ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་དང་མཇའ་འཕྲད།

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་དང་མཇའ་འཕྲད།

ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༩ ཉིན་རྒྱབ་ཕྱག་ཚོད་ ༢ པ་ནས་ ༤ བར་གཞོན་ལྷན་ཡིག་ཚང་ནང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ཇི་རི་ཨོ་བྷི་ལེ་རྫར་ (Jiri Oberfalzer, Vice President of the Czech Senate) མཆོག་དང་། སྐུ་ཞབས་ཁོང་གི་སློབ་སྟོན་པ། ཅེག་གཞུང་ཚབ་ཁང་གི་དྲུང་ཆེ། དེ་བཞིན་སྣེ་ལེན་པ་དང་། སྐད་སྒྱུར་ལས་བྱེད་བཅས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཡིག་ཚང་དུ་ཆེད་ཕེབས་ཀྱིས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔའི་འཐུས་མི་དང་ལྷན་དུ་བོད་ནང་གི་ཛ་དྲག་གནས་སྟངས་ཐད་བཀའ་བསྡུར་ཞིབ་ཕྲ་བྱུང་ཡོད་པ་མ་ཟད།

གཞོན་ལྷན་ཟུང་དྲུང་ཚེ་དབང་རབ་རྒྱས་ལགས་ནས་ཅེག་སྤྱི་མཐུན་རྒྱལ་ཁབ་དང་གྲོས་ཚོགས་འཐུས་མི་རྣམ་པའི་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུའི་གོ་སྐབས་ཡང་བྱུང་ཡོད།

བདམས་ཐོན་བཀའ་བློན་རྣམས་ལ་འཚམས་འདྲིར་བཅར་བ།

བདམས་ཐོན་བཀའ་བློན་རྣམས་ལ་འཚམས་འདྲིར་བཅར་བ།

བོད་རྒྱལ་ལོ་ ༢༡༤༨ ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༠ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་དང་། ཚོགས་མི་ཡོངས་ནས་སྐབས་ ༡༦ པའི་བཀའ་ཤག་གི་བདམས་ཐོན་བཀའ་བློན་གཞོན་ལྷན་དབུས་རྒྱུན་ཟུར་པ་དང་། བདེ་སྲུང་བཀའ་བློན་སྐུ་ངོ་རྒྱ་རི་སྒྲོལ་མ་མཆོག། ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་བཅས་སུ་འཚམས་འདྲི་ཞུ་རྒྱུར་མིགས་ཏེ་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་དང་། སྒྲིག་འགན་སྤེན་པ་ཚེ་རིང་ལགས་རྣམ་གཉིས་བཀའ་བློན་རྣམ་པའི་ལས་ཁུངས་སུ་ཆེད་བཅར་གྱིས་ལྷད་མེད་དཀར་གཙང་གི་མཇལ་དར་སྒྲོན་གནང་སྟེ་འཚམས་འདྲི་ཞུས་ཡོད་པ་མ་ཟད། མ་འོངས་ལས་དོན་ཐ་དག་ལམ་ལྷོངས་ལེགས་གྲུབ་ཡོང་བའི་བཀྲིས་སྨོན་འདུན་ཡང་ཞུས་གནང་ཡོད།

འཕགས་བོད་མཛའ་འབྲེལ་ཚོགས་པ་དབུ་བརྙེས་པའི་མཛད་སྒོ

འཕགས་བོད་མཛའ་འབྲེལ་ཚོགས་པ་དབུ་བརྙེས་པའི་མཛད་སྒོ

ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༥ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་འཕགས་བོད་མཛའ་འབྲེལ་ཚོགས་པ་དབུ་བརྙེས་ཏེ་ལོ་ངོ་ཧྲིལ་པོ་ ༢༣ འཁོར་བའི་དུས་སྟོན་མཛད་སྒོར་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་མཉམ་ཞུགས་ཀྱིས་མཛད་སྒོར་གསུང་བཤད་གནང་ཡོད།

གསུང་བཤད་ཀྱི་ཐོག་མར་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་གཙོས་པའི་ཚོགས་མི་ཡོངས་ནས་དུས་ནམ་ཡིན་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་གང་མང་ཞིག་བརྩམས་དང་རྩོམ་མུས་ཡིན་པར་ཡི་རངས་བསྔགས་བརྗོད་ཀྱི་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། མ་འོངས་པར་མུ་མཐུད་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་པའི་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་བ་ཚོ་དང་མཉམ་འབྲེལ་གྱིས་ལས་འགུལ་གང་མང་སྤེལ་ཏེ་བོད་མིའི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ནང་ནུས་པ་མཉམ་སྤུངས་ཡོང་བའི་རེ་སྐུལ་ཡང་ཞུས་གནང་ཡོད།

རྒྱ་གར་གྱི་དམག་དཔོན་ཟུར་པ་དང་། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་བྷག་ཤི་ (G.D. Bakshi) མཆོག་གི་གཏམ་བཤད།

རྒྱ་གར་གྱི་དམག་དཔོན་ཟུར་པ་དང་། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་བྷག་ཤི་ (G.D. Bakshi) མཆོག་གི་གཏམ་བཤད།

ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༨ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་པའི་བཞུགས་སྒར་རྡ་སའི་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཐུན་མོང་གིས་བོད་ཀྱི་ཟློས་གར་ཚོགས་ཁང་དུ་བོད་དང་། རྒྱ་གར། རྒྱ་ནག་བཅས་སུ་ལྟ་ཚུལ་གསར་པ་ ( Indo-Tibet & China New Perspective 2021) ཞེས་པའི་བརྗོད་གཞི་ཐོག རྒྱ་གར་གྱི་དམག་དཔོན་ཟུར་པ་དང་རྩོམ་པ་པོ། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་བྷག་ཤི་ (G.D. Bakshi) མཆོག་གི་གཏམ་བཤད་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད།

