རྒྱ་གར་བྱང་ཤར་ས་གནས་ཁག་ལ་གཏམ་བཤད་སྐོར་སྐྱོད།

ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༢ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༥།༣༠ ཐོག་རྟ་དབང་ནས་ཐོན་ཏེ་ཉིན་རྒྱབ་ཕྱག་ཚོད་ ༡༢།༣༠ བསྟན་འཛིན་སྒང་ས་གནས་སུ་བདེ་འབྱོར་བྱུང་སྟེ་ཐོག་མར་ས་གནས་གཞོན་ལྷན་གྱི་ཚོགས་གཙོ་དང་ཐུག་འཕྲད་ཀྱིས་ས་གནས་ཀྱི་དངོས་ཡོད་གནས་སྟངས་རྒྱུས་ལོན་དང་། ས་གནས་རྒྱུན་ལས་གསར་པ་འདེམས་ཕྱོགས་སོགས་ཀྱི་ཐད་གོ་བསྡུར་ལྷུག་གླེང་བྱུང་ཡོད། དེ་རྗེས་ས་གནས་གཞིས་འགོ་གཙོས་པའི་ས་གནས་ཀྱི་ཚོགས་སྡེ་ཁག་ཐུན་མོང་ནས་ཉིན་གུང་གསོལ་སྟོན་གོ་སྒྲིག་ཞུས་གནང་ཡོད། ཉིན་རྒྱབ་ཕྱག་ཚོད་ ༡།༣༠ ཐོག་གཞོན་ལྷན་ཚོགས་མི་མང་ཚོགས་དང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། གཞོན་ལྷན་སྒྲིག་འཛུགས་སྲ་བརྟན་རྒྱུན་གནས་ཡོང་ཐབས་སོགས་ཀྱི་ཐད་གཏམ་བཤད་གོ་རྟོགས་སྤེལ་སྐབས་ས་གནས་མང་ཚོགས་ནས་ས་གནས་གཞོན་ལྷན་ཚགས་ཚུད་དགོས་གལ་དང་ས་གནས་རྒྱུན་ལས་གསར་པ་འོས་འདེམས་བྱས་ཚེ་ཚོགས་མིར་འཛུལ་ཞུགས་དང་འོས་མིར་ཞུགས་བློ་ཡོད་རིགས་སོགས་ཀྱི་དགོངས་ཚུལ་དུ་མ་ཞིག་བྱུང་ཏེ། སྐབས་དེར་ཚོགས་ཐོག་ནས་གཞོན་ལྷན་ལས་ཐོག་ཚོགས་གཙོ་གཙོས་པའི་འོས་བསྡུའི་ལས་རོགས་གཉིས་ལས་གྲུབ་པའི་ཚོགས་ཆུང་བཀོད་སྒྲིག་གིས་ས་གནས་རྒྱུན་ལས་གསར་པ་འོས་འདེམས་བྱ་རྒྱུའི་ཐག་གཙོད་གཏན་འབེབ་བྱུང་ཏེ་བསྟན་འཛིན་སྒང་ས་གནས་སྐོར་སྐྱོད་ཀྱི་ལས་དོན་ལེགས་གྲུབ་བྱུང་ཡོད།

བསྟན་འཛིན་སྒང་ས་གནས་ཀྱི་ལས་དོན་གྲུབ་མཚམས་ཕྱི་དྲོ་ཕྱོགས་ཐོན་གྱིས་དགོང་དྲོ་ཕྱག་ཚོད་ ༨།༣༠ ཐོག་ཨ་སམ་མངའ་སྡེའི་གྲོང་ཁྱེར་ (Tezpur) དུ་འབྱོར་མ་ཐག་སྤྱི་སྤྱོད་རླུངས་འཁོར་བརྒྱུད་དེ་དགོང་མཚན་གང་བོར་འགྲུལ་བཞུད་བྱས་ཏེ་ཕྱི་ཉིན་ཞོགས་པ་ཕྱག་ཚོད་ ༥།༣༠ ཐོག་ཏི་སུ་ཀི་ཡ་ཁྲོང་ཁྱེར་དུ་འབྱོར། དེ་ག་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་སུ་འབྱོར་མ་ཐག་མེའོ་ས་གནས་གཞོན་ལྷན་གྱི་ཚོགས་ཟུར་དང་ལས་ཐོག་ས་གནས་རྒྱུན་ལས་གཅིག་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཏེ་ཏི་ཛུ་ (Tezu) ས་གནས་སུ་ཐོན་གནང་ཡོད། དེ་ཉིན་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་ཏི་ཛུ་ས་གནས་སུ་འབྱོར་བ་དང་། སྐབས་དེར་ས་གནས་གཞིས་འགོའི་ལས་ཁང་གི་ལས་དྲུང་དང་ས་གནས་བུད་མེད་ཀྱི་ཚོགས་གཙོ་བཅས་ནས་དྭང་གཙང་གི་མཇལ་དར་སྒྲོན་གནང་གིས་ཕེབས་བསུའི་སྣེ་ལེན་ཞུས་རྗེས་ས་གནས་གཞོན་ལྷན་གྱི་ཚོགས་ཟུར་དང་ས་གནས་མཉམ་འབྲེལ་གྱི་ལས་ཐོག་དྲུང་ཆེ་ནས་མཉམ་འབྲེལ་གྱི་ལས་ཁུངས་ཁག་ལ་བལྟ་སྐོར་ཁྲིད་ཞོར་ས་གནས་གཞོན་ལྷན་གྱི་དངོས་ཡོད་གནས་སྟངས་གསལ་བཤད་ཀྱིས་སྔོན་མ་ས་གནས་ཚགས་ཚུད་ཡོད་ཚུལ། བར་དུ་ས་གནས་ཉམས་ཉེས་སུ་ཕྱིན་ཏེ་ད་ཆ་ས་གནས་གཞོན་ལྷན་མེད་ཚུལ་སོགས་ཀྱི་དངོས་ཡོད་ཀྱི་ཞིབ་ཕྲའི་གནས་ཚུལ་རྣམས་སྙན་གསེང་ཞུས། དེ་རྗེས་ས་གནས་བུད་མེད་ནས་ཉིན་གུང་ཞལ་ལག་གཤམ་གཏོན་གྲུབ་མཚམས་ས་གནས་མང་ཚོགས་དང་མཇལ་འཕྲད་ཀྱིས་གཏམ་བཤད་གོ་བསྡུར་གང་ལེགས་གནང་ཡོད་པ་དང་། སྐབས་དེར་ཚོགས་ཐོག་ནས་མཉམ་འབྲེལ་ཚོགས་གཙོ་དང་ས་གནས་བུད་མེད་ཚོགས་གཙོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ས་གནས་གཞོན་ནུའི་རྒྱུན་ལས་མི་འགྲོ་ཁག་གཅིག་གི་མཚན་གཞུང་བསྡུ་རུབ་དང་རྒྱུན་ལས་གསར་འདེམས་ཀྱི་ལས་ཁུར་བཞེས་གནང་ཡོང་བའི་རེ་སྐུལ་ཞུས་ཏེ་རྒྱུན་ལས་གསར་འདེམས་གང་མགྱོགས་གནང་རྒྱུའི་ཞལ་བཞེས་ཡང་ཐོབ་པར་བརྟེན་དེ་ཉིན་དགོང་དྲོ་མེའོ་ཆོས་འཕེལ་གླིང་གཞིས་ཆགས་སུ་ཕྱོགས་ཐོན་གནང་། མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་སྒར་དུ་འབྱོར་སྐབས་ས་གནས་གཞོན་ལྷན་གྱི་ཚོགས་གཙོ་གཙོས་པའི་རྒྱུན་ལས་རྣམས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཏེ་གསར་རྒྱག་ལེགས་གྲུབ་ཟིན་པའི་སྤྱི་ཁང་ནང་ཞལ་ལག་དང་སྡོད་གནས་སོགས་གོ་སྒྲིག་འཐུས་ཚང་གནང་།

