ལོ་ངོ་དྲུག་བཅུའི་འཐབ་རྩོད།

ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་རྒྱ་ནག་གཞུང་གིས་བོད་ས་དབང་བསྒྱུར་བྱེད་པར་མ་བཟོད་པར་བོད་མིའི་རང་དབང་སྒེར་ལང་བྱུང་བར་དྲག་པོའི་བཙན་གནོན་བྱས་པའི་རྗེས་སུ་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་གཞུང་གི་གནད་ཡོད་མི་སྣ་རྣམས་རྒྱ་གར་གཙོ་བོར་གྱུར་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་ཆབ་སྲིད་ཀྱི་སྐྱབས་བཅོལ་འཚོལ་དུ་ཕེབས་དགོས་བྱུང་བ་དང་དེའི་རྗེས་སུ་བོད་མི་སྟོང་ཕྲག་ ༨༠༠༠༠ ལྷག་བྲོས་བྱོལ་དུ་ཡོང་དགོས་བྱུང་ཡོད། བཙན་བྱོལ་ནང་དེང་དུས་མང་གཙོའི་རྩ་དོན་གཞིར་བཞག་གི་ཐོག་ནས་བོད་གཞུང་བསྐྱར་འཛུགས་གནང་ཡོད་པ་དང་གཞུང་གི་བྱེད་སྒོ་སྣེ་འཁྲིད་ལེགས་འགྲིག་ཡོང་ཕྱིར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གསར་པ་ཞིག་ལག་བསྟར་རྒྱུན་འཁྱོངས་བྱེད་ཡོད་པ་རེད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་དབུ་ཁྲིད་འོག་བཙན་བྱོལ་བོད་གཞུང་གིས་བོད་མི་རྣམས་དང་འབྲེལ་བའི་གནད་དོན་ཡོད་ཚད་འཛིན་སྐྱོང་བྱེད་དགོས་ཤིང་བོད་ཀྱི་རང་དབང་རང་བཙན་བསྐྱར་གསོའི་ཡོང་ཕྱིར་འཐབ་རྩོད་ཀྱི་སྣེ་ཁྲིད་བྱེད་དགོས་ཀྱི་ཡོད་པ་དང་། ༸གོང་ས་མཆོག་ལ་བོད་མི་མང་གི་འཐུས་ཚབ་ལྷན་ཚོགས་ཀྱིས་བདམས་ཐོན་བྱུང་བའི་བློན་ཆེན་ལས་ཁུངས་ཀྱིས་དབུ་འོག་དཔུང་འདེགས་བྱ་དགོས་ཀྱི་ཡོད་པ་རེད། བོད་མི་མང་འཐུས་ཚབ་ལྷན་ཚོགས་ཞེས་པ་དེ་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལྟར་གྱི་ལས་དོན་སྒྲུབ་བཞིན་ཡོད་པ་དང་འཐུས་ཚབ་ཚོགས་མི་རྣམས་མང་གཙོའི་ལུགས་དང་མཐུན་པ་མི་མང་གིས་འོས་ཤོག་འཕེན་པ་བརྒྱུད་ནས་འདེམས་བསྒྲུག་བྱ་དགོས་ཀྱི་ཡོད་པ་རེད། གཞིས་བྱེས་གཉིས་སུ་གནས་པའི་བོད་མི་མང་ལ་མཚོན་ན་བཙན་བྱོལ་བོད་གཞུང་བོད་ཀྱི་ཁྲིམས་མཐུན་གྱི་གཞུང་ངོ་མ་དེ་ཡིན་པ་རེད།