གཏམ་བཤད་ལས་རིམ་གྱི་མཛད་སྒོའི་མགྲོན་གྱི་གཙོ་བོ་རྒྱ་གར་གྱི་དམག་དཔོན་ཟུར་པ་དང་། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་བྷག་ཤི་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྐུ་ངོ་སྒྲོལ་མ་ཚེ་རིང་ལགས། དེ་བཞིན་སྐུ་མགྲོན་དུ། རྒྱ་གར་གྱི་མཚོ་དམག་གི་རུ་དཔོན་ཟུར་པ་སྐུ་ཞབས་ (Sanjay Prashar) མཆོག རྒྱ་གར་རྒྱལ་ཡོངས་འཕགས་བོད་འབྲེལ་འཐུད་ཚོགས་པའི་དྲུང་ཆེ་ (Sunil Manocha) དང་། ཧི་མ་ཅལ་མངའ་ཁོངས་ཀྱི་འཕགས་བོད་འབྲེལ་འཐུད་ཚོགས་པའི་ཚོགས་གཙོ་ (Ajay Singh Mankotia) མཆོག དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། རྡ་སའི་ཁུལ་གྱི་མི་མང་བཅས་ཆེད་འཛོམས་ཐོག མཛད་རིམ་གི་གཙོ་སྐྱོང་དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ནས་གནང་སྟེ། མཛད་སྒོའི་ཐོག་མར་ཧིན་བོད་གཉིས་ཀྱི་རྒྱལ་གླུ་གཏོང་གནང་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་བཅས་གྲུབ་རྗེས་མཛད་སྒོ་མངོས་སུ་དབུ་འཛུགས་ཀྱིས་སྐུ་མགྲོན་རྣམས་ནས་རེ་མོས་ཀྱིས་གཏམ་བཤད་སྤེལ་གནང་དང་། མི་མང་ནས་དྲི་བ་དྲིས་ལན་གྱི་ལས་རིམ་ཞིག་ཀྱང་གོ་སྒྲིག་ཞུས་པའི་ཐོག་མཛད་སྒོ་ལེགས་གྲུབ་བྱུང་ཡོད།

རྒྱ་དམར་སྲིད་གཞུང་གི་ཕྱི་སྲིད་བློན་ཆེན་ནས་གཞུང་འབྲེལ་ཕྱོགས་སྐྱོད་སྐབས་ངོ་རྒོལ་ལས་འགུལ།

རྒྱ་དམར་སྲིད་གཞུང་གི་ཕྱི་སྲིད་བློན་ཆེན་ནས་གཞུང་འབྲེལ་ཕྱོགས་སྐྱོད་སྐབས་ངོ་རྒོལ་ལས་འགུལ།

ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༥ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རྒྱ་གར་བོད་རང་བཙན་གཉིས་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་རྒྱ་གར་དུ་གཞུང་འབྲེལ་ཕྱོགས་སྐྱོད་སྐབས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ (Hyderabad House, Ashoka Road) ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བ་དང་།

སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་བསྒྲགས་གཏམ་ཞིག་སྤེལ་ཏེ་བོད་གཙོས་པའི་ཐའེ་ཝན། ཡུ་གུར། ཧོང་ཀོང་སོགས་ཉམས་ཆུང་མི་རིགས་རྣམས་ལ་དགྲ་བོ་རྒྱ་དམར་བཙན་རྒྱལ་རིང་ལུགས་ཀྱིས་གཉའ་གནོན་གཤུ་གཞོག་འོག་མྱངས་དང་མྱོང་བཞིན་པའི་རྒྱལ་ཁབ་ཁག་གི་དངོས་ཡོད་གནས་ཚུལ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་གྱིས་རྒྱ་དམར་སྲིད་གཞུང་ལ་དངོས་ཤུགས་རྒྱུད་གསུམ་དུ་གནོན་ཤུགས་སྤྲོད་གནང་ཡོང་བའི་རེ་སྐུལ་ཞུས་ཡོད་པ་མ་ཟད། རྒྱ་གར་གྱི་ས་མཚམས་ཁག་ནས་དགྲ་བོ་རྒྱ་དམར་བཙན་རྒྱལ་རིང་ལུགས་ཀྱིས་དུས་ནམ་ཡིན་ལ་སུན་རྩེར་བཟོ་བཞིན་པའི་དཀའ་ངལ་དེ་བཞིན་བོད་ཀྱི་གནད་དོན་མ་སེལ་བར་གནས་རྒྱུ་ཡིན་པར་སོང་།

རྒྱ་གར་གཞུང་ནས་ཀྱང་རྒྱ་དམར་སྲིད་གཞུང་དང་འབྲེལ་འདྲིས་གནང་སྐབས་བོད་ཀྱི་གནད་དོན་གླེང་སློང་ཡོང་བའི་རེ་སྐུལ་ཡང་ཞུས་ཡོད། ད་དུང་རྒྱ་དམར་སྲིད་གཞུང་གི་བཙོན་ཁང་ནང་དམྱལ་བ་མི་ཡུལ་དུ་མྱང་བ་ལྟ་བུའི་བཟོད་ཐབས་བྲལ་བའི་དཀའ་ངལ་མྱང་དང་མྱོང་བཞིན་པའི་ཆབ་སྲིད་བརྩོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་མགྱོགས་ནས་མྱུར་དུ་གློད་བཀྲོལ་དགོས་པའི་དགོས་འདུན་ཡང་བཏོན་ཡོད། ཉིན་དེའི་དགོང་མོར་བསམ་ཡས་གླིང་ས་གནས་གཞོན་ལྷན་གྱི་གོ་སྒྲིག་འོག་ལས་འགུལ་བ་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་ཞིག་གོ་སྒྲིག་ཞུས་ཏེ་གཞོན་ལྷན་སྒྲིག་འགན་དང་། ཕྱི་འབྲེལ་འགན་འཛིན་གཅིག་ལྕོགས་སྤེན་པ་ཚེ་རིང་ལགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གཏམ་བཤད་ཡང་སྤེལ་གནང་ཏེ་ལས་འགུལ་གང་ལེགས་བྱུང་ཡོད།