ཕྱི་ཉིན་ཏེ་ཕྱི་ལོ་ ༢༠༢༢ ཟླ་ ༡༡ པའི་ཚེས་ ༢༤ ཉིན་གྱི་སྔ་དྲོ་ཐོག་མར་ས་གནས་གཞིས་འགོ་དབུས་པའི་དབུ་ལས་རྣམས་དང་མཇལ་འཕྲད། ས་གནས་ཀྱི་མཉམ་འབྲེལ། སྔོན་འགྲོ་སློབ་གྲྭ་དང་བུ་བཅོལ་ཁང་གཙོས་པའི་འཕྲོད་བསྟེན་ལས་ཁུངས་ཁག་ལ་བལྟ་སྐོར་གྲུབ་མཚམས་མེའོ་བསམ་བྷོ་ཊའི་སློབ་ཕྲུག་རྣམས་ལ་བོད་དོན་གོ་རྟོགས་ཀྱི་གཏམ་བཤད་སྤེལ་རྒྱུའི་ལས་རིམ་ཞིག་ཀྱང་བརྩམས་ཡོད། སྐབས་དེར་ཐོག་མར་སློབ་གྲྭའི་དགེ་ཆེའི་ལས་ཚབ་མཆོག་ནས་ངོ་སྤྲོད་ཀྱི་གཏམ་བཤད་དང་དེའི་རྗེས་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་མཆོག་ནས་གཞོན་ལྷན་གྱི་བྱང་ཤར་སྐོར་སྐྱོད་ཀྱི་ལས་གཞིའི་དམིགས་ཡུལ་དང་དགོས་དམིགས་སོགས་གསལ་བཤད་ཀྱི་ངོ་སྤྲོད་གཏམ་བཤད་དང་། སྤྱི་ཁྱབ་ཚོགས་གཙོ་མཆོག་ནས་ཐོག་མར་འཚམས་འདྲི་ཞུས་རྗེས་རྒྱལ་སྤྱིའི་ནང་རང་དབང་འཐབ་རྩོད་དང་འབྲེལ་བའི་ཡོངས་གྲགས་ཆེ་བའི་གླུ་གཞས་ (We Shall Overcome) ང་ཚོ་ལ་རང་བཙན་ཐོབ་ཀྱི་རེད་ཞེས་པ་དེ་བཞིན་སློབ་ཕྲུག་ཚོ་དང་ལྷན་དུ་སྐད་གསང་མཐོན་པོའི་ཐོག་ཐེངས་གསུམ་ཙམ་གཏོང་གནང་གིས་གཏམ་བཤད་དབུ་འཛུགས་ཞུས་ཡོད། གཏམ་བཤད་ཀྱི་ཐོག་མར་བོད་དེ་བཞིན་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིིན་པའི་བདེན་དཔང་ལོ་རྒྱུས་རྣམས་སློབ་ཕྲུག་ཚོར་དོན་བསྡུས་གོ་དེའི་ཐོག་ངོ་སྤྲོད་དང་། དེ་རྗེས་རྒྱ་ནག་དམར་ཤོག་སྲིད་བཞུང་ནས་བོད་དེ་བཟའ་སེམས་ཁོག་བཅངས་ཀྱིས་བཙན་འཛུལ་བྱས་ཚུལ། བར་དུ་མི་བསད་འཕྲོག་བཅོམ་གྱི་ལས་ངན་གང་དང་གང་བྱས་ཡོད་མེད། ཕྱིས་སུ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་གྱིས་བོད་མི་གྲངས་ལས་འདས་པ་ཞིག་འཇུ་བཟུང་བཙན་འཁྲིད་དང་དམར་གསོད་བཏང་ཚུལ། ད་ལྟའི་ཆར་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐད་གཏམ་བཤད་གནང་གྲུབ་མཚམས། སློབ་ཕྲུག་རྣམས་ལ་དྲི་བ་དྲིས་ལན་གྱི་ལས་འགུལ་བརྩམས་ཏེ་སློབ་ཕྲུག་དྲི་བ་གཏོང་མཁན་དང་ལན་རྒྱབ་མཁན་ཚང་མར་སྨྱུ་གུ་དང་མངར་ཆ་ཙམ་མ་ཟད་བོད་ཀྱི་ས་སོགས་རྔན་པ་སྤྲད་ཏེ་སློབ་གྲྭའི་ལས་རིམ་དེ་བཞིན་གང་ལེགས་བྱུང་ཡོད།