བཙན་བྱོལ་བོད་གཞུང་ལས་ཁུངས་འགའ་ཤས་འདུས་པ་ལས་གྲུབ་པ་ཞིག་སྟེ། དེ་དག་ནི་ནང་སྲིད་ལས་ཁུངས་དང་། ཤེས་རིག་ལས་ཁུངས། ཆོས་རིགས་ལས་ཁུངས། ཕྱི་དྲིལ་ལས་ཁུངས། དཔལ་འབྱོར་ལས་ཁུངས། འཕྲོད་བསྟེན་ལས་ཁུངས། བདེ་སྲུང་ལས་ཁུངས་བཅས་ཡིན་པ་དང་། ལས་ཁུངས་དེ་དག་ཕུད་རང་སྐྱོང་ངམ་རང་དབང་ཅན་གྱི་ལྷན་ཁང་འགའ་ཤས་ཡོད་པ་ནི་རྩིས་ཞིབ་ལྷན་ཁང་དང་། དམངས་ཚོགས་ཞབས་ཞུའི་ཚོགས་ཆུང་། ལས་བྱེད་འདེམས་བསྐོ་ལྷན་ཁང་དང་། འཆར་འགོད་ལས་ཁུངས་བཅས་ཡིན་པ་དང་དེ་དག་སོ་སོ་བཅའ་ཁྲིམས་ནང་དམིགས་བསལ་གྱི་གསལ་ཁ་བཏོད་ཡོད་པའི་ལས་ཁུངས་གྲས་སུ་བཞག་ཡོད་པ་རེད།

བོད་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ཞེས་པའི་རང་དབང་ལྡན་པའི་ཁྲིམས་ཞིབ་ལྷན་ཚོགས་ཤིག་ཡོད་པ་རེད།
བོད་མི་སྐྱབས་བཅོལ་བ་འཛམ་གླིང་ས་ཆ་གང་སར་གྲམ་ནས་གནས་ཡོད་པའི་ཁྲོད་ནས་མང་ཆེ་ཤོས་རྒྱ་གར་དང་། བལ་ཡུལ། འབྲུག་བཅས་སུ་ཡོད་པ་དང་། རྒྱ་གར་ནང་ས་ཞིང་འདེབས་ལས་བྱེད་མཁན་གཞིས་ཆགས་ཁག་ ༢༢ གསར་འཛུགས་བྱས་ཡོད་པ་དང་། སོ་ནམ་བཟོ་ལས་ལྟེ་གནས་ ༢༡ ། ལག་ཤེས་བཟོ་རིག་ལྟེ་གནས་ ༡༠ གསར་འཛུགས་བྱས་ཡོད། དེ་བཞིན་བོད་ཀྱི་གཞོན་སྐྱེས་རྣམས་ལ་གནའ་དེང་ཟུང་གི་ཤེས་ཡོན་སྤྲོད་ཡུལ་བོད་ཀྱི་སློབ་གྲྭ་ཁག་ ༨༣ ལྷག་བརྒྱབ་ཡོད་པ་དང་། རྒྱ་ནག་གི་དབང་སྒྱུར་འོག་ནས་རྩ་སྟོངས་སུ་འགྲོ་ལ་ཉེ་བའི་བོད་ཀྱི་ཕུན་སུམ་ཚོགས་པའི་མེས་པོའི་ཤུལ་ནོར་དང་རིག་གཞུང་བཅས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོར་རམ་འདེགས་ཡོང་ཕྱིར་གྲྭ་བཙུན་ ༡༠༠༠༠ བརྒལ་བས་སློབ་གཉེར་བྱ་ཡུལ་དགོན་སྡེ་དང་རིག་གཞུང་ལྟེ་གནས་ཁག་ ༡༦༠ གསར་འཛུགས་བྱས་ཡོད།
རིག་གཞུང་ལྟེ་གནས་ཁང་དང་གཞིས་ཆགས་འདྲ་མིན་ཡོད་པ་ཕུད་གཞུང་འབྲེལ་མ་ཡིན་པའི་ལྟེ་གནས་ཁང་བརྒྱད་ཡོད་པ་སྟེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ཚོགས་པ། ཆོལ་ཁ་གསུམ། མངའ་རིས་སྐྱིད་སྡུག་ཚོགས་པ། དགུ་བཅུ་གསུམ། མཉམ་འབྲེལ་ཆིག་སྒྲིལ་ཚོགས་པ་སོགས་དང། ད་དུང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མཛུབ་སྟོན་འོག་ནས་བྱུང་བའི་ཆབ་སྲིད་ཚོགས་པ་གཅིག་པུ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ནི་ཕྱི་ལོ་ ༡༩༩༥ ལོར་གསར་འཛུགས་གནང་ཡོད་པ་ཞིག་རེད།འདས་པའི་མི་ལོ ༤༠ རིང་གི་བཙན་བྱོལ་ནང་བོད་མི་སྐྱབས་བཅོལ་བ་རྣམས་ཀྱིས་སོ་སོའི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་རྒྱུན་འཛིན་ཡོང་བར་ལས་དོན་བསྔགས་འོས་སུ་བསྒྲུབས་ཡོད་པ་དང་། བོད་ཀྱི་གནད་དོན་དང་འབྲེལ་བའི་ལས་དོན་ཐོག་རྒྱལ་སྤྱིའི་རོགས་སྐྱོར་ངོ་ཚབ་ཁང་ངམ་ལས་ཁུངས་དུ་མས་བོད་མི་སྐྱབས་བཅོལ་བ་རྣམས་དང་མཉམ་ལས་བྱས་ཡོད་སྟབས། ད་ལྟའི་འཛམ་གླིང་ལོ་རྒྱུས་ནང་སྐྱབས་བཅོལ་གཞིས་ཆགས་གསར་འཛུགས་ཁྲོད་ནས་ཚགས་ཚུད་ལེགས་གྲུབ་བཟང་ཤོས་སུ་གྱུར་ཡོད་པ་རེད།