གསུམ་བཅུའི་དུས་དྲན་སྲུང་བརྩིའི་ངོ་རྒོལ་ལས་འགུལ།

༄༅། །གསུམ་བཅུའི་དུས་དྲན་ཐེངས་  ༦༣ པའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་ཡོངས་ཁྱབ་གསུང་འཕྲིན།

 

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐབས་བཅུ་བདུན་པའི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་གཞོན་ལྷན་དབུས་སའི་རྒྱུན་ལས་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ཏེ་གཞིས་བྱེས་བོད་མི་ཡོངས་ལ་མཛའ་བརྩེའི་འཚམས་འདྲི་ཞུ་བ་དང་སྦྲགས། རྒྱ་དམར་སྲིད་གཞུང་གིས་བོད་དུ་དྲག་པོའི་བཙན་འཛུལ་བྱས་པ་ནས་བཟུང་ད་བར་བོད་མི་དམར་གསོད་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ལྷག་བསམ་དང་སྙིང་སྟོབས། བློས་གཏོང་བཅས་ལ་བཀའ་དྲིན་རྗེས་དྲན་དང་། མྱ་ངན་གུས་བཏུད་ཞུ་རྒྱུ་མ་ཟད། བོད་ནང་ད་བར་རྒྱ་གཞུང་གི་དམ་དྲག་སྲིད་བྱུས་འོག་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན།

དེ་རིང་ནི་བོད་རྒྱལ་ཁབ་དང་མི་རིགས་ལ་མཚོན་ན་ནམ་ཡང་ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོ་ཞིག་ཆགས་ཡོད། རྒྱ་ནག་དམར་པོའི་སྲིད་གཞུང་གིས་ངོ་ཚ་ཁྲེལ་མེད་ཀྱིས་ཕྱི་ལོ་ ༡༩༤༩ ཙམ་ནས་རང་གི་ཁྱིམ་མཚེས་རྒྱལ་ཁབ་བོད་དུ་དྲག་པོའི་བཙན་འཛུལ་བྱེད་འགོ་བརྩམས་ནས་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཁྱོན་ཡོངས་ལ་དྲག་པོའི་དམག་གིས་བཙན་བཟུང་བྱས་པ་མ་ཟད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱི་སྐུ་ཕྱྭར་ལའང་ལྐོག་གཡོ་ངན་བྱུས་ཀྱིས་མཐོ་བརྩམས་པར་བརྟེན་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་ཆོལ་གསུམ་བོད་མི་སྟོང་ཕྲག་མང་པོས་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་༸རྒྱལ་བའི་སྐུ་ཕྱྭའི་སླད་ནོར་གླིང་ཕོ་བྲང་མཐའ་སྐོར་དུ་འདུ་འཛོམས་ཐོག་རྒྱ་དམག་འགོག་སྲུང་དང་། དེ་བཞིན་ “༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག” ཅེས་པའི་འབོད་སྒྲའི་འོག་འཚེ་མེད་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱིས་བོད་མིའི་རང་དབང་སྒེར་ལངས་ཐོག་མ་དེ་བྱུང་ཡོད། དེ་སྐབས་རྒྱ་དམར་སྲིད་གཞུང་གིས་གདུག་རྩུབ་ཆེ་བའི་དྲག་གནོན་བྱས་ཏེ་བོད་མི་སྟོང་ཕྲག་མང་པོ་སྡེབ་གསོད་བཏང་བའི་བརྗེད་དུ་མི་རུང་བའི་ཉིན་མོ་ཞིག་ཀྱང་ཆགས་ཡོད། དུས་དེ་ནས་བཟུང་རྒྱ་གཞུང་གིས་བོད་མི་རྣམས་གང་བྱུང་ཉེས་མེད་འཛིན་བཟུང་བཙོན་འཇུག་དང་། སྡུག་སྦྱོང་མནར་གཅོད་ཀྱིས་བོད་མི་ས་ཡ་རྒལ་བ་དམར་གསོད་བཏང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༨ ནས་བཟུང་བོད་ནང་རྒྱ་གཞུང་གི་དམ་དྲག་སྲིད་བྱུས་ཇེ་སྡུག་ཇེ་ཞན་དུ་བཏང་བར་བརྟེན་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་བོད་རྒྱལ་ཁབ་དང་མི་རིགས། རིག་གཞུང་དང་བཅས་པའི་སླད་གཞིས་བྱེས་བོད་མི་རྒན་གཞོན་གྲངས་ ༡༦༧ ཙམ་གྱིས་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་འཚེ་མེད་ཞི་བའི་ལམ་ནས་རང་ལུས་མེར་སྲེག་གནང་དགོས་བྱུང་ཡོད་པ་དང་། ། འདི་ལོ་ཡང་རང་ལོ་ ༢༥ ལ་སོན་པའི་གླུ་གཞས་སྒྱུ་རྩལ་བ་གྲགས་ཅན་ཚེ་དབང་ནོར་བུ་ལགས་ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས་སྐུ་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་ཡོད་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད།

