དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ།

དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ།

ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༤ ཉིན་ནིའུ་ཡོག་ནིའུ་ཇ་སིའི་ས་གནས་གཞོན་ནུའི་གོ་སྒྲིག་འོག་ཨ་རིའི་རྒྱལ་ས་ནིའུ་ཡོག་ཏུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བ་དེར་གཞོན་ལྷན་དབུས་ཀྱི་སྤྱི་ཁྱབ་ཚོགས་གཙོ་དང་། ཟུང་དྲུང་། རིག་གཞུང་འགན་འཛིན་བཅས་མཉམ་ཞུགས་གནང་ཡོད། སྐབས་དེར་སྤྱི་ཁྱབ་ཚོགས་གཙོ་ནས་མི་མང་ལ་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་གྲུབ་རྗེས་རྒྱ་ནག་གཞུང་ཚབ་ནས་ཨན་བྷི་སིའི་(NBC)གསར་ཁང་གི་ལས་ཁུངས་བར་ཞི་བའི་གོམ་བགྲོད་ཀྱི་ངོ་རྒོལ་སྐད་འབོད་ལས་འགུལ་སྤེལ་ཡོད།

བྱང་ཨ་རིའི་ཨེ་ཤེ་ཡའི་འཐབ་གྲོགས་ཀྱི་ལྷན་ཚོགས་ཐེངས་དང་པོར་མཉམ་ཞུགས།

བྱང་ཨ་རིའི་ཨེ་ཤེ་ཡའི་འཐབ་གྲོགས་ཀྱི་ལྷན་ཚོགས་ཐེངས་དང་པོར་མཉམ་ཞུགས།

ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༢ ཉིན་བྱང་ཨ་རིའི་ནིའུ་ཡོག་དང་ནིའུ་ཇ་སིའི་ས་གནས་གཞོན་ལྷན་གྱི་གོ་སྒྲིག་འོག་ནིའུ་ཡོག་ཏུ་ཕུན་ཚོགས་སྡེ་བཞིའི་ཚོགས་ཁང་ནང་ཨེ་ཤེ་ཡའི་འཐབ་གྲོགས་ལྷན་ཚོགས་ཐེངས་དང་པོ་ཞེས་པའི་མཛད་སྒོ་ཞིག་སྐོང་ཚོགས་གནང་ཡོད་པ་དང་། སྐབས་དེའི་མཛད་སྒོའི་ཐོག་ཡུ་གུར་དང་། ལྷོ་སོག ཧོང་ཀོང་། ཐའེ་ཝན། ཝི་ཏི་ནམ། མད་མར། བོད་བཅས་ཀྱི་སྐུ་ཚབ་ཁག་མཉམ་ཞུགས་གནང་ཡོད་པ་དང་།

 

སྐབས་དེར་བོད་ཀྱི་སྐུ་ཚབ་ཏུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་དང་། སྒྲིག་འཛུགས་འགན་འཛིན་སྤེན་པ་ཚེ་རིང་ལགས་རྣམ་གཉིས་ནས་མཉམ་ཞུགས་གནང་ཡོད། ལྷན་ཚོགས་ཀྱི་མཛད་སྒོའི་ལས་རིམ་ཁག་ལེགས་གྲུབ་བྱུང་རྗེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱི་གཙོ་སྐྱོང་འོག་མ་འོངས་རྒྱ་ནག་གི་བཙན་གནོན་ལ་གདོང་ལེན་དང་། ཨེ་ཤེ་ཡའི་རང་དབང་དང་། དམངས་གཙོ། ཞི་བདེ་སྲུང་སྐྱོབ་བཅས་བརྗོད་གཞི་མི་འདྲ་བའི་ཐོག་བགྲོ་གླེང་གོ་བསྡུར་གང་ལེགས་བྱུང་ཡོད།

ལྡི་ལི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྦག་སྦག་སྐོར་སྐྱོད་བ་རྣམས་ལ་སྣེ་ལེན།

བོད་རྒྱལ་ལོ་ ༢༡༤༨ ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོར་སྦེལ་ཞི་བདེའི་གཟེངས་སྟགས་འབུལ་བཞེས་མཛད་ཉིན་དང་།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་སྟབས་བསྟུན་གྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་གཞོན་ལྷན་བསམ་ཡས་གླིང་ཀྱིས་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་བྷེང་ལོར་ནས་འགོ་འཛུགས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་ཅིག་གོ་སྒྲིག་ཞུས་ཏེ་རྒྱ་ནག་ནང་ཚོགས་རྒྱུ་ཡིན་པའི་རྒྱལ་སྤྱིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཚུགས་རྒྱུའི་འོས་བབས་མེད་པའི་ངོ་རྒོལ་སྐྱོན་བརྗོད་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་ཏེ་ཉིན་ ༣༠ རྗེས་སུ་བཞུགས་སྒར་རྡ་སར་བདེ་ལེགས་ངང་ཕེབས་འབྱོར་བྱུང་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་། རྡ་ས་ས་གནས་གཞོན་ལྷན་གཉིས་ཟུང་སྦྲེལ་གྱིས་ཕེབས་བསུའི་སྣེ་ལེན། བཞུགས་གནས་དང་ཞལ་ལག་བཀོད་སྒྲིག་སོགས་ཀྱི་མཐུན་རྐྱེན་གང་ལེགས་སྦྱར་ཏེ་བཞུགས་སྒར་རྡ་ས་ནས་ཀང་ར་བར་ཕེབས་སྐྱེལ་གྱིས་ལས་རིམ་ལེགས་གྲུབ་བྱུང་ཡོད།

