན་དུ། ད་ཐེངས་གནས་ཡུལ་རྒྱ་གར་རྒྱལ་ཁབ་ཆེན་པོས་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་འདུ་གོ་སྒྲིག་གིས་གཙོ་སྐྱོང་ཞུ་རྒྱུ་ཡིན་པར་འཚམས་འདྲི་དང་ཚོགས་འདུ་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུས་ཡོད་པ་མ་ཟད། གཞོན་ལྷན་ནས་ཚོགས་འདུར་འགོག་རྐྱེན་དང་བར་ཆད་སོགས་བཟོ་རྒྱུའི་ཀུན་སློང་མེད་པའི་གསལ་བཤད་ཡང་གནང་ཡོད།

སྐབས་དེར་བོད་སྒར་བསམ་ཡས་གླིང་གི་མཐའ་འཁོར་དུ་ཉེན་རྟོག་པའི་ལྕགས་རིས་སྐོར་ཏེ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་བ་རྣམས་ཕྱིའི་གཞུང་ལམ་ཐོག་འགྲོ་ལམ་བཀག་ཡོད་པ་མ་ཟད། ཉེན་རྟོག་རུ་ཁག་ཕོན་ཆེ་ཆེད་གཏོང་གིས་ཉེན་སྲུང་བྱས་ཡོད། གཞོན་ལྷན་ལས་འགུལ་བ་རྣམས་ནས་དགོས་འདུན་གྱི་འབོད་ཚིག་བསྒྲགས་ཡོད་པ་དང་། དེ་བཞིན་འཕྲེད་དར་དང་རྒྱལ་དར་སོགས་འགྲེམས་སྤེལ་གྱིས་རྒྱལ་སྤྱིའི་དཔོན་རིགས་རྣམས་ནས་དགྲ་བོ་རྒྱ་དམར་དང་ལྷན་གྲོས་མཐུན་འཇོག་སྐབས་ཡང་ན་འབྲེལ་ལམ་བཟོ་སྐབས་ཡིད་གཟབ་དང་། དོགས་ཟོན་གནང་སྐྱོང་ཡོང་བའི་དྲན་སྐུལ་དང་འབོད་སྐུལ་ཞུས་ཡོད་པ་དང་།  སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ (G20) ཚོགས་འདུའི་ཚོགས་བཅར་བ་འགོ་ཁྲིད་གཞན་ཚོར་རྒྱ་ནག་སྲིད་གཞུང་ནི་དུས་ནམ་ཡང་ཡིད་ཆེས་དང་བློ་གཏད་བཅོལ་འོས་པའི་རྒྱལ་ཁབ་ཅིག་མ་ཡིན་པའི་བརྡ་ལེན་གསལ་པོ་སྤྲད་ཡོད། སྐབས་དེར་གསར་འགོད་པ་གང་མང་ཞིག་འཛོམས་ཐུབ་པ་བྱུང་བ་མ་ཟད། ལས་འགུལ་དང་ལས་འགུལ་གྱི་དགོས་འདུན་ཁག་གསར་ལམ་ཁག་བརྒྱ་ལྷག་ཙམ་གྱི་ནང་ཁྱབ་སྤེལ་ཐུབ་པ་བྱུང་ཡོད།

ད་ཐེངས་ལས་འགུལ་གྱི་དགོས་འདུན་ཁག་ནི།

༡༽ སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་(G20)ཚོགས་འདུའི་སྐབས་རྒྱ་གར་སྲིད་བློན་མོ་དྷི་གཙོས་པའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་དབུ་ཁྲིད་རྣམས་ནས་བོད་དོན་གླེང་སློང་དགོས་པའི་ནན་སྐུལ་ཞུ་རྒྱུ།

༢༽ དགྲ་བོ་རྒྱ་དམར་སྲིད་གཞུང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་མུས་ཡིན་པ་མཚམས་འཇོག་དང་བོད་མིའི་རིག་གཞུང་དང་ངོ་བོ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་མཚམས་འཇོགས་དགོས་པའི་དགོས་འདུན།

༣༽ རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་རྒྱུར་རྒྱབ་སྐྱོར་དང་བོད་ནང་གི་ཛ་དྲག་གནས་སྟངས་གླེང་སློང་གིས་དཀའ་ངལ་སེལ་ཐབས་གནང་སྐྱོང་ཡོང་བའི་འབོད་སྐུལ།

 

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགོ་ཁྲིད་ཟབ་སྦྱོང་ཐེངས་ ༢༠ པའི་འགོ་ཁྲིད་ཟབ་སྦྱོང་ཉིན་ལྔ་པ་

འགོ་ཁྲིད་ཟབ་སྦྱོང་ཉིན་ལྔ་པ་ཞོགས་པའི་ཚོགས་ཐུན་དང་པོར་འཚེ་མེད་ཞི་བའི་སྦྱོང་བརྡར་བསྟི་གནས་ཁང་ནས་འཚེ་མེད་ཞི་བའི་ལས་འགུལ་དང་འབྲེལ་བའི་སྦྱོང་བརྡར་ཟབ་སྦྱོང་ཞིག་སྤྲད་འདོད་ཀྱི་འབོད་སྐུལ་གནང་བ་བཞིན་ཚོགས་ཐུན་དང་པོ་དེ་བཞིན་གོ་སྐབས་ཕུལ་ཐུབ་པ་བྱུང་