ཉིན་རྒྱབ་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་སྒར་གྱི་གཞོན་ལྷན་ཚོགས་མི་མང་ཚོགས་དང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་གཞོན་ལྷན་སྒྲིག་འཛུགས་ཀྱི་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐད་གཏམ་བཤད་སྤེལ་ཡོད་པ་དང་། སྐབས་དེར་གཞིས་སྒར་གྱི་གནད་ཡོད་མི་སྣ་རྣམས་སྡིངས་ཆའི་སྟེང་མཉམ་ཞུགས་དང་། ཚོགས་ཁང་ནང་ཚོགས་མི་མང་ཚོགས་ཀྱི་ཁེངས་ཏེ་མང་ཚོགས་ཁག་གཅིག་ཕྱིའི་སྒོ་དང་སྒེ་ཁུང་སོགས་ནས་ཐུགས་སྣང་ཆེན་པོས་གཏམ་བཤད་གསན་གནང་གིས་དྲི་བ་དང་། བསམ་ཙུལ་བརྗེ་ལེན་སོགས་ཀྱི་ལས་རིམ་ནང་འཛུལ་ཞུགས་གང་ལེགས་གནང་ཏེ་མི་མང་རང་བཞིན་གྱི་རྒྱབ་སྐྱོར་ཚད་མཐོ་བོ་ཐོབ་ཡོད། དེ་ཉིན་དགོང་མོ་ས་གནས་གཞོན་ནུ་དང་ས་གནས་བུད་མེད་གཉིས་ཐུན་མོང་གིས་གོ་སྒྲིག་འོག་ས་གནས་འགོ་འཛིན་དབུས་པའི་འབྲེལ་ཡོད་ལས་བྱེད། ས་གནས་མཉམ་འབྲེལ་དྲུང་ཆེ་གཙོས་པའི་ལས་ཀྱི་སྣེ་མོ་བ། ས་གནས་ཀྱི་འཕྲོད་བསྟེན་འགན་འཛིན། དང་སློབ་ཚོགས་པའི་འགན་འཛིན། སྤྱི་མི་བརྒྱ་དཔོན་རྣམ་པ། སློབ་གྲྭའི་ལས་འཛིན་པ་རྣམ་པ། གཞན་ཡང་ས་གནས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཡོངས་དང་ལྷན་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་དང་དྲུང་ཆེ་གཉིས་ལ་གསོལ་སྟོན་འདེགས་འབུལ་ཞུས་ཡོད་པ་དང་། སྐབས་དེར་སྤྱི་ཁྱབ་ཚོགས་གཙོ་མཆོག་ནས་ལས་ཀྱི་སྣེ་མོ་བ་ཡོངས་ཀྱིས་སྤྱི་སེམས་ཁོག་བཅངས་ཀྱིས་སྤྱི་པའི་ལས་དོན་ཚགས་ཚུད་གནང་དང་གནང་མུས་ཡིན་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། དམིགས་བསལ་ས་གནས་གཞོན་ནུའི་ལས་དོན་གང་བརྩམས་ལ་རྒྱབ་སྐྱོར་གང་ལེགས་གནང་བཞིན་ཡོད་པར་ལེགས་གསོལ་བསྔགས་བརྗོད་དང་། འབྲེལ་ཡོད་རྣམས་ནས་ས་གནས་གཞོན་ལྷན་ལ་མུ་མཐུད་རྒྱབ་སྐྱོར་གྱིས་མཐུན་འགྱུར་རོགས་རམ་གང་ལེགས་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་ཏེ་ལས་རིམ་གང་ལེགས་བྱུང་ཡོད།