བྱང་ཨ་རིའི་ཁུལ་གྱི་ས་གནས་གཞོན་ལྷན་ཁག་ནས་ ༥༠ དུས་དྲན་སྲུང་བརྩི་ཞུས་པ།

བྱང་ཨ་རིའི་ཁུལ་གྱི་ས་གནས་གཞོན་ལྷན་ཁག་ནས་ ༥༠ དུས་དྲན་སྲུང་བརྩི་ཞུས་པ། 

བྱང་ཨ་རིའི་ཁུལ་དུ་གཞོན་ལྷན་གྱི་ ༥༠ དུས་དྲན་དེ་བཞིན་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༥ ཉིན་ཝ་ཤིང་ཀྲོན་ཌེ་སི་(Washington D.C)ཁུལ་དུ་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་གྲགས་ཅན་སྟག་སྣ་འཇིགས་མེད་བཟང་པོའི་ཚོགས་ཁང་ནང་དུས་དྲན་སྲུང་བརྩི་ཞུས་ཡོད་པ་དང་། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་དང་། ཟུང་དྲུང་ཚེ་དབང་རབ་རྒྱས་ལགས། སྒྲིག་འཛུགས་འགན་འཛིན་སྤེན་པ་ཚེ་རིང་ལགས།  རིག་གཞུང་འགན་འཛིན་ཡེ་ཤེས་ཆོས་འཕེལ་ལགས་བཅས་དབུས་རྒྱུན་བཞི་ཆེད་བཅར་ཞུས་ཡོད་པ་དང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་ཀྱི་གཞོན་ནུ་ལྷན་ཐོག་མར་གསར་འཛུགས་གནང་མཁན་གྱི་གྲས་དང་། དཔལ་ལྡན་བོད་མི་མང་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་དང་། དེ་བཞིན་དམིགས་བསལ་སྐུ་མགྲོན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་སྐུ་ངོ་འབུམ་རམས་པ་བློ་བཟང་སེང་གེ་མཆོག བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་མཆོག དེ་བཞིན་བྱང་ཨ་རིའི་དོན་གཅོད་ཟུར་པ་སྐུ་ངོ་དངོས་གྲུབ་ཚེ་རིང་མཆོག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་། བྱང་ཨ་རིའི་སྤྱི་འཐུས་ལས་ཐོག་བསྟན་འཛིན་འཇིགས་མེད་ལགས་བཅས་ཕེབས་ཡོད་པ་དང་། གཞན་ཡང་བྱང་ཨ་རིའི་ཁུལ་དུ་གནས་བཞུགས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་རྣམ་པདངས་གནས་གཞོན་ལྷན་ཁག་གི་རྒྱུན་ལས་ཚོགས་མི་དང་བཅས་ཕེབས་ཡོད། གཞོན་ལྷན་སྤྱི་ཁྱབ་སྒྲིག་འཛུགས་འགན་འཛིན་སྤེན་པ་ཚེ་རིང་ལགས་ནས་མཛད་སྒོའི་གཙོ་སྐྱོང་དང་། སྤྱི་ཁྱབ་ཚོགས་གཙོ་མཆོག་ནས་གཞོན་ལྷན་གྱི་ ༥༠ དུས་དྲན་སྲུང་བརྩི་ཞུ་བའི་གལ་ཆེའི་རང་བཞིན། གཞོན་ལྷན་ཐོག་མར་གསར་འཛུགས་གནང་བའི་རྒྱུད་རིམ་སོགས་གཞོན་ལྷན་གྱི་ལས་དོན་གནང་ཕྱོགས་སོགས་གསུང་བཤད་གནང་ཡོད།

དེ་བཞིན་གཞོན་ལྷན་གྱི་དབུས་རྒྱུན་ཟུར་པ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་སྐུ་ངོ་འབུམ་རམས་པ་བློ་བཟང་སེང་གེ་མཆོག་ནས་གཞོན་ལྷན་ཐོག་མར་གསར་འཛུགས་གནང་མཁན་གྱི་གྲས་སྐུ་ངོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལ་གཞོན་ལྷན་ ༥༠ དུས་དྲན་གྱི་ཕྱག་རྟགས་ཕུལ་གྲུབ་རྗེས་སྐུ་མགྲོན་གཙོ་བོ་སྐུ་ངོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ནས་ཐོག་མར་འཚམས་འདྲི་དང་བཅས་གཞོན་ལྷན་གནས་སྟངས་གང་འདྲ་ཞིག་གི་འོག་ནས་གསར་འཛུགས་གནང་ཡོད་སྐོར་དང་། སྐབས་དེར་གྲ་སྒྲིག་དང་གོ་སྒྲིག་གནང་མཁན་གྱི་གྲས་སུ་མི་སྣ་མང་པོ་ཡོད་པས་ཚང་མ་བཀའ་དྲིན་ཆེན་པོ་ཡིན་པར་ངོས་འཛིན་དགོས་གལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་བཞིན་བོད་དོན་འཐབ་རྩོད་ཐད་སྒྲིག་འཛུགས་སྔ་ཤོས་དང་གལ་ཆེན་ཡིན་སྐོར་སོགས་གལ་ཆེའི་བཀའ་སློབ་གསུང་བཤད་གནང་གྲུབ་མཚམས་སུ་སྐུ་ངོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ནས་གཞོན་ལྷན་གྱི་དབུས་རྒྱུན་ཟུར་པ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་སྐུ་ངོ་འབུམ་རམས་པ་བློ་བཟང་སེང་གེ་མཆོག་དང་། གཞོན་ལྷན་གྱི་ཚོགས་གཙོ་ཟུར་པ་དང་བྱང་ཨ་རིའི་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལས་ཐོག་བསྟན་འཛིན་འཇིགས་མེད་ལགས་སུ་གཞོན་ལྷན་ ༥༠ དུས་དྲན་གྱི་ཕྱག་རྟགས་རིམ་པར་ཕུལ། 