ཉེ་བའི་ཆར་ཡང་རྒྱ་གཞུང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་མ་ཚུགས་པའི་ཡར་སྔོན་དུ་བོད་ནང་སྲིད་བྱུས་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། བོད་ཀྱི་ས་ཁུལ་ཁག་དང་ལམ་ཟུར་རྩིགས་གྱང་གང་གསར་དམར་ཤོག་རིང་ལུགས་ཀྱི་ལྟ་བ་རྒྱུད་སྤེལ་གྱིས་སྦྱར་ཡིག་གང་སར་བཙན་གྱིས་འགྲེམས་སྦྱར་བྱས་ཡོད་པ་མ་ཟད། གྲོང་དང་གྲོོང་ཁྱེར་གྱི་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང་ཡོད་ཚད་ནང་རྒྱ་དམར་སྲིད་གཞུང་འགོ་ཁྲིད་ཞི་ཅིན་ཕིང་སོགས་ཀྱི་འདྲ་པར་བཙན་གྱིས་སྒྲིག་གཤོམ་བྱེད་དུ་བཅུགས་པ་སོགས་བོད་མིའི་སེམས་ཁམས་ལ་གནོན་ཤུགས་དང་སྲུན་རྩེར་གྱིས་རྨ་ཁ་ཆེན་པོ་བཟོས་པ། བོད་ནང་གི་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོར་མི་ལོ་བཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་པ་སོགས་ཉེས་མེད་གང་བྱུང་བོད་མི་འཛིན་བཟུང་བཀག་ཉར་བྱེད་པ། ཁམས་བྲག་མགོ་ཁུལ་གྱི་སྟོན་པའི་སྐུ་གཉེན་དང་། གུ་རུའི་སྐུ་གཉེན་སོགས་གཏོར་བཤིག་བཏང་བ། སློབ་གྲྭ་སྒོ་རྒྱག་ཏུ་འཇུག་པ། ཞིང་འབྲོག་གནས་སྤོས་གཏོང་བ། ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་བཀག་འགོག་བྱེད་པ། བོད་མིའི་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་བཙན་འཕྲོོག་བྱེད་པ། བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་ཚོད་འཛིན་བཀག་སྐྱིལ་བྱེད་པ། ལྷག་པར་བོད་བརྒྱུད་ནང་བསྟན་དེ་ཡང་ཀྲུང་གོའི་ཁྱད་ཆོས་ཅན་དུ་སྒྱུར་གང་ཐུབ་བྱེད་པ་སོགས་བོད་ཀྱི་སྐད་དང་ཡེ་གེ ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་བཅས་བོད་མིའི་ངོ་བོ་མཚོན་བྱེད་ཡོད་ཚད་རྩ་མེད་དང་རྩ་གཏོར་བཏང་དང་གཏོང་མུས་གདུག་རྩུབ་ཆེ་བའི་སྲིད་བྱུས་ངན་པ་ལག་བསྟར་གྱིས་རིག་གནས་གསར་བརྗེ་གཉིས་པ་ཞིག་བོད་ནང་སྐྱར་དུ་ལག་བསྟར་གྱིས་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད།

ལྷག་པར་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་ངོས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་བདེ་སྡུག འགྲོ་བ་མིའི་གཞི་རྩའི་བཟང་སྤྱོད་དང་རང་དབང་སོགས་ལ་འགན་འཁུར་དགོངས་བཞེས་མ་གནང་བར་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གོ་སྐབས་དེ་ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་ཁྲིམས་ལ་བརྩིས་མེད་རྡོག་རོལ་གྱིས་བོད་དང་ཤིན་ཅང་སོགས་ལ་དབང་སྒྱུར་བཙན་མནོན་དང་། སྡུག་སྦྱོང་མནར་གཅོད་ཚད་མེད་གཏོང་མཁན་གྱི་རྒྱ་དམར་སྲིད་གཞུང་ལ་ཚུགས་རྒྱུའི་གོ་སྐབས་སྤྲད་པ་དེ་ནི་ནོར་འཁྲུལ་ཅན་གྱི་ཐག་གཅོད་ཅིག་ཡིན་པ་དང་། རྒྱ་དམར་སྲིད་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་དང་བཟང་སྤྱོད་ཀྱི་ཆ་ནས་དེ་ལྟ་བུ་རྩེད་འགྲན་ཚོགས་རྒྱུའི་འོས་བབ་མེད་ཅེས་རང་རེའི་གཞུང་སྒེར་ཚོགས་སྡེ་ཁག་ནས་ཞུ་སྙན་འབུལ་གཏུགས་དང་། ངོ་རྒོལ་སྐྱོན་བརྗོད་ཀྱི་ལས་འགུལ་སྣ་ཚོགས་ཤིག་སྤེལ་ཡོད་པ་སོགས་ལ་བརྟེན་འདི་ལོར་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་སུ་ཞི་བདེ་དང་རང་དབང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བཅས་པར་བརྩི་མཐོང་ཆེ་བའི་རྒྱལ་ཁབ་མང་པོས་གཞུང་འབྲེལ་སྐུ་ཚབ་མངགས་གཏོང་གནང་མེད་པ་དང་། རྒྱ་གཞུང་ནས་ཀྱང་རྒྱལ་སྤྱིའི་གསར་ཁང་དང་གསར་འགོད་པ་ཁག་ལ་བཀག་འགོག་དང་རང་དབང་མ་སྤྲད་པའི་ཁར་རྒྱལ་སྤྱིའི་རྩེ་འགྲན་པ་རྣམས་ལ་སྡིག་ར་དང་བཅས་དོ་དམ་སྟངས་འཛིན་དང་། ཟུར་བཀག་སྡོད་གནས་སོགས་ཀྱི་མཐུན་རྐྱེན་ཡག་པོ་སྦྱར་ཐུབ་མེད་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འདོད་བློ་མ་ཁེངས་པ་སོགས་ལ་བརྟེན་རྒྱ་གཞུང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བརྙན་འཕྲིན་ལྟ་མཁན་ཉུང་བ་སོགས་ཀྱི་རྒྱ་དམར་སྲིད་གཞུང་གི་གདོང་རིས་ངོ་མ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་དུ་སྟོན་དགོས་བྱུང་ཡོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དམ་དྲག་སྲིད་བྱུས་དང་བོད་མིར་སྡུག་སྦྱོང་མནར་གཅོད་ལོ་རེ་ནས་ལོ་རེར་ཇེ་སྡུག་ཇེ་ཞན་དུ་གཏོང་བཞིན་པར་ངོ་རྒོལ་སྐྱོན་བརྗོད་མཐའ་གཅིག་ཏུ་བྱེད་རྒྱུ་མ་ཟད། ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་གྱི་བར་དེ་སྲིད་དུ་རྒྱ་དམར་སྲིད་གཞུང་ལ་ངོ་རྒོལ་སྐྱོན་བརྗོད་དང་བོད་དོན་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མ་ཟད། ཕྱོགས་ཡོངས་ནས་རྡོག་རྩ་གཅིག་སྒྲིལ་གྱིས་བོད་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་དེ་བཞིན་སྒོ་གང་ས་ནས་སྔར་ལས་གཞི་རྒྱ་ཆེ་བ་དང་གཏིང་ཟབ་ཏུ་གཏོང་རྒྱུའི་འཆར་གཞི་དང་ཆོད་སེམས་བརྟན་པོ་ཡིན་ཞེས་ནན་བརྗོད་བྱེད་རྒྱུ་དང་བཅས། །

