རྒྱ་ནག་གི་དབང་བསྒྱུར།

 

ཕྱི་ལོ་ ༡༩༤༩ ཟླ་ ༩ པའི་ནང་དཀྲོག་རྐྱེན་ཅི་ཡང་མེད་པའི་ཐོག་ནས་རྒྱ་ནག་གུང་ཁྲན་གཞུང་གིས་བོད་ཤར་ཕྱོགས་སུ་བཙན་འཛུལ་བྱས་པ་དང་ཕྱི་ལོ་ ༡༩༥༠ ཟླ་ ༡༠ ཚེས་ ༡༩ ཉིན་ཆབ་མདོ་བདག་བཟུང་བྱས་ཡོད་པ་རེད། ཕྱི་ལོ་ ༡༩༥༠ ཟླ་ ༡༡ ཚེས་ ༡༡ ཉིན་བོད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱ་ནག་གི་དྲག་པོའི་དཔུང་འཛུལ་མཚམས་འཇོག་དགོས་པའི་ངོ་རྒོལ་བྱས་ཡོད་པ་རེད། ཨེལ་སེ་ཝེ་དྷོར་ (El Salvador) གཞུང་གིས་རྒྱ་ནག་གི་དྲག་རྒོལ་ལ་ཐེ་བྱུས་དགོས་པའི་བསམ་འཆར་བཏོན་ཡོད་ཀྱང་རྒྱལ་ཚོགས་ནང་བོད་དོན་གྱི་སྐོར་ལ་གྲོས་གཞི་བསླེབས་པ་དེ་དབྱིན་ཇི་དང་རྒྱ་གར་གཞུང་གི་འདོད་མོས་ལྟར་ཕྱིར་འགྱངས་བྱས་པ་རེད།

ཕྱི་ལོ་ ༡༩༥༠ ཟླ་ ༡༡ ཚེས་ ༡༧ ཉིན་༸གོང་ས་ཏཱ་ལའི་བཅུ་བཞི་པ་ཆེན་པོ་མཆོག་དགོངས་ལོ་བཅུ་དྲུག་ལས་སོན་མེད་ཀྱང་། བོད་ཀྱི་ཆོས་སྲིད་གཉིས་ཀྱི་སྐུ་དབང་ཡོངས་སུ་བཞེས་ཏེ་བོད་རྒྱལ་ཁབ་ཆེན་པོའི་དབུ་ཁྲིད་མཛད་གནང་བ་རེད། ཕྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན་བོད་རྒྱ་ཛ་དྲག་གནད་དོན་གྱི་སྐོར་ལ་ཞི་མོལ་ཡོང་ཕྱིར་པེ་ཅིང་དུ་བསྐྱོད་པའི་བོད་ཀྱི་སྐུ་ཚབ་ཚོགས་པར་བཙན་ཤེད་དང་བོད་ནང་དམག་དཔུང་བསྐྱར་སྣོན་གྱི་བྱ་སྤྱོད་སྤེལ་རྒྱུའི་འཇིགས་སྐུལ་འོག་“བོད་ཞི་བའི་བཅིངས་གྲོལ་གྱི་ཐབས་ལམ་སྤྱོད་ཕྱིར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེར་ས་རྟགས་བརྒྱབ་བཅུག་ཡོད་པ་རེད།” དེ་ནས་བཟུང་རྒྱ་ནག་གཞུང་གིས་ཡིག་ཆ་དེ་བེད་སྤྱོད་བཏང་ནས་ཁོ་ཚོའི་འཆར་གཞི་ཁག་ལག་བསྟར་བྱས་པར་བོད་མི་མང་གིས་འགོག་རྒོལ་ཤུགས་ཆེན་བྱས་ཡོད་པ་རྩིས་མེད་རྡོག་རོལ་བཏང་ནས་བོད་དེ་རྒྱ་ནག་གི་མི་སེར་སྤེལ་སའི་ལུང་པ་ཞིག་ཏུ་བསྒྱུར་པ་རེད།