དེ་རྗེས་དམིགས་བསལ་སྐུ་མགྲོན་སྐུ་ངོ་སྲིད་སྐྱོང་ཟུར་པ་འབུམ་རམས་པ་བློ་བཟང་སེང་གེ་མཆོག་ནས་འཚམས་འདྲི་དང་བཅསད་ལྟའི་ཆར་བོད་དོན་ཐད་རྒྱལ་སྤྱིའི་སྡིངས་ཆའི་ཐོགགོ་སྐབས་མང་པོ་ཞིགཡོད་སྐོར་དང་འབྲེལ་རྒྱ་ནག་གཙོ་བྱས་པའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས། དེ་བཞིན་རྒྱལ་སྤྱིའི་ཆབ་སྲིད་སྡིངས་ཆའི་ཐོག་གོ་སྐབས་དམ་འཛིན་གྱིས་བོད་པའི་གཞོན་སྐྱེས་རྣམས་ཀྱིས་འགན་འཁུར་ཐོག་བོད་ཀྱི་དངོས་ཡོད་གནས་སྟངས་སྐོར་རྒྱལ་སྤྱིའི་གསར་ཤོག་དང་དུས་དེབ་ཁག་ནང་སྤེལ་དགོས་རྒྱུར་འབད་བརྩོན་གནང་དགོས་གལ་སོགས་གསུང་བཤད་གནང་ཡོད། 

གཞན་ཡང་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས་དམིགས་བསལ་སྐུ་མགྲོན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་མཆོག་ལ་གཞོན་ལྷན་ ༥༠ དུས་དྲན་གྱི་ཕྱག་རྟགས་ཕུལ་མཚམས་དམིགས་བསལ་སྐུ་མགྲོན་སྐུ་ཚབ་དོན་གཅོད་མཆོག་ནས་འཚམས་འདྲི་དང་བཅས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་འདས་པའི་ལོ་ངོ་ལྔ་བཅུའི་རིང་བོད་དོན་འཐབ་རྩོད་སླད་རླབས་ཆེན་གྱི་བྱས་རྗེས་བཞག་ཡོད་པས་ཡི་རང་བསྔགས་བརྗོད་གནང་ཡོད་པ་དང་། དམིགས་བསལ་བོད་ཀྱི་གནས་སྟངས་ཐོག་ཨ་རིའི་སྲིད་གཞུང་གི་ལངས་ཕྱོགས་ཁ་གསལ་ཆགས་ཡོད་སྐོར། དེ་ཡང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལས་བྱུང་བ་ཞིག་ཡིན་པ། དེ་བཞིན་བོད་ནང་གི་དངོས་ཡོད་གནས་སྟངས་ལ་བཟང་ཕྱོགས་འགྱུར་བ་གང་ཡང་མེད་ནའང་བོད་མི་ ༡༥༧ ལྷག་གིས་རང་ལུས་མེར་སྲེག་གནང་བ་ལས་བྱུང་བའི་ཤུགས་རྐྱེན་ཡིན་པ་ངོས་འཛིན་གནང་གལ་དང་། ཨ་རིའི་སྲིད་གཞུང་ནས་བོད་ཀྱི་གནས་སྟངས་ཐད་སྲིད་བྱུས་འཛིན་སྟངས་ལ་སྔར་དང་མི་འདྲ་བར་འགྱུར་བ་ཤུགས་ཆེན་འགྲོ་བཞིན་ཡོད་སྐོར། དམིགས་བསལ་སྐུ་ཚབ་དོན་གཅོད་ཀྱི་ངོས་ནས་ཀྱང་འབད་བརྩོན་སྔར་ལྷག་གནང་འཆརསོགས་གལ་ཆེའི་གསུང་བཤད་གནང་ཡོད། 

དམིགས་བསལ་སྐུ་མགྲོན་གཞོན་ལྷན་ཚོགས་ཟུར་དང་བྱང་ཨ་རིའི་བོད་མི་མང་སྤྱི་འཐུས་ལས་ཐོག་བསྟན་འཛིན་འཇིགས་མེད་ལགས་ནས་འཚམས་འདྲི་དང་བཅས་ད་ལེན་གྱི་གཞོན་ལྷན་ ༥༠ དུས་དྲན་དེ་ཡང་འདི་ག་རྒྱལ་གཅེས་དཔའ་བོ་སྟག་སྣ་འཇིགས་བཟང་པོའི་ཚོགས་ཁང་ནང་ཚོགས་རྒྱུ་བྱུང་བ་ནི་དོན་དང་ལྡན་པ་ཡིན་སྐོར་དང་། སྟག་སྣ་འཇིགས་མེད་བཟང་པོ་མཆོག་ནི་དམིགས་བསལ་གྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་འབྲེལ་བ་གཏིང་ཟབ་ཆགས་ཡོད་པ། ལྷག་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རང་བཙན་གཟེངས་རྟགས་ཐོག་མ་དེ་ཕྱི་ལོ་ ༡༩༩༥ ལོར་རྒྱལ་གཅེས་དམ་པ་ཁོང་ལ་ཕུལ་ཡོད་པ། རང་ཉིད་ཀྱང་ཐོག་མར་བྱང་ཨ་རིའི་ཁུལ་གྱི་ས་གནས་གཞོན་ལྷན་དང་འབྲེལ་བ་བྱུང་ཚུལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེ་གལ་ཆེན་ཡིན་པ། རྒྱ་གཞུང་གིས་རྒྱུན་དུ་གཏོར་བཤིག་གཏོང་གང་ཐུབ་བྱས་དང་བྱེད་མུས་ཡིན་པས་ནམ་ཡང་ཡིད་གཟབ་དགོས་གལ། དེང་སྐབས་བྱང་ཨ་རིའི་ཁུལ་གྱི་གཞོན་སྐྱེས་རྣམས་འགོ་ཁྲིད་ནུས་པ་གསོ་སྐྱོང་ཇི་ལྟར་གནང་ཕྱོགས་སོགས་གསུང་བཤད་གནང་ཡོད། 