 

བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས།

བོད་རྒྱལ་ལོ་ ༢༡༤༩ ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༠ ཉིན།

གསུམ་བཅུའི་དུས་དྲན་སྲུང་བརྩིའི་ངོ་རྒོལ་ལས་འགུལ།

ཕྱི་ལོ་ ༡༩༥༩ ལོར་བོད་ས་ཁྱོན་ཡོངས་ལ་དྲག་པོའི་དམག་གིས་བཙན་བཟུང་བྱས་པ་མ་ཟད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་ལའང་ལྐོག་གཡོ་ངན་བྱུས་ཀྱིས་མཐོ་བརྩམས་པར་བརྟེན་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་ཆོལ་གསུམ་བོད་མི་སྟོང་ཕྲག་མང་པོས་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་༸རྒྱལ་བའི་སྐུ་ཕྱྭ་སྲུང་སྐྱོབ་སླད་ནོར་གླིང་ཕོ་བྲང་མཐའ་སྐོར་དུ་འདུ་འཛོམས་ཐོག་རྒྱ་དམག་འགོག་སྲུང་དང་། དེ་བཞིན་ “༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག” ཅེས་པའི་འབོད་སྒྲའི་འོག་འཚེ་མེད་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱིས་བོད་མིའི་རང་དབང་སྒེར་ལངས་ཐོག་མ་དེ་བྱུང་སྟེ་ད་བར་ལོ་ངོ་ཧྲིལ་པོ་ ༦༣ འཁོར་བའི་དུས་དྲན་སྲུང་བརྩི་དང་། དགྲ་བོ་རྒྱ་དམར་སྲིད་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་སྐྱོན་བརྗོད་ཀྱིས་གཞོན་ལྷན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་དེ་ཉིན་ཕྱི་ལོ་ ༢༠༢༢ ཟླ་ ༣ པའི་ཚེས་ ༡༠ ཉིན་ཏེ་གསུམ་བཅུའི་དུས་དྲན་ཐེངས་ ༦༣ པའི་བསྒྲགས་གཏམ་ཤོག་ངོས་གསུམ་ཅན་ཞིག་བོད་དབྱིན་གཉིས་ཐོག་ནས་སྤེལ་ཡོད་པ་མ་ཟད། བཞུགས་སྒར་དྷ་ས་དང་ལྡི་ལི། བྷེང་ལོར་བཅས་ས་ཁུལ་སོ་སོར་གསུམ་བཅུའི་དུས་དྲན་གྱི་ངོ་རྒོལ་ལས་འགུལ་གོ་སྒྲིག་ཞུས་ཡོད།

 

དེ་ཡང་གཞོན་ལྷན་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་ལྔ་ཡིས་གོ་སྒྲིག་དང་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་ཕོན་ཆེ་མཉམ་ཞུགས་ཀྱིས་མེག་གྷན་ནས་ཀ་ཅེ་རི་བར་རྒྱ་དམར་སྲིད་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་གོམ་བགྲོད་ལས་འགུལ་སྤེལ་བ་དང་། སྐབས་དེར་གོ་སྒྲིག་ཚོགས་ཆུང་ནང་གཞོན་ལྷན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཟུང་དྲུང་ཚེ་དབང་རབ་རྒྱས་ལགས་དང་། སྒྲིག་འཛུགས་འགན་འཛིན་སྤེན་པ་ཚེ་རིང་ལགས་རྣམ་གཉིས་གཙོས་པའི་གཞོན་ལྷན་བོད་ཡིག་ཉམས་ཞིབ་པ་དང་རྩིས་པ་ཡོད་པ་མ་ཟད། སྒྲིག་འགན་སྤེན་པ་ཚེ་རིང་ལགས་ནས་ཚོགས་པ་ལྔའི་སྐུ་ཚབ་ཀྱིས་བོད་སྐད་ཐོག་གཏམ་བཤད་ཡང་སྤེལ་གནང་ཡོད།