ཕྱི་ལོ་ ༡༩༥༡ ཟླ་ ༩ ཚེས་ ༩ ཉིན་རྒྱ་དམག་སྟོང་ཕྲག་མང་པོ་ལྷ་ས་རུ་འཛུལ་པ་དང་། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་རྒྱལ་ཁྱབ་ཏུ་རྒྱ་ནག་གཞུང་ལ་བོད་མིའི་འགོག་རྒོལ་གྱི་ཚད་མཐོ་ཤོས་བོད་མིའི་རང་དབང་སྒེར་ལང་བྱུང་བས་རྒྱ་གཞུང་གིས་ཡ་ང་སྙིང་རྗེ་མེད་པའི་དྲག་པོའི་རྒོལ་ལན་བསློགས་ཏེ་ལྷ་སའི་ལམ་གཞུང་ཁག་དང་ས་ཁུལ་གཞན་པར་བོད་མི་སྐྱེ་བོ་ཕོ་མོ་བུ་ཕྲུག་སྟོང་ཕྲག་དུ་མ་སྡེབ་གསོད་བཏང་ཡོད་པ་རེད།

ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ ཉིན་༸གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་ཆབ་སྲིད་ཀྱི་སྐྱབས་བཅོལ་ཞུ་ཁར་ཕེབས་པ་དང་ཁོང་གི་རྗེས་སུ་བོད་མི་༨༠༠༠༠ སྐྱབས་བཅོལ་དུ་བསླེབས་པ་རེད། དཀའ་ཚེགས་ཆེ་བའི་གནས་སྟངས་འདི་ལྟ་བུ་ཞིག་གི་འོག་ནས་བོད་མི་ཧ་ཅང་མང་པོ་བཙན་ཤེད་ལ་མ་བཟོད་པར་སོ་སོའི་ཕ་ཡུལ་དང་ཁ་བྲལ་དགོས་བྱུང་བ་བོད་ཀྱི་ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ཁྲོད་དུ་སྔོན་ཆད་ནམ་ཡང་བྱུང་མྱོང་མེད་པ་ཞིག་དང་ད་ལྟའི་ཆར་འཛམ་གླིང་གང་སར་བོད་མི་སྐྱབས་བཅོལ་བ་ ༡༣༠༠༠༠ ལས་མང་བ་ཡོད་པ་རེད།

 

རྒྱ་ནག་གི་དབང་སྒྱུར་འོག་གི་ཟིན་ཐོ།

 

བོད་མི་ས་ཡ་ 1.2 ལས་མང་བ་་བསད་ཡོདཔ་རེད།

དགོན་པ་གྲྭ་ཚང་ ༦༠༠༠ བརྒལ་བ་གཏོར་བཤིག་བཏང་ཡོད་པ་རེད།

གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལོངས་སུ་སྤྱོད་པའི་རྐྱེན་གྱིས་བོད་མི་སྟོང་ཕྲག་དུ་མ་མུ་མཐུད་དུ་འཛིན་བཟུང་བཙོན་འཇུག་བྱེད་བཞིན་ཡོད་པ་རེད།

བོད་ཀྱི་རང་བྱུང་གཏེར་ཁ་དང་གས་ཆག་སླ་བའི་ཁོར་ཡུག་བསྐྱར་གསོ་བྱེད་ཐབས་མེད་པར་གཏོར་བཤིག་གཏོང་བཞིན་ཡོད་པ་རེད།

བོད་ནང་རྡུལ་ཕྲན་མཚོན་ཆའི་སྙིགས་རོ་ཕུང་གསོག་བྱ་ཡུལ་ཞིག་ཏུ་སྤྱོད་བཞིན་ཡོད་པར་དཔང་རྟགས་ཁོངས་སྐྱེལ་བྱེད་ཐུབ་ཀྱི་ཡོད་པ་རེད།

བོད་ནང་བོད་མི་ས་ཡ་ ༦ ལས་མང་བ་རྒྱ་མི་ས་ཡ་ ༧ དང་ཚེག་ ༥ རུ་འཕར་བཞིན་ཡོད་པ་རེད།

སྔོན་ཆད་རྒྱ་དཀར་ནག་དབར་དུ་བོད་དེ་ཞི་བདེ་ཅན་གྱི་བར་གནས་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་ཀྱང་ད་ཆར་གཞི་རྒྱ་ཆེ་བའི་དྲག་པོའི་དམག་གི་རྟེན་གཞི་ཞིག་ཏུ་བསྒྱུར་ཟིན་པ་རེད།

Back To Top