དེ་རྗེས་སྐུ་མགྲོན་གཙོ་བོ་གཞོན་ལྷན་ཐོག་མར་གསར་འཛུགས་གནང་མཁན་གྱི་གྲས་དང་། བཀའ་བློན་ཁྲི་ཟུར་སྐུ་ངོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་དང་། དམིགས་བསལ་སྐུ་མགྲོན་གཞོན་ལྷན་དབུས་རྒྱུན་ཟུར་པ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་སྐུ་ངོ་འབུམ་རམས་པ་བློ་བཟང་སེང་གེ་རྣམ་གཉིས་ནས་གཞོན་ལྷན་དབུས་རྒྱུན་ཟུར་པ་རྣམ་པར་གཞོན་ལྷན་ ༥༠ དུས་དྲན་གྱི་ཕྱག་རྟགས་གནང་བ་སོགས་གཞོན་ལྷན་ ༥༠ དུས་དྲན་གྱི་མཛད་སྒོའི་བྱེད་སྒོ་ལས་རིམ་ཁག་ལེགས་པར་གྲུབ་མཚམས་ཉིན་གུང་གསོལ་ཚིག་རྒྱས་པ་འདེགས་འབུལ་ཞུས། དེ་ལྟར་ཉིན་རྒྱབ་ནས་ཕྱི་ཉིན་བར་ཚོགས་བཅར་བ་ས་གནས་གཞོན་ལྷན་ཁག་ལྔའི་སྐུ་ཚབ་ཚོགས་བཅར་བ་དང་། གཞོན་ལྷན་དབུས་རྒྱུན་ཟུར་པ་རྣམས་ཝ་ཤིང་ཀྲོན་ཌེ་སི་གྱི་བོད་མིའི་སྤྱི་ཁང་ནང་བོད་དོན་འཐབ་རྩོད་དང་གཞོན་ལྷན་སྒྲིག་འཛུགས་ཚགས་ཚུད་རྒྱུན་གནས་ཐུབ་སླད་བགྲོ་གླེང་གོ་བསྡུར་སྦྱང་བཤད་གང་ལེགས་བྱུང་ཡོད། དེ་ལྟར་བྱང་ཨ་རིའི་ཁུལ་དུ་གཞོན་ལྷན་ ༥༠ དུས་དྲན་དེ་བཞིན་ཚགས་ཚུད་ལེགས་གྲུབ་བྱུང་བ་ནི། ས་གནས་གཞོན་ལྷན་དང་གནས་བསྡོད་བོད་མི་རྣམས་ནས་ཚོགས་ཡུལ་དང་ཞལ་ལག་སོགས་རིན་མེད་ཐོག་མཐུན་འགྱུར་རོགས་རམ་ཤུགས་ཆེ་གནང་བ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུས།

 

ཁམས་བྲག་འགོའི་ཛ་དྲག་གནས་སྟགས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ།

ཁམས་བྲག་འགོའི་ཛ་དྲག་གནས་སྟགས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ།

 

ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༨ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། རྒྱ་གར་སྡེ་ཚན་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཟུང་སྦྲེལ་གྱིས་བོད་ཁམས་བྲག་འགོའི་ནང་རྒྱ་ནག་དམར་ཤོག་སྲིད་གཞུང་ནས་སྡུག་རྩུབ་ཅན་གྱི་སྲིད་ཇུས་ལག་བསྟར་གྱིས་ཕྱི་ཟླ་ ༡༢ པའི་ཟླ་མཇུག་ཏུ་བྲག་མགོའི་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་ངམ་། བྲག་འགོ་དགོན་ཆེན་གྱི་སློབ་གྲྭ་རྩ་གཏོར་བཏང་བ་དང་། དེའི་རྗེས་སུ་མཐོ་ཚད་ཕུ་ཁྲུ་ ༩༩ ཡོད་པའི་སངས་རྒྱས་ཀྱི་སྐུ་འདྲ་འམ་སྐུ་བརྙན་གཙོས་པའི་མ་ཎི་འཁོར་ལོ་ ༤༥ ཙམ་རྩ་གཏོར་བཏང་བ་སོགས་ཀྱི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཀྱིས་མེག་གྷན་ཁྲོམ་གཞུང་དུ་མར་མེ་ཁྲོམ་སྐོར་ཞིག་གོ་སྒྲིག་ཞུས་ཡོད། སྐབས་དེར་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ནས་ལས་རིམ་གཙོ་སྐྱོང་གིས་བོད་སྐད་གཏམ་བཤད་སྤེལ་བ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན་བསྟན་འཛིན་པ་སངས་ལགས་ནས་དབྱིནཡིག་བསྒྲགས་གཏམ་སྒྲོག་སྦྱང་གནང་ཡོད། སྐབས་དེར་ཁམས་བྲག་འགོའི་ཛ་དྲག་གནས་སྟངས་ལ་རྒྱུས་མངའ་ཡོད་པའི་བྲག་འགོ་དཔལ་ལྡན་ལགས་ནས་སྤྱི་ཡོངས་ཀྱི་བྲག་འགོའི་ཛ་དྲག་གནས་སྟངས་ཐད་གཏམ་བཤད་ཡང་སྤེལ་བ་མ་ཟད། བཀུར་འོས་བོད་མི་མང་སྤྱི་འཐུས་དགེ་བཤེས་གོ་བོ་བློ་བཟང་ཕན་བདེ་ལགས་དང་། ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་སྐར་ལགས་རྣམ་གཉིས་གདན་ཞུས་ཀྱིས་གཏམ་བཤད་ཀྱང་སྤེལ་ཏེ་ལས་འགུལ་ལེགས་གྲུབ་བྱུང་ཡོད།