ཉིན་དེར་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་དང་དྲིལ་བསྒྲགས་འགན་འཛིན་བསྟན་འཛིན་ལྷ་མོ་ལགས། གཞོན་ལྷན་དབྱིན་ཇིའི་ཉམས་ཞིབ་པ་བསྟན་འཛིན་ནོར་འཛོམས་ལགས་བཅས་ནས་རྒྱ་གར་རྒྱལ་ས་ལྡི་ལིའི་ལས་འགུལ་གྱི་གོ་སྒྲིག་ཚོགས་ཆུང་གནང་ཏེ་སྔར་རྒྱུན་བཞིན་དགྲ་བོ་རྒྱ་དམར་སྲིད་གཞུང་གི་གཞུང་ཚབ་མདུན་ཐང་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བ་དང་། སྐབས་དེར་ལྡི་ལི་བསམ་ཡས་གླིང་ས་གནས་གཞོན་ལྷན་དང་རོ་ཧི་ནི་ས་གནས་གཞོན་ལྷན་གཉིས་ཀྱིས་མཐུན་འགྱུར་རོགས་རམ་གང་ལེགས་གནང་སྟེ་ལས་འགུལ་བ་སློབ་ཕྲུག་གྲངས་ ༧༠ ཙམ་ནས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ནང་མཉམ་ཞུགས་ཐུབ་པ་བྱུང་བ་མ་ཟད་རྒྱ་གར་གྱི་གསར་འགྱུར་རྒྱུད་ལམ་ཁག་འདྲ་མིན་ནང་ལ་ཡང་དྲིལ་བསྒྲགས་ཤུགས་ཆེ་སྤེལ་ཐུབ་པ་བྱུང་ཡོད། སྐབས་དེར་ལས་འགུལ་བ་ཆ་ཚང་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་མན་དྷིར་མག་ཉེན་རྟོག་ཁང་དུ་དགོང་དྲོ་ཕྱག་ཚོད་ ༦ པའི་བར་བཀག་ཉར་དང་། ཉེན་རྟོག་ཁང་ནས་གློད་བཀྲོལ་བྱུང་མཚམས་ལས་འགུལ་བ་ཡོངས་ནས་ལྡི་ལི་བསམ་ཡས་གླིང་གཞིས་སྒར་དུ་ས་གནས་གཞོན་ལྷན་དང་ས་གནས་བུད་མེད་གཉིས་ཀྱིས་གོ་སྒྲིག་ཞུས་པའི་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ནང་མཉམ་ཞུགས་བྱས་ཏེ་ཉིན་དེའི་ལྡི་ལི་ལས་འགུལ་གང་ལེགས་སྤེལ་ཐུབ་པ་བྱུང་ཡོད།

རྒྱ་གར་ལྷོ་ཕྱོགས་བྷེང་ལོར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་དང་། རིག་གཞུང་འགན་འཛིན་ཡེ་ཤེས་ཆོས་འཕེལ་ལགས་རྣམ་གཉིས་ཀྱིས་སྣེ་ཁྲིད་དང་། བྷེང་ལོར་ས་གནས་གཞོན་ནུའི་མཐུན་འགྱུར་འོག་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་དུ་གསུམ་བཅུའི་དུས་དྲན་སྲུང་བརྩིའི་ལས་འགུལ་སྤེལ་གནང་ཡོད། སྐབས་དེའི་ལས་འགུལ་ནང་བྷེང་ལོར་ཁུལ་གྱི་གཞོན་སྐྱེས་གྲངས་ ༡༠༠ ཙམ་ནས་མཉམ་ཞུགས་ཀྱིས་ (MG Road) ནས་གསར་འགོད་ལྷན་ཁང་ (Press Club) བར་ངོ་རྒོལ་སྐད་འབོད་ཀྱི་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་ཡོད་པ་མ་ཟད། ས་གནས་ཀྱི་གསར་འགྱུར་རྒྱུད་ལམ་ཁག་གི་གསར་འགོད་པ་མང་དག་ཅིག་གདན་ཞུས་ཀྱིས་དུས་དྲན་སྲུང་བརྩིའི་མཛད་སྒོ་ཚོགས་གནང་ཡོད། མཛད་སྒོའི་སྐུ་མགྲོན་དུ་བྷེང་ལོར་ཁུལ་གྱི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ནི་རན་ཇན་(Mr Niranjan ) མཆོག་དང་། རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Mr Raj Shekhar ) མཆོག དེ་བཞིན་ཀར་ན་ཊ་ཀ་མངའ་སྡེའི་ས་གནས་(JP) སྐུ་ཚབ་ཚོགས་མི་(Mr Bharat ) བཅས་གདན་ཞུས་ཀྱིས་དུས་དྲན་སྲུང་བརྩི་དང་འབྲེལ་བའི་གཏམ་བཤད་ཀྱང་སྤེལ་གནང་ཡོད། སྐབས་དེར་གཞོན་ལྷན་སྤྱིི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས་དུས་དྲན་སྲུང་བརྩི་དང་འབྲེལ་བའི་གཏམ་བཤད་སྤེལ་གནང་སྟེ། བོད་ནང་དགྲ་བོ་རྒྱ་དམར་སྲིད་གཞུང་ནས་མུ་མཐུད་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་དག་མཚམས་འཇོག་དགོས་པའི་དགོས་འདུན་གཏོན་གནང་ཡོད་པ་མ་ཟད། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་གནད་ཡོད་མི་སྣ་རྣམས་ནས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་སྤེལ་མཚམས་སུ་གཞོན་ལྷན་རིག་གཞུང་འགན་འཛིན་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་དང་བཅས་ལས་འགུལ་མཇུག་སྒྲིལ་གནང་ཡོད། སྐབས་འདིའི་ལས་འགུལ་ནང་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གཞོན་སྐྱེས་སློབ་ཕྲུག་གང་མང་ཞིག་མཉམ་ཞུགས་ཐུབ་པ་བྱུང་བ་མ་ཟད། གསར་འགྱུར་རྒྱུད་ལམ་ཁག་ཏུའང་བོད་དོན་ཆབ་སྲིད་དང་འབྲེལ་བའི་བོད་དོན་ཁྱབ་བསྒྲགས་ཀྱི་གནས་ཚུལ་བཀོད་ཐུབ་པ་བྱུང་ཡོད།