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགོ་ཁྲིད་ཟབ་སྦྱོང་ཐེངས་ ༢༠ པའི་འགོ་ཁྲིད་ཟབ་སྦྱོང་ཉིན་གཉིས་པ་

འགོ་ཁྲིད་ཟབ་སྦྱོང་ཉིན་གཉིས་པ་ཞོགས་པའི་ཚོགས་ཐུན་དང་པོར་བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ནས་༼ནུས་ལྡན་འགོ་ཁྲིད་སྐྱེད་བསྲིང་ཡོང་ཐབས།༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང་། ཚོགས་ཐུན་གཉིས་པར་ཚོགས་བཅར་བ་རྣམས་ཚོགས་ཐུན་དང་པོའི་བརྗོད་གཞིའི་ཐོག་བགྲོ་གླེང་གྲོས་བསྡུར་གནང་ཡོད། ཉིན་རྒྱབ་ཚོགས་ཐུན་དང་པོར་བོད་དོན་ལས་འགུལ་བསྟི་གནས་ཁང་གི་བསྟན་འཛིན་རྒྱལ་ལགས་དང་།

བློ་བཟང་ཚེ་བརྟན་ལགས་གཉིས་ནས་༼འཕྲུལ་རིགས་བདེ་འཇགས་སྐོར།༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང་། ཚོགས་ཐུན་གཉིས་པར་ཚོགས་ཐུན་གོང་གི་བརྗོད་གཞིའི་ཐོག་གྲོས་བསྡུར་སྦྱང་བཤད་གནང་ཡོད། དགོང་མོའི་ཚོགས་ཐུན་དུ་གཞོན་ལྷན་གྱི་དབུས་རྒྱུན་ཟུར་པ་ཁག་གཅིག་དང་ལས་ཐོག་རྒྱུན་ལས་ཁག་གཅིག་དང་ལྷན་བོད་དོན་འཐབ་རྩོད་དང་འབྲེལ་རང་མོས་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་ཡོད།

བོད་ཀྱི་ཆབ་སྲིད་བཙོན་ཟུར་གྱི་གཏམ་བཤད་གོ་སྒྲིག

ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༡༠ ཉིན་གྱི་ཕྱི་དྲོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་བཅས་མཉམ་འབྲེལ་གྱིས་རྡ་ས་ས་གནས་གཞིས་འགོའི་ལས་ཁུངས་ཀྱི་ཕུན་ཚོགས་ཁང་གསར་ཚོགས་ཁང་ནང་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་རྒྱལ་གཅེས་པ་སྐུ་ཞབས་དོན་གྲུབ་དབང་ཆེན་མཆོག་གི་མང་ཚོགས་ལ་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས་ཏེ།

བཞུགས་སྒར་ཁུལ་དུ་གནས་བཞུགས་བོད་མི་མང་ཚོགས་གང་མང་ཞིག་ལ་བོད་ནང་གི་ཛ་དྲག་གནས་སྟངས་དང་ཆབ་སྲིད་བཙོན་པ་རྣམས་ཀྱི་དངོས་ཡོད་གནས་སྟངས། དེ་བཞིན་ཁོང་རང་ཉིད་ལ་དགྲ་བོ་རྒྱ་དམར་གཞུང་གིས་བཙོན་འཇུག་བྱས་ཏེ་གདུག་རྩུབ་མནར་གཅོད་གང་འདྲ་བཏང་ཡོད་མེད་སོགས་ཀྱི་ཐད་གཏམ་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་བཅས་གོ་སྒྲིག་ཞུ་རྒྱུ་བྱུང་ཡོད། སྐབས་དེར་ཁོང་གིས་གཞོན་ལྷན་དང་འབྲེལ་བའི་གཏམ་བཤད་གནང་དོན་དུ། རྒྱ་ནག་དབུས་གཞུང་གི་གསང་བའི་ལས་ཁུངས་ཀྱི་མི་བསླེབས་སོང་། སྐབས་དེར་ཁོ་ཚོས་འཇིགས་བྲལ་གློག་བརྙན་ཚང་མ་ལྟས་ཚར་འདུག ཁོ་ཚོས་བཤད་པར། “ཁྱོད་ཀྱི་འཇིགས་བྲལ་གློག་བརྙན་དེར་རྒྱལ་སྤྱིའི་ཐོག་ནས་དོ་སྣང་ཤུགས་ཆེན་པོ་བྱས་པ་དང་། རྒྱ་ནག་ལ་མིང་ཆད་ཧ་ཅང་ངན་པ་ཐེབས་བཞིན་འདུག”  ཁོ་ཚོས་ཤོག་བུ་ཞིག་འཁེར་ཡོང་ནས་ “ཁྱོད་རང་གི་སྐད་ཆ་ཞིག་བཤད་རོགས་གྱིས།” ཟེར། དེའི་ནང་ “གཞོན་ནུ་ཚོགས་པས་ངན་སྐུལ་བྱས་ཏེ་གློག་བརྙན་དེ་བཟོས་པ་ཡིན། དེ་མ་བཟོས་ན་ངའི་ཕ་མ་དང་། ཕྲུ་གུ་ཚང་མ་རྡ་རམ་ས་ལ་ཡོད་རེད། ཁོ་ཚོ་ལ་ཉེན་ཁ་ཡོད་རེད།” ཅེས་བཤད་རོགས་གྱིས། “དེ་བྱས་པ་ཡིན་ན་ཁྱོད་རང་ལ་པད་ཤག་ག་ཚད་དགོས་ན་སྤྲད་ཆོག ཁྱོད་རང་གློད་དཀྲོལ་བཏང་ཆོག ང་ཚོས་དེ་ཕྱི་ལོག་ལ་སྟོན་ཡག་དེ་འདྲ་མ་རེད། དེ་རྒྱ་ནག་གི་འགོ་ཁྲིད་ཁ་ཤས་ཤིག་ལ་སྟོན་ཡག་རེད།” ཅེས་ཟེར། དེ་ངས་རྩ་བ་ནས་ཁས་ལེན་བྱེད་ཀྱི་མ་རེད་པཱ། ཞེས་རྒྱལ་གཅེས་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ནས་གསུངས་ཡོད།