ལྡི་ལི་བསམ་ཡས་གླིང་ས་གནས་གཞོན་ལྷན་གྱི་སྦག་སྦག་སྐོར་སྐྱོད་དབུ་འཛུགས།

ལྡི་ལི་བསམ་ཡས་གླིང་ས་གནས་གཞོན་ལྷན་གྱི་སྦག་སྦག་སྐོར་སྐྱོད་དབུ་འཛུགས།

བོད་རྒྱལ་ལོ་ ༢༡༤༨ ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༠ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོར་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཉིན་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་དང་སྟབས་བསྟུན་གྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་གཞོན་ལྷན་བསམ་ཡས་གླིང་གི་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་བྷེང་ལོར་ནས་འགོ་འཛུགས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་ཅིག་གོ་སྒྲིག་ཞུས་ཏེ་རྒྱ་ནག་ནང་འཚོག་རྒྱུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཚུགས་རྒྱུའི་འོས་བབས་མེད་པའི་ངོ་རྒོལ་སྐྱོན་བརྗོད་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། སྐབས་དེར་སྦག་སྦག་སྐོར་སྐྱོད་ཀྱི་དབུ་འབྱེད་མཛད་སྒོར་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཆེད་བཅར་གྱིས་གཏམ་བཤད་སྤེལ་དོན་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ལོ་ངོ་ ༥༡ ཧྲིལ་པའི་རིང་ཆོལ་ཁ་དང་། ཆོས་ལུགས། ཕོ་མོ་དང་རིགས་རུས་དབྱེད་མེད་ཀྱིས་བོད་ཀྱི་ཆབ་སྲིད་འཐབ་རྩོད་ནང་ཞབས་ཞུ་སྒྲུབ་ཡོད་པ་དང་། གྲུབ་འབྲས་ལྡན་པའི་ལས་འགུལ་སྣ་མང་སྤེལ་བར་བརྟེན་གཞོན་ལྷན་གྱི་སྒྲིག་འཛུགས་འདིར་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་རེ་བ་དང་། ཡིད་ཆེས་བརྟན་པོ་ཡོད་བསྡད་པ་ཞིག་དང་། རྒྱ་ནག་དམར་ཤོག་སྲིད་གཞུང་ནས་ཀྱང་དུས་ནམ་ཡིན་ལ་སྡང་ཟུག་ཆེན་པོས་སྒྲིག་འཛུགས་ཀྱི་ལས་དོན་ལ་ཐབས་བརྒྱ་བྱུས་སྟོང་གིས་དོ་ཕོག་གཏོང་རྒྱུར་ཐབས་ཤེས་བྱེད་ཀྱིས་ཡོད་ཚུལ། དམིགས་བསལ་ཛ་དྲག་གི་དུས་སྐབས་འདིར་བོད་མི་སྤྱི་སྒེར་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱིས་ལས་འགུལ་གང་མང་དང་སྣ་མང་སྤེལ་དགོས་རྒྱུ་གལ་ཆེན་པོ་ཡིན་ཚུལ་སོགས་ཀྱི་ཐད་གཏམ་བཤད་སྤེལ་གནང་ཡོད། མཛད་སྒོ་གྲུབ་རྗེས་སྤྱི་ཁྱབ་དྲུང་ཆེ་མཆོག་ནས་སྦག་སྦག་སྐོར་སྐྱོད་པ་རྣམས་བྷེང་ལོར་ནས་༸གོང་ས་ཏཱ་ལའིབླ་མའི་མཐོང་སློབ་བར་ཕེབས་སྐྱེལ་ཞུས་ཏེ་ཉིན་དེའི་ལས་འགུལ་ལེགས་གྲུབ་བྱུང་ཡོད།

ཉིན་དེར་བྱང་ཨ་རིའི་མི་ནི་སོ་ཊ་ས་གནས་གཞོན་ལྷན་ནས་ཀྱང་རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་ཚོགས་རྒྱུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་སྐྱོན་བརྗོད་དང། NBC གསར་ཁང་ནས་ཀྱང་རྒྱ་ནག་ཏུ་ཚོགས་ལ་ཉེ་བའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་འབྲེལ་བའི་དྲིལ་བསྒྲགས་མཚམས་འཇོག་དགོས་ཚུལ་གྱི་དགོས་འདུན་སོགས་བཏོན་ཏེ་རྒྱ་ནག་གཞུང་ཚབ་མདུན་ཐང་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། སྐབས་དེར་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་དང་། སྒྲིག་འགན་སྤེན་པ་ཚེ་རིང་ལགས་གཉིས་ནས་ཀྱང་མཉམ་ཞུགས་གནང་ཡོད།