ཕྱི་ཉིན་ཏེ་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༥ ཉིན་གྱི་སྔ་དྲོ་ས་གནས་གཞོན་ལྷན་གྱི་ཚོགས་ཟུར་དང་ས་རྒྱུན་ལས་ཐོག་གཅིག་བཅས་ནས་ཏི་སུ་ཀི་ཡ་མེ་འཁོར་བབ་ཚུགས་སུ་ཕེབས་སྐྱེལ་ཞུས། ཕྱག་ཚོད་དྲུག་ཙམ་མེ་འཁོར་རྒྱུད་འགྲུལ་བཞུད་བྱས་ཏེ་ཕྱི་དྲོ་ཕྱག་ཚོད་ ༤།༣༠ ཐོག་དྷི་མ་པུར་མེ་འཁོར་བབ་ཚུགས་སུ་འབྱོར་སྐབས་དྷི་མ་པུར་བོད་མིའི་ཁྲོམ་སའི་སྐྱིད་སྡུག་གི་ཚོགས་གཙོ་དང་འཐུས་མི་གཅིག་བཅས་ནས་སྣེ་ལེན་གཟབ་རྒྱས་ཞུས་ཏེ་མགྲོན་ཁང་དང་ཞལ་ལག་སོགས་གོ་སྒྲིག་འཐུས་གཙང་གནང་། ཕྱི་ཉིན་དགོང་དྲོ་དྷི་མ་པུར་བོད་མིའི་ཁྲོམ་ར་དང་ཚོང་ཁང་སོགས་ལ་བལྟ་སྐོར་གནང་ཡོད་པ་མ་ཟད། ཁྲོམ་སའི་མང་ཚོགས་ཀྱི་ཕྲུ་གུ་ཚོར་དམིགས་ཏེ་ཆེད་བཙུགས་ཞུས་པའི་བོད་ཡིག་འཛིན་ཁང་དུ་ཆེད་བཅར་དང་སློབ་ཕྲུག་ཚོས་བོད་ཡིག་སྦྱོང་རྒྱུར་དམིགས་བསལ་ཐུགས་སྣང་དང་དགའ་སྣང་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། སློབ་ཕྲུག་རྣམས་ནས་མུ་མཐུད་བོད་ཡིག་སྦྱང་བརྩོན་གནང་རྒྱུར་རེ་སྐུལ་ཡང་ཞུ་རྒྱུ་བྱུང་ཡོད། དེ་རྗེས་དྷི་མ་པུར་ཚོང་ལས་གཉེར་མཁན་གྱི་བོད་རིགས་རྣམས་དང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་གཞོན་ལྷན་གྱི་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐད་གཏམ་བཤད་སྤེལ་ཡོད་པ་མ་ཟད། མང་ཚོགས་ཀྱི་དྲི་བར་ལན་འདེབས་དང་བསམ་ཚུལ་བརྗེ་ལེན་སོགས་ཀྱི་ལས་དོན་གང་ལེགས་བྱུང་ཡོད་པ་མ་ཟད། བོད་རིགས་ཚོང་པ་རྣམས་ནས་བློ་སྐྱེད་ཞལ་འདེབས་གང་མང་ཞིག་ཕུལ་གནང་གིས་དྷི་མ་པུར་ཁྲོམ་སའི་ལས་དོན་གང་ལེགས་བྱུང་ཡོད།

དགོང་མོ་དེ་རང་དྷི་མ་པུར་མེ་འཁོར་བབ་ཚུགས་ནས་ས་ལུ་གྷར་ཕྱོགས་ཐོན་གནང་ཏེ་ཕྱི་ཉིན་ཉིན་རྒྱབ་ས་ལུ་གྷ་རའི་མེ་འཁོར་བབ་ཚུགས་སུ་འབྱོར་སྐབས་ས་གནས་གཞོན་ལྷན་གྱི་ཚོགས་གཙོ་ཟླ་བ་རྒྱལ་པོ་ལགས་ནས་ཕེབས་བསུའི་སྣེ་ལེན་ཞུས། ཕྱི་ཉིན་ཏེ་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༨ ཉིན་གྱི་སྔ་དྲོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་དང་། དྲུང་ཆེ། ས་ལུ་གྷ་རའི་ཚོགས་གཙོ་ཟླ་བ་རྒྱལ་པོ་ལགས་བཅས་ནས་རྒྱ་གར་བྱང་ཤར་ཁུལ་གྱི་བྷེང་གྷལ་མངའ་སྡེའི་ས་ཁུལ་ས་ལུ་གྷ་རའི་ཉེ་ཁྲིས་སུ་ཆགས་པའི་ཨོབ་ལ་བྷ་རིའི་བོད་རིགས་མང་ཚོགས་མི་ཉུང་བ་ཞིག་དང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། གཞོན་ལྷན་སྒྲིག་འཛུགས་སྲ་བརྟན་རྒྱུན་གནས་ཡོང་ཐབས་སོགས་ཀྱི་ཐད་གོ་རྟོགས་ཀྱི་གཏམ་བཤད་ལས་འགུལ་སྤེལ་ཡོད་པ་མ་ཟད། ས་གནས་སུ་གཞོན་ལྷན་གྱི་འབྲེལ་མཐུད་པ་ཞིག་ཀྱང་བསྐོ་བཞག་གནང་ཐུབ་པ་བྱུང་ཡོད། ཉིན་རྒྱབ་ས་ལུ་གྷ་རར་རྟེན་གཞི་བྱས་པའི་འཕགས་ཡུལ་ཨེ་ཝམ་གནུབ་ཆེན་གནམ་ལྕགས་དགོན་དུ་མཆོད་མཇལ་དང་། སྐབས་དེར་དགོན་པའི་མཁན་པོ་ངག་དབང་གནམ་ལྕགས་མཆོག་ནས་ཉིན་གུང་གསོལ་ཚིག་གོ་སྒྲིག་དང་དགོན་པར་དམིགས་བསལ་མཆོད་མཇལ་གོ་སྒྲིག་སོགས་འཐུས་ཚང་གིས་སྣེ་ལེན་མཐུན་འགྱུར་གང་ལེགས་གནང་ཡོད།

ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༩ ཉིན་སྤྱི་ཁྱབ་ཚོགས་གཙོ་དང་། དྲུང་ཆེ་རྣམ་གཉིས་ནས་རྡོར་གླིང་མི་རིག་ཁུལ་དུ་གནས་བཞུགས་བོད་རིགས་མང་ཚོགས་དང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། གཞོན་ལྷན་སྒྲིག་འཛུགས་སྲ་བརྟན་རྒྱུན་གནས་ཡོང་ཐབས་སོགས་ཀྱི་ཐད་གོ་རྟོགས་ཀྱི་གཏམ་བཤད་ལས་འགུལ་སྤེལ་བ་དང་སྐབས་དེར་ས་གནས་ཚོགས་གཙོ་དང་། ས་འཐུས་སོགས་ནས་བཞུགས་གནས་དང་ཞལ་ལགས་སོགས་གོ་སྒྲིག་གིས་སྣེ་ལེན་གང་དྲག་གནང་ཏེ། ཉིན་དེའི་ཕྱི་དྲོ་ཁར་ཤང་དུ་ས་གནས་ཀྱི་ཚོགས་གཙོ་ལྷན་དུ་ཕྱོགས་ཐོན་གནང་། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༩ ཉིན་རྒྱ་གར་བྱང་ཤར་ཁུལ་གྱི་བྷེང་གྷལ་མངའ་སྡེའི་རྡོར་གླིང་ཁུལ་གྱི་ཁར་ཤང་དུ་འབྱོར་མཚམས། ས་གནས་གཞོན་ལྷན་གྱི་གོ་སྒྲིག་དང་ས་གནས་སྐྱིད་སྡུག་གི་མཐུན་འགྱུར་འོག