མེག་གྷན་དུ་གདུང་སེམས་མཉམ་སྐྱེད་ཀྱི་མར་མེའི་ཁྲོམ་སྐོར།

མེག་གྷན་དུ་གདུང་སེམས་མཉམ་སྐྱེད་ཀྱི་མར་མེའི་ཁྲོམ་སྐོར།

བོད་རྒྱལ་ལོ་ ༢༡༤༩ སྤྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༧ ཉིན་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔའི་གོ་སྒྲིག་དང་བཞུགས་སྒར་ཁུལ་གྱི་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་མཉམ་ཞུགས་ཐོག་བོད་ནང་གི་གཞས་པ་གྲགས་ཅན་རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུ་ལགས་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རྒྱ་གཞུང་ལ་ངོ་རྒོལ་སླད་སྐུ་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་སོང་བར་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ཞིག་གོ་སྒྲིག་ཞུས་ཡོད་པ་མ་ཟད། སྐབས་དེར་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་མཆོག་ནས་དབྱིན་སྐད་ནང་གཏམ་བཤད་སྤེལ་ཏེ་བོད་ནང་གི་ཛ་དྲག་གནས་སྟངས་གསལ་བཤད་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོང་སླད་བོད་མི་མི་རེ་ངོ་རེ་ནས་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ཀྱི་མགྲིན་ཚབ་པ་ཡིན་བསམ་པའི་བསམ་བློ་མ་དོར་བར་དུས་ནམ་ཡིན་ལ་ལས་འགུལ་ནང་མཉམ་ཞུགས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཏེ་ལས་འགུལ་གང་ལེགས་བྱུང་ཡོད།

མོན་གྷོ་ས་གནས་གཞོན་ལྷན་གྱི་ ༥༠ དུས་དྲན་སྲུང་བརྩིའི་མཛད་སྒོར་མཉམ་ཞུགས།

མོན་གྷོ་ས་གནས་གཞོན་ལྷན་གྱི་ ༥༠ དུས་དྲན་སྲུང་བརྩིའི་མཛད་སྒོར་མཉམ་ཞུགས།

བོད་རྒྱལ་ལོ་ ༢༡༤༨ སྤྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༢༤ ཉིན་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་མོན་གྷོ་ས་གནས་གཞོན་ལྷན་གྱི་ ༥༠ དུས་དྲན་སྲུང་བརྩིའི་མཛད་སྒོར་སྐུ་མགྲོན་གཙོ་བོར་གདན་ཞུས་སྟར་ཆེད་བཅར་གྱིས་མཛད་སྒོར་གཞོན་ལྷན་སྒྲིག་འཛུགས་ཀྱི་གལ་གནད་རང་བཞིན་ཐོག་གཏམ་བཤད་སྤེལ་ཡོད་པ་མ་ཟད། ཕྱི་ཚེས་ ༢༦ ཉིན་ཚོགས་གཙོ་མཆོག་ནས་གཞོན་ནུའི་གོ་སྒྲིག་འོག་ས་གནས་ཚོགས་མི་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ངོ་སྤྲོད་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་མི་མང་གི་དྲི་བར་ལན་འདེབས་གསལ་བཤད་གང་ལེགས་བྱུང་སྟེ། ཉིན་རྒྱབ་ཕྱག་ཚོད་ ༣:༠༠ པ་ནས་བར་ལམ་མོན་གྷོ་ས་གནས་གཞོན་ནུ་རུ་ཁག་ ༩ ཡོད་པའི་ནང་ནས་རུ་ཁག་ ༢ པ་དང་ ༤ པར་དཀའ་ངལ་ཕྲན་བུ་ཡོད་པ་རྣམས་གཙང་སེལ་གྱིས་ལས་དོན་ལེགས་གྲུབ་ཀྱི་གཏམ་བཟང་གནས་ཚུལ་བྱུང་ཡོད།

དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་སྐྱོན་བརྗོད་ཀྱི་ལྡི་ལིར་ལས་འགུལ།

དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་སྐྱོན་བརྗོད་ཀྱི་ལྡི་ལིར་ལས་འགུལ།

ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༤ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱལ་སྤྱིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་བཞིན་དངོས་སུ་འགོ་འཛུགས་བྱེད་ཉིན་དང་སྟབས་བསྟུན་གྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གཞིས་རྒྱ་ཆེ་བའི་ལས་འགུལ་སྤེལ་འཆར་གྱི་གྲ་སྒྲིག་གང་ཙམ་བྱས་རུང་། རྒྱ་ནད་ཏོག་དབྱིབས་རིམས་ནད་ཀྱི་སྒྲིག་གཞིའི་ཚད་བཀག་དང་། རྒྱ་གར་གྱི་གྲོས་ཚོགས་ཚོགས་དུས་དང་སྐབས་ཁེལ་ཡོད་སྟབས་འཆར་གཞི་གཞིར་བཟུང་ལས་འགུལ་སྤེལ་ཐུབ་མེད་རུང་། འབྲེལ་ཡོད་དཔོན་རིགས་ཁག་ལ་འབྲེལ་བ་དང་། ས་གནས་ཀྱི་ཉེས་ཏོག་དཔོན་སོགས་ནས་དགོངས་ཞུའི་ཆོག་ཆེན་གྱིས་རྒྱ་ནག་གཞུང་ཚབ་ཉེ་ཁྲིས་ཀྱི་ (Teen Murti Chowk) རུ་ཞི་རྒོལ་སྐད་འབོད་རྒྱག་རྒྱུའི་ཆོག་ཆེན་ཐོབ་ཡོད།