བྱང་ཨ་རིའི་ཁུལ་གྱི་ས་གནས་ཁག་ནང་འཚམས་གཟིགས་སྐོར་སྐྱོད།

བྱང་ཨ་རིའི་ཁུལ་གྱི་ས་གནས་ཁག་ནང་འཚམས་གཟིགས་སྐོར་སྐྱོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་བྱང་ཨ་རིའི་ཁུལ་གྱི་བོད་མི་གནས་སྡོད་ཁག་ཏུ་གཞོན་ལྷན་གྱི་ལས་འགུལ་སྤེལ་ཕྱོགས་དང་། བོད་དོན་གཏམ་བཤད་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་སླད་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་དང་། སྒྲིག་འཛུགས་འགན་འཛིན་སྤེན་པ་ཚེ་རིང་ལགས་རྣམ་གཉིས་ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་  ༢༤ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་ནས་ཕེབས་ཐོན་གྱིས་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༩ ཉིན་ཆི་ཁ་གོ་(Chicago )ས་གནས་བོད་མི་རྣམས་ལ་མཇལ་འཕྲད་ཀྱིས་གཞོན་ལྷན་གྱི་ལས་འགུལ་སྤེལ་ཕྱོགས་དང་། བོད་ནང་གི་ཛ་དྲག་གནས་སྟངས། བོད་དོན་ལས་འགུལ་ནང་མཉམ་བཞུགས་ཀྱིས་ནུས་པ་མཉམ་སྤུངས་བྱ་རྒྱུའི་གལ་གནད་སོགས་ཀྱི་ཐད་གཏམ་བཤད་གནང་ཡོད། ཕྱི་ཚེས་ ༡༠ ཉིན་ས་གནས་གཞོན་ལྷན་དང་། ཝི་སི་ཀོན་སིན་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་མཐུན་འགྱུར་འོག་བྱང་ཨ་རིའི་ཝི་སི་ཀོན་སིན་བོད་རིགས་གནས་སྡོད་ཁུལ་དུ་གཏམ་བཤད་སྐོར་སྐྱོད་ཀྱི་ལས་འགུལ་ལེགས་གྲུབ་བྱུང་ནས་ས་གནས་གཞོན་ལྷན་དང་བོད་རིགས་སྤྱི་མཐུན་ཚོགས་པར་ཐུགས་རྗེ་ཆེ་ཞུས།

དེ་བཞིན་སྤྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༡ ཉིན་མི་ནི་སོ་ཊ་ས་གནས་གཞོན་ལྷན་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་གོ་སྒྲིག་ཞུས་ཡོད་པར་མཉམ་ཞུགས་ཞུས། ཕྱི་ཚེས་ ༡༣ ཉིན་ས་གནས་མི་ནི་སོ་ཊའི་རྒྱུད་སྟོད་དགོན་པ་རུ་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་དོན་གྱི་ལས་འགུལ་ཐོག་ནུས་པ་མཉམ་སྤུངས་བྱ་རྒྱུའི་ཐད་གཏམ་བཤད་ལས་རིམ་ཐད་གཏོང།

ཕྱི་ཚེས་ ༡༤ ཉིན་མི་ནི་སོ་ཊ་ས་གནས་གཞོན་ལྷན་གྱི་གོ་སྒྲིག་འོག་ས་གནས་བོད་མི་རྣམས་ལ་མཇལ་འཕྲད་ཀྱིས་གཞོན་ལྷན་གྱི་ལས་འགུལ་སྤེལ་ཕྱོགས་དང་། བོད་ནང་གི་ཛ་དྲག་གནས་སྟངས། བོད་དོན་ལས་འགུལ་ནང་མཉམ་བཞུགས་ཀྱིས་ནུས་པ་མཉམ་སྤུངས་བྱ་རྒྱུའི་གལ་གནད་སོགས་ཀྱི་ཐད་གཏམ་བཤད་གནང་ཡོད། ཕྱི་ཚེས་ ༡༥ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་བཀུར་འོས་བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་མེད་ལགས་ཀྱི་གོ་སྒྲིག་འོག་ཨ་རིའི་གྲོས་ཚོགས་འཐུས་མི་(Senator Tina Smith ) ལགས་ཀྱི་ལས་བྱེད་གཉིས་དང་ལྷན་དྲྭ་ཐོག་ནས་མཇལ་འཕྲད་ཀྱིས་གཞོན་ལྷན་སྒྲིག་འཛུགས་ངོ་སྤྲོད་དང་། བོད་ནང་གི་ཛ་དྲག་གནས་སྟངས་སོགས་སྙན་གསེང་ཞུས་ཡོད་པ་མ་ཟད། བྷ་ཌེན་སྲིད་གཞུང་ནས་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་གཞུང་འབྲེལ་མི་སྣ་ཆེད་གཏོང་གནང་རྒྱུ་མིན་པའི་ཐག་གཅོད་གནང་བར་ཐུགས་རྗེ་ཆེ་ཡང་ཞུས།