 

བོད་རྒྱ་འབྲེལ་མོལ།

 

བོད་གཞུང་བཙན་བྱོལ་དུ་འབྱོར་ནས་བར་སྟོང་བཅུ་ཕྲག་གཉིས་ཙམ་གྱི་རྗེས་སུ་རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་འབྲེལ་མཐུད་འཛུགས་རྒྱུའི་འདོད་མོས་ཡོད་སྐོར་ཚོད་བགམ་འདྲི་ཞིབ་ཀྱི་ཚུལ་དུ་ཁོ་ཚོའི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་ཧོང་ཀོང་ནང་འགྲེལ་བརྗོད་བྱེད་བཞིན་ཡོད་སྟབས། ༸གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གིས་བཟང་ཕྱོགས་ཀྱི་ལན་འདེབས་བྱས་པའི་འབྲས་བུར་བརྒྱུད་རིམ་ལྡན་པའི་དངོས་ཐོག་བདེན་འཚོལ་གྱི་གཟིགས་སྐོར་སྐུ་ཚབ་བོད་ནང་ཕེབས་ཐུབ་ཡོད་པ་དང་རྒྱ་ནག་ནང་མྱུལ་ཞིབ་དོན་གཅོད་བསྐྱོད་ཐུབ་པ་བྱུང་ཡོད། བརྒྱུད་རིམ་ཡོངས་རྫོགས་སུ་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གཞུང་དང་དངོས་གསལ་དོད་ལ་ལྷག་བསམ་རྣམ་དག་གི་ཀུན་སློང་ཐོག་ནས་བསྟུན་ཅི་ཐུབ་བྱས་ཡོད་པ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དུས་ཡུན་རིང་པོ་ཞིག་ནས་རྒྱ་ནག་གི་ཁེ་ཕན་ལ་མཐུན་འགྱུར་ཡོང་ཕྱིར་སྣེ་ཁྲིད་རིམ་པ་བསྟར་ཆགས་སུ་དུ་མ་མཛད་ཡོད་པའི་ཁྲོད་ནས་ ༡༩༨༧ ལོའི་ཞི་བའི་གྲོས་འཆར་དོན་ཚན་ལྔ་དང་དེའི་རྗེས་འབྲས་སུ་ ༡༩༨༨ ལོའི་སི་ཏྲར་སི་བྷོར་ཀིའི་དགོངས་འཆར་ལྟ་བུ་རེད། རྒྱ་ནག་གཞུང་གིས་ཚུལ་དང་མཐུན་པ་བཟང་ཕྱོགས་ཀྱི་ལན་འདེབས་བྱ་རྒྱུའི་ཚབ་ཏུ་བོད་ཀྱི་གནད་དོན་དེ་༸གོང་ས་ཏཱ་ལའི་བླ་མ་སྐུ་སྒེར་གྱི་བདེ་དོན་གྱི་གནད་དོན་ཞིག་ཏུ་བསྒྱུར་རྩིས་ཀྱི་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བྱས་དང་བྱེད་བཞིན་པ་ཡིན་པ་དང་རྒྱ་ནག་གིས་བོད་ཐོག་འཛིན་པའི་ཀུན་སློང་ཕྱི་ལོ་ ༡༩༩༢ ཟླ་ ༩ པའི་ནང་བོད་ཀྱི་གནས་སྟངས་སྐོར་ལ་ཡིག་ཆ་དཀར་པོ་ཟེར་བ་ཞིག་བཏོན་པ་དེས་གསལ་པོ་བསྟན་ཡོད་པ་རེད། ཡིག་ཆ་དེས་བོད་ཀྱི་སྐོར་ལ་རྒྱ་ནག་གི་ཡང་ཡང་ལུང་འདྲེན་བྱེད་པའི་རྩོད་གཞི་རྣམས་བསྐྱར་བཟློས་བྱས་ཡོད་པས་མ་ཚད་ད་ལྟའི་རྒྱ་ནག་གི་ཆབ་སྲིད་ཁེ་ཕན་ཡོང་ཕྱིར་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཡོད་པ་རེད། དེའི་རྐྱེན་པས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ “འདུ་ཤེས་གཙང་མ་ཞིག་གི་ཐོག་ནས་བལྟས་ན་ངས་མ་འོངས་པར་སྲིད་བྱུས་འདིར་ཡུན་རིང་པོར་བསྟུན་ཐུབ་ས་མ་རེད། ངའི་ལས་འགན་ནི་མ་འོངས་པའི་དུས་ཚོད་ནང་བོད་རང་དབང་འཐབ་རྩོད་ཀྱི་ལང་ཕྱོགས་ཇི་ལྟར་འཛིན་པ་བོད་རྒྱ་ཆེ་མི་དམངས་ལ་བཀའ་མོལ་གནང་རྒྱུ་དེ་རེད་” ཅེས་གསུངས་ཡོད་པ་རེད།རྩ་འཛིན་སྲིད་བྱུས་འདི་ལ་གཞིར་བཅོལ་ནས་བཙན་བྱོལ་བོད་གཞུང་གིས་འབྱུང་འགྱུར་བོད་ཀྱི་བྱ་སྤྱོད་སྤེལ་གཞིའི་ལང་ཕྱོགས་ ༡༽ དབུ་མའི་ལམ། ༢༽ རང་བཙན། ༣༽ རང་ཐག་རང་གཅོད། ༤༽ བདེན་པའི་ཨུ་ཚུགས་བཅས་གནད་དོན་བཞིའི་ཐོག་མང་མོས་ཐག་གཅོད་བྱ་རྒྱུའི་དུས་ཚོད་རྒྱས་བཅད་བཟོས་ཡོད་པ་རེད། མང་མོས་འོས་བསྡུའི་ཆེད་དུ་གོང་འཁོད་ཀྱི་གདམས་ཀ་བཞི་གཏན་འབེབས་བཟོས་པའི་རྗེས་སུ་བོད་གཞུང་གིས་འོས་འཕེན་གྱི་དུས་ཚིགས་ཕྱི་ལོ་ ༡༩༩༦ ཟླ་ ༨ པ་མཐའ་མཇུག་ཡིན་པ་སྤྱིར་བསྒྲགས་གནང་ཡོད་ཀྱང་། མི་མང་གི་རེ་འདུན་ཡོང་བའི་རྒྱུ་མཚན་ལ་བརྟེན་ནས་ལོ་གཅིག་ཐོལ་པ་ཕྱིར་འགྱངས་བྱས་ཡོད་པ་རེད། ལོ་ཧྲིལ་པོ་གཉིས་ཀྱི་དུས་ཚོད་ནང་བོད་མི་དམངས་འཐུས་ཚབ་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ཧུར་བརྩོན་ཆེན་པོས་གདམས་ཀ་བཞིའི་ཐད་དུ་རྒྱ་ཆེ་མི་དམངས་གླེང་མོལ་སྐོར་བསྐྱོད་ཁྲིད་པ་དང་། ཟབ་སྦྱོང་སྤྲོད་པ། བགྲོ་གླེང་དང་ཚོགས་ཆེན་བསྐོང་བའི་ལས་འཁུར་ཞུས་ཡོད་པ་རེད། བཙན་བྱོལ་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་སུ་གྱུར་ཡོད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གཞུང་ཞབས་ཟུར་པ་དང་ཤེས་ཡོན་པ་རྣམས་ཚོགས་འདུ་བསྐོང་བ་དང་བཀའ་བསྡུར་རིམ་པར་གནང་གྲུབ་པའི་མཐའ་མཇུག་ཏུ་བོད་མི་རྣམས་ལ་མང་མོས་འོས་བསྡུ་བཀོད་སྒྲིག་བྱ་རྒྱུའི་དུས་ཚོད་མ་རན་པ་དང་མཐུན་རྐྱེན་དུ་འགྲོ་གི་མེད་པ་ངེས་ཤེས་རྙེད་སྟབས། མང་མོས་འོས་བསྡུའི་ལས་རིམ་ཕྱིར་འཐེན་དགོས་པའི་ལས་འགུལ་སྤེལ་ཡོད་པ་རེད། རྒྱས་བཅད་བཟོས་པའི་འོས་འཕེན་གྱི་དུས་ཚོད་མ་བསླེབས་སྔོན་དུ་བོད་གཞུང་གིས་མི་དམངས་ཁྲོད་ནས་བསམ་ཚུལ་བསྡུ་རུབ་ཀྱི་ལས་རིམ་ཞིག་གཉེར་ཡོད་པ་དང་། དེའི་ནང་མི་འབོར་བརྒྱ་ཆ་ ༦༦ ལྷག་གིས་མང་མོས་འོས་བསྡུ་མི་དགོས་པའི་འགྲེལ་བརྗོད་གནང་ཡོད་པ་རེད། བཙན་བྱོལ་བོད་ཀྱི་གྲོས་ཚོགས་ཀྱིས་མི་དམངས་ཀྱི་དཔྱད་ཁྲར་རྒྱབ་གཉེར་གྲོས་ཆོད་བཞག་གནང་ཡོད་པ་རེད།