ཉིན་དེར་ལྡི་ལི་བསམ་ཡས་གླིང་དང་རོ་ཧི་ནི་ས་གནས་གཞོན་ལྷན་གྱི་མཐུན་འགྱུར་རོགས་རམ་འོག་བསམ་ཡས་གླིང་བོད་མིའི་གཞིས་སྒར་གྱི་མི་མང་དང་། རོ་ཧི་ནི་བོད་ཁྱིམ་སྡོད་ཁང་གི་སློབ་མ། དེ་བཞིན་ལྡི་ལི་བྷོཌ་ཝི་ཧར་དང་། ལལ་ཀེ་ལ་བཅས་ནས་མི་མང་ཕོན་ཆེ་འདུ་འཛོམས་ཀྱིས། ངོ་རྒོལ་སྐད་འབོད་དང་། གོམ་བགྲོད་ལས་འགུལ་འགོ་འཛུགས་མ་བྱས་གོང་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས་དབྱིན་བོད་གཉིས་ནང་གཏམ་བཤད་སྤེལ་ཏེ་རྒྱ་ནག་ཏུ་ཚོགས་རྒྱུའི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་སྐད་འབོད་ཀྱི་དགོས་དམིགས་དང་། བོད་མི་རྣམས་ནས་མུ་མཐུད་ལས་འགུལ་སྤེལ་དགོས་པའི་གལ་གནད་སོགས་ཀྱི་ཐད་གཏམ་བཤད་སྤེལ་གནང་ཡོད། དེ་རྗེས་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ནས་དབྱིན་སྐད་གྱི་བསྒྲགས་གཏམ་སྒྲོག་སྦྱང་དང་། ཟུང་དྲུང་ཚེ་དབང་རབ་རྒྱས་ལགས་ནས་ཧིན་སྐད་ནང་བསྒྲགས་གཏམ་སྒྲོག་སྦྱང་གནང་སྟེ་གོམ་བགྲོད་དངོས་སུ་འགོ་འཛུགས་བྱས་ཡོད་པ་མ་ཟད། དང་བླངས་ལས་འགུལ་བ་ཁག་གཅིག་ནས་ངོ་རྒོལ་སྐད་འབོད་ཀྱིས་མདུན་མཆོང་གནང་སྐབས་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཅ་ན་ཀེའི་པུ་རིའི་བཙོན་ཁང་དུ་ཉིན་ཕྱེད་རིང་བཀག་ཉར་བྱས་ཡོད།

ཉིན་དེའི་དགོང་མོར་ལྡི་ལི་བསམ་གཡས་གླིང་ས་གནས་གཞོན་ལྷན་གྱིས་གོ་སྒྲིག་འོག་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་མར་མེའི་ཁྲོམ་སྐོར་ཞིག་གོ་སྒྲིག་ཞུས་ཏེ་ལས་འགུལ་ནང་མཉམ་ཞུགས་གནང་མཁན་རྣམས་ལ་ཐུགས་རྗེ་ལེགས་གསོལ་ཞུས་ཡོད་པ་མ་ཟད། སྐབས་དེར་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས་གཏམ་བཤད་གནང་སྟེ་མི་མང་རང་བཞིན་གྱི་ལས་འགུལ་ནང་མི་མང་གང་མང་ནས་མཉམ་ཞུགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་འཐབ་རྩོད་ནང་ནུས་པ་སྤུངས་གནང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། བོད་མིའི་ནང་ཁུལ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་དགྲ་བོ་རྒྱ་དམར་གཞུང་གི་བྱ་ངན་སྤྱོད་ངན་རྣམས་ཐེར་འདོན་བྱ་དགོས་པའི་སྐུལ་མ་གནང་བའི་ཐོག་ཉིན་དེའི་ལས་འགུལ་མཇུག་སྒྲིལ་ཡོད།

ཉིན་དེར་བཞུགས་སྒར་དྷ་སར་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་ལྔ་ཐུན་མོང་ནས་རྒྱ་ནག་ཏུ་འགོ་འཛུགས་བྱས་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་སྐྱོན་བརྗོད་ཀྱིས་ཉིན་གང་བོར་བཞུགས་སྒར་རྡ་སའི་ཁྲོམ་གཞུང་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་གཞོན་ལྷན་སྒྲིག་འགན་སྤེན་པ་ཚེ་རིང་ལགས་ནས་མཉམ་ཞུགས་གནང་ཡོད།

ཨམ་བྷ་ལར་མེ་སྐྱོན་དང་། གཞོན་ལྷན་གྱི་རོགས་རམ།

ཨམ་བྷ་ལར་མེ་སྐྱོན་དང་། གཞོན་ལྷན་གྱི་རོགས་རམ།

ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༢༡ ཉིན་རྒྱ་གར་གྱི་མངའ་སྡེ་ཧར་ཡ་ནའི་གྲོང་ཁྱེར་ཨམ་བྷ་ལར་རིགས་རུས་གཅིག་པའི་བོད་མིའི་སུད་ཚོང་ཁྲོམ་སར་མེ་སྐྱོན་བྱུང་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གདུང་སེམས་མཉམ་སྐྱེད་ཀྱིས་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་དང་། གཞོན་ལྷན་བོད་ཡིག་ཉམས་ཞིབ་པ་ངག་དབང་ཡར་འཕེལ་ལགས་རྣམ་གཉིས་ས་གནས་ས་ཐོག་ཏུ་ཆེད་བཅར་དང་།

ཡུལ་དངོས་ཀྱི་གནས་སྟངས་ལ་གཟིགས་ཞིབ་གནང་ཡོད་པ་མ་ཟད། མེ་སྐྱོན་གྱི་རྐྱེན་པས་གྱོང་གུད་ཕོག་པའི་བོད་མི་རྣམས་ལ་ཐུག་འཕྲད་ཀྱིས་སེམས་གསོ་དང་། གཞོན་ལྷན་གྱི་འཕྲལ་སེལ་ཞལ་འདེབས་ཧིན་སྒོར་འབུམ་གཅིག ༡,༠༠,༠༠༠། ཕུལ་ཡོད། ད་དུང་གཞོན་ལྷན་ཁྱབ་ཁོངས་ས་གནས་རྣམས་ནས་ཞལ་འདེབས་བསྡུ་རུབ་ཀྱིས་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུ་ཡིན་པ་ཡང་ཞུས་ཡོད།

Back To Top