ཕྱི་ཚེས་ ༡༧ ཉིན་སི་ཡ་ཀྲལ་(Seattle )ས་གནས་གཞོན་ནུའི་གོ་སྒྲིག་འོག་སི་ཡ་ཀྲལ་ས་གནས་བོད་མི་རྣམས་ལ་མཇལ་འཕྲད་ཀྱིས་གཞོན་ལྷན་གྱི་ལས་འགུལ་སྤེལ་ཕྱོགས་དང་། བོད་ནང་གི་ཛ་དྲག་གནས་སྟངས། བོད་དོན་ལས་འགུལ་ནང་མཉམ་བཞུགས་ཀྱིས་ནུས་པ་མཉམ་སྤུངས་བྱ་རྒྱུའི་གལ་གནད་སོགས་ཀྱི་ཐད་གཏམ་བཤད་སྤེལ་ཡོད། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཡུན་རིང་དཔལ་འབྱོར་རྒྱབ་སྐྱོར་གནང་མཁན་ངག་དབང་ཆོས་སྒྲོན་ལགས་དང་ས་གནས་གཞོན་ནུའི་སློབ་སྟོན་པ་དཀོན་མཆོག་མགོན་པོ་ལགས་གཉིས་སུ་ཐུགས་རྗེ་ལེགས་གསོལ་གྱི་བྱ་དགའ་ཡང་ཕུལ་ཡོད། ཕྱི་ཚེས་ ༢༠ ཉིན་པོཌེ་ལེན་ཌེ་(Portland)ས་གནས་གཞོན་ནུས་གོ་སྒྲིག་འོག་ས་གནས་བོད་མི་རྣམས་ལ་མཇལ་འཕྲད་ཀྱིས་གཞོན་ལྷན་གྱི་ལས་འགུལ་སྤེལ་ཕྱོགས་དང་། བོད་ནང་གི་ཛ་དྲག་གནས་སྟངས། བོད་དོན་ལས་འགུལ་ནང་མཉམ་བཞུགས་ཀྱིས་ནུས་པ་མཉམ་སྤུངས་བྱ་རྒྱུའི་གལ་གནད་སོགས་ཀྱི་ཐད་གཏམ་བཤད་སྐོར་སྐྱོད་གནང་ཡོད།

ཨེ་ཤེ་ཡའི་མངའ་ཁོངས་ཀྱི་རྒྱལ་སྤྱིའི་སྤྱི་ཚོགས་གཞོན་ནུའི་ཚོགས་འདུར་མཉམ་ཞུགས།

ཨེ་ཤེ་ཡའི་མངའ་ཁོངས་ཀྱི་རྒྱལ་སྤྱིའི་སྤྱི་ཚོགས་གཞོན་ནུའི་ཚོགས་འདུར་མཉམ་ཞུགས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཨེ་ཤེ་ཡའི་རྒྱལ་སྤྱིའི་སྤྱི་ཚོགས་གཞོན་ནུའི་ཉིན་གཅིག་གི་དྲྭ་ཐོག་ཚོགས་ཆེན་ནང་མཉམ་ཞུགས་ཀྱིས་རྒྱ་ནད་ཏོག་དབྱིབས་རིམས་ནད་དང་འབྲེལ། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་ནང་མཆོད་མཇལ་དང་། ཕྱག་མཆོད་འབུལ་ཐད་དམ་དྲག་བྱེད་ཕྱོགས། དམིགས་བསལ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་གོ་བསྡུར་ཞུས་ཏེ། བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་དང་། རྒྱ་ནག་ནང་འཚོགས་ལ་ཉེ་བའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་སྐྱོན་བརྗོད་ཀྱིས་གྲོས་ཆོད་དོན་ཚན་གཉིས་ཀྱང་བཞག་ཐུབ་པ་བྱུང་ཡོད།

ཚོགས་ཆེན་ཐོག་གཏན་འབེབ་བྱུང་བའི་གྲོས་ཆོད་གཉིས།

༡༽ རྒྱ་ནག་དམར་ཤོག་སྲིད་གཞུང་ནས་བོད་ནང་ཧམ་འཛུལ་གྱིས་བཙན་བཟུང་བྱས་ནས་བཟུང་ད་བར་ཁོར་ཡུག་སྦག་བཙོག་དང་། གཏོར་བཅོམ་ཚད་ལས་འདས་པ་བཏང་བར་སྐྱོན་བརྗོད་ནན་པོ་ཞུ་རྒྱུ་མ་ཟད། ཚོགས་མི་སྒྲིག་འཛུགས་ཁག་ནས་ཀྱང་རྒྱལ་སྤྱིའི་སྡིངས་ཆ་འདྲ་མིན་ཐོག་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་ངོ་རྒོལ་སྐྱོན་བརྗོད་ཞུ་རྒྱུ།

 

༢༽ རྒྱ་ནག་དམར་ཤོག་སྲིད་གཞུང་ནས་བོད་དང་། ཡུ་གུར་གཙོས་པའི་བཙན་བཟུང་བྱས་པའི་རྒྱལ་ཁབ་ཁག་ནང་གཞི་རྩིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་ངོ་རྒོལ་སྐྱོན་བརྗོད་ཀྱིས་སླེབས་ལ་ཉེ་བའི་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཐ་གཅིག་ཏུ་ངོ་རྒོལ་སྐྱོན་བརྗོད་ཞུ་རྒྱུ་ཡིན།

བྱང་ཨ་རིའི་ས་གནས་གཞོན་ལྷན་ཁག་གི་འགན་ལྷན་ཐེངས་ ༡༩ པ།

བྱང་ཨ་རིའི་ས་གནས་གཞོན་ལྷན་ཁག་གི་འགན་ལྷན་ཐེངས་ ༡༩ པ།

དེ་ཡང་འགན་ལྷན་ཐེངས་ ༡༨ པའི་གྲོས་ཆོད་གཞིར་བཞག་ཐོག་བྱང་ཨ་རིའི་ས་གནས་གཞོན་ལྷན་སན་ཧྤ་རན་སིས་ཁོ་(RTYC San Francisco) ཡིས་གོ་སྒྲིག་འོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བྱང་ཨ་རིའི་ས་གནས་གཞོན་ལྷན་ཁག་གི་འགན་ལྷན་ཐེངས་ ༡༩ པ་དེ་བཞིན་ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༢༥ ནས་ ༢༧ བར་ཉིན་གྲངས་གསུམ་རིང་བྱང་ཨ་རིའི་སན་ཧྤ་རན་སེ་སུ་ཁོ་རུ་ཚོགས་གཏན་འཁེལ་བ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་བྱང་ཨ་རིའི་ཁུལ་གྱི་གཞོན་ལྷན་གྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༩ པའི་གཙོ་སྐྱོང་དུ་སྤྱི་ཟླ་ ༡༡ ནང་ཕྱག་རོགས་གཞོན་ལྷན་སྤྱི་ཁྱབ་སྒྲིག་འཛུགས་འགན་འཛིན་སྤེན་པ་ཚེ་རིང་དང་ལྷན་རྒྱ་གར་རྒྱལ་ས་ལྡི་ལི་བརྒྱུད་ཕེབས་ཐོན་གྱིས་བྱང་ཨ་རིའི་སན་ཧྥ་རན་སིའི་ས་གནས་གཞོན་ནུའི་ཚོགས་གཙོ་བློ་བཟང་ལགས་དང་།