 

བཙན་བྱོལ་བོད་གཞུང།

 

བཙན་བྱོལ་ནང་གི་བོད་གཞུང་།
མི་འབོར། ༡༥༠༠༠༠

གཞུང་གི་ལམ་ལུགས། མང་གཙོ།

གཞུང་གི་དབུ་ཁྲིད། ༸གོང་ས་ཏཱ་ལའི་བླ་མ་མཆོག

གཞུང་གི་བསྟི་གནས། རྒྱ་གར་གྱི་ཧི་མ་ལ་ཡའི་མངའ་སྡེ་རྡ་རམ་ས་ལ།

འོས་འདེམས། བོད་མི་མང་གི་འཐུས་ཚབ་དང་བཀའ་བློན་རྣམ་པ།

རྒྱལ་སྤྱིའི་ནང་ལས་ཁུངས་ཡོད་ས། ནེའུ་ཡོར་ཀི། ཝ་ཤིང་ཊོན་ ཌི་སི། ཇི་ནེ་ཝ། པ་རི་སི། ལོན་ཊོན། མོ་སི་ཀོའོ། བྷུ་ཏ་པེ་སི་ཏི། ཊོ་ཁི་ཡོ། བྷུ་རུའུ་སིལ། ཀན་བེན་རཱ། ཀ་ཏི་མན་ཊུ། ཐཱ་པིའེ། ལྷོ་ཨ་ཧྥི་རི་ཀ། ལྡི་ལི་གསར་པ།

འབྲི་ཀློག་ཚད་གཞི། བརྒྱ་ཆ་ ༧༥།

གཞུང་འབྲེལ་གསར་ཤོག བོད་ཀྱི་གསར་འཕྲིན། (དབྱིན་ཡིག། རྒྱ་གར་ཡི་གེ། ཧྥ་རན་སིའི་ཡི་གེ། རྒྱ་ནག་ཡི་གེ)
ཤེས་བྱ་དང་བོད་མི་རང་དབང་། (བོད་ཡིག)

 

Back To Top