 

 

 

ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་མཆོག་དང་མཇལ་འཕྲད།

ཕྱི་ལོ་ ༢༠༢༣ ཟླ་ ༧ པའི་ཚེས་ ༧ ཉིན་གྱི་ཉིན་རྒྱབ་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་དང་ཟུང་དྲུང་རྣམ་གཉིས་ནས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་སྐུ་ཞབས་བཀྲིས་རྒྱལ་མཚན་ལགས་དང་མཇལ་འཕྲད་ཀྱིས་ཁོང་ཉིད་ནས་ལ་དྭགས་བོད་མིའི་གཞིས་སྒར་ཁག་ལ་གཟིགས་སྐྱོང་དང་མཐུན་འགྱུར་རོགས་རམ་གང་ལེགས་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་བྱུང་ཡོད་པ་མ་ཟད། ལ་དྭགས་སུ་འཚོགས་རྒྱུ་ཡིན་པའི་གཞོན་ལྷན་གྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༣ པའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཕེབས་གནང་ཡོང་བའི་གསོལ་འདེབས་ཞུས་པར་ཞལ་བཞེས་བཟང་པོ་ཡང་ཐོབ་ཡོད།

བཞུགས་སྒར་དུ་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི།

བོད་འབངས་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་ ༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༨ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་སྐལ་བཟང་གི་དགའ་སྟོན་ཉིན་མོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་མི་ཡོངས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ལྷ་ཕྱག་གྲངས་མེད་དང་བཅས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་བྱུང་ཡོད།

དེ་ཡང་གཙོ་བོར་དམིགས་བསལ་འདྲ་པར་བཟོ་བཀོད་ཀྱིས་གཞོན་ལྷན་གྱི་སྤྱི་ཚོགས་དྲྭ་རྒྱའི་བརྒྱུད་ལམ་ཁག་ལ་འགྲེམས་སྤེལ་དང་། ཉིན་རྒྱབ་བཞུགས་སྒར་རྡ་སའི་ཁུལ་གྱི་ཚོགས་པ་སྐྱིད་སྡུག་ཁག་གི་ངོས་ནས་ཐེག་ཆེན་ཆོས་གླེང་གཙུག་ལག་ཁང་དུ་འཁྲུངས་སྐར་སྲུང་བརྩིའི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་སྐབས་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་མཆོག་ནས་ལས་རིམ་གཙོ་སྐྱོང་དང་གཞོན་ལྷན་སྤྱི་ཚོགས་དྲྭ་རྒྱའི་ལས་བྱེད་བསྟན་འཛིན་བློ་བཟང་ལགས་ནས་གློག་ཀླད་ཀྱི་རམ་འདེགས་བཅས་ཞུས་ཏེ་ལས་རིམ་གོ་སྒྲིག་འཐུས་ཚང་བྱུང་ཡོད།

བོད་ཀྱི་རྒྱལ་གཅེས་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་མཆོག་ལ་ཕེབས་བསུར་ཆེད་བཅར།

ཕྱི་ལོ་ ༢༠༢༣ ཟླ་ ༦ པའི་ཚེས་ ༢༩ ཉིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་མཆོག་དང་ཁོང་གི་ནང་མི་ལྷན་རྒྱས་བཞུགས་སྒར་དུ་ཕེབས་འབྱོར་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན། རྡ་ས་ས་གནས་གཞོན་ལྷན་གྱི་ཚོགས་གཙོ་བཅས་ནས་གྷ་གྷལ་གནམ་ཐང་དུ་ཕེབས་བསུར་ཆེད་བཅར་ཞུས།

Back To Top