ལས་འཆར་འགན་འཛིན་ངག་དབང་ལགས་ནས་ཕེབས་བསུའི་སྣེ་ལེན་དང་བཅས་འགན་ལྷན་ཐེངས་ ༡༩ པའི་མཛད་སྒོར་ཆེད་བཅར་གནང་ཡོད་པ་དང་། སྐབས་དེར་དབུ་འབྱེད་འཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་། ལྷོ་བྱང་ཨ་མེ་རི་ཁའི་བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་མེད་ལགས་ཕེབས་ཡོད་པ་དང་། དེ་བཞིན་བྱང་ཨ་རིའི་ཁུལ་གྱི་གཞོན་ལྷན་ས་གནས་ཁག་དྲུག་གི་སྐུ་ཚབ་ཚོགས་བཅར་བ་བཅས་མཉམ་ཞུགས་ཀྱིས་མཛད་གོའི་ལས་རིམ་ཁག་ལེགས་པར་གྲུབ་རྗེས་འགན་ལྷན་ཐེངས་ ༡༩ པའི་བརྗོད་གཞི་ཁག་གི་ཐོག་ཉིན་གྲངས་གསུམ་རིང་བགྲོ་གླེང་གོ་བསྡུར་རིམ་བྱས་ཀྱིས་གྲོས་གཞི་དོན་ཚན་ ༡༠ ཡི་ཐོག་གྲོས་ཆོད་དོན་ཚན་ ༢༢ གཏན་འབེབས་བྱུང་ཡོད། ཉིན་མཐའ་མར་དམིགས་བསལ་ཡུ་གུར་དང་། ཧོང་ཀོང་། ཐའེ་ཝན། ནང་སོག་གི་འཐབ་རྩོད་པ་རྣམས་དང་། རྒྱ་རིགས་མང་གཙོ་དོན་གཉེར་བ་སོགས་གདན་ཞུས་ཀྱིས་འཐབ་རྩོད་དང་འབྲེལ་བའི་བགྲོ་གླེང་གོ་བསྡུར་སྦྱང་བཤད་གང་ལེགས་བྱུང་ཡོད།

རྒྱལ་གཅེས་དཔའ་བོ་དཔའ་མོ་རྗེས་དྲན་གྱི་ལས་འགུལ་དབུ་འབྱེད།

རྒྱལ་གཅེས་དཔའ་བོ་དཔའ་མོ་རྗེས་དྲན་གྱི་ལས་འགུལ་དབུ་འབྱེད།

ཕྱི་ཚེས་ ༡༢ ཉིན་འགན་ལྷན་མཇུག་བསྡོམས་མཛད་སྒོ་དེ་བཞིན་ཨིམ་བྷི་རལ་གསོལ་མགྲོན་ཁང་རང་དུ་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་(RSS)ཚོགས་པའི་རྒྱུན་ལས་སྐུ་ཞབས་ཨིན་དྷིར་ཤི་ཀུ་མར་མཆོག་དང་། དམིགས་བསལ་སྐུ་མགྲོན་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་སྐུ་ཞབས་པང་ཀ་ཇི་གྷོ་ཡལ་མཆོག་རྣམ་གཉིས་གདན་ཞུས་བཞིན་ཆེད་ཕེབས་ཀྱིས་བོད་དོན་དང་འབྲེལ་བའི་གལ་ཆེའི་གསུང་བཤད་གནང་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། འཕགས་བོད་འབྲེལ་འཐུད་ཚོགས་པ་ (Bharat Tibet Sahyog Manch) ཞེས་པ། དེ་བཞིན་ལྡི་ལིར་རྟེན་གཞི་བྱས་པའི་ངག་མེད་མགྲིན་ཚབ་ཚོགས་པ་ (Voice for the Voiceless) བཅས་གསུམ་མཉམ་འབྲེལ་ཐོག་ད་བར་བོད་ཕྱི་ནང་གཉིས་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་ཞུ་སླད་ཁོང་རྣམ་པ་འདས་གྲོངས་སུ་ཕྱིན་པའི་ཟླ་ཚེས་གཞིར་བཟུང་གིས་རྒྱ་གར་གཙོས་ཕྱི་རྒྱལ་ཡུལ་གྲུའི་ས་གནས་མི་འདྲ་བ་གྲངས་ ༡༢༧ ཙམ་ནང་ཁོང་རྣམ་པའི་ལོ་རྒྱུས་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་འགྲེལ་བརྗོད་གནང་རྒྱུའི་ལས་འགུལ་དངོས་སུ་འགོ་འཛུགས་ཀྱི་གསལ་བསྒྲགས་དང་བཅས་འཕགས་བོད་འབྲེལ་མཐུད་ཚོགས་པའི་ས་གནས་ཁག་ ༤༠ ཙམ་ནས་སྐུ་ཚབ་ཕེབས་ཐུབ་པ་བྱུང་ཡོད།

Back To Top