ཚོགས་གཙོ་དྲུང་ཆེ་གཉིས་ནས་ས་གནས་ཀྱི་སྤྱི་ཁང་ནང་བོད་རིགས་མང་ཚོགས་དང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། གཞོན་ལྷན་སྒྲིག་འཛུགས་སྲ་བརྟན་རྒྱུན་གནས་ཡོང་ཐབས་སོགས་ཀྱི་ཐད་གོ་རྟོགས་ཀྱི་གཏམ་བཤད་ལས་འགུལ་སྤེལ་ཡོད། སྐབས་དེའི་གཏམ་བཤད་སྐབས་ས་གནས་གཞོན་ལྷན་གྱི་ཚོགས་གཙོ་དང་། ས་གནས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ། ས་གནས་མང་ཚོགས་སོགས་འཛོམས་ཐོག་ཏུ་ས་གནས་གཞོན་ལྷན་གྱི་གནས་སྟངས་རྒྱུས་ལོན་དང་ལས་འགུལ་ཚགས་ཚུད་ཡོང་སླད་མང་ཚོགས་རྣམས་ཀྱི་དགོངས་ཚུལ་བསྡུ་ལེན། མང་ཚོགས་ཀྱི་དྲི་བར་ལན་འདེབས་སོགས་བྱས་ཏེ་ཁར་ཤང་ས་གནས་སྐོར་སྐྱོད་ཀྱི་ལས་འགུལ་གང་ལེགས་བྱུང་ཏེ་དེ་ཉིན་གྱི་ཕྱི་དྲོ་སྤྱི་མཐུན་ཚོགས་པའི་འཐུས་མི་ཞིག་ནས་སོ་ན་ཌར་ཕེབས་སྐྱེལ་ཞུས།

ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༣༠ ཉིན་སྤྱི་ཁྱབ་ཚོགས་གཙོ་དང་དྲུང་ཆེ་གཉིས་རྒྱ་གར་བྱང་ཤར་རྡོར་གླིང་ཁུལ་གྱི་ས་གནས་སོ་ནཱ་དཱར་འབྱོར་སྐབས་ས་གནས་གཞིས་འགོ་དཔལ་ལྡན་སྐུ་ངོ་བསྟན་འཛིན་འོད་ཟེར་མཆོག་དང་། མཉམ་འབྲེལ་ཚོགས་གཙོ་སོགས་མཇལ་འཕྲད་གནང་ཡོད་པ་མ་ཟད། བོད་རིགས་མང་ཚོགས་དང་དམིགས་བསལ་མཇལ་འཛོམས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། གཞོན་ལྷན་སྒྲིག་འཛུགས་སྲ་བརྟན་རྒྱུན་གནས་ཡོང་ཐབས་སོགས་ཀྱི་ཐད་གོ་རྟོགས་ཀྱི་གཏམ་བཤད་དང་དྲི་བ་དྲིས་ལན་གྱི་ལས་འགུལ་སྤེལ་ཡོད། སྐབས་དེར་ཚོགས་ཐོག་ཏུ་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་སྤྱི་མི་བརྒྱ་དཔོན། གཞན་ཡང་ས་གནས་སུ་གནས་བཞུགས་གནང་མཁན་གྱི་རྒན་གཞོན་ཕོ་མོ་གང་མང་ཞིག་མཉམ་འཛོམས་ཐོག་ལས་རིམ་གང་ལེགས་བྱུང་ཡོད་པ་མ་ཟད། ས་གནས་གཞོན་ལྷན་ནས་ཞལ་ལག་དང་མགྲོན་ཁང་སོགས་མཐུན་འགྱུར་སྦྱར་གནང་གིས་སྣེ་ལེན་གང་ལེགས་གནང་ཡོད།

ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡ ཉིན་རྡོར་གླིང་ས་གནས་གཞོན་ལྷན་གྱི་གོ་སྒྲིག་འོག་རྒྱ་གར་བྷེང་གྷལ་མངའ་སྡེའི་རྡོ་རྗེ་གླིང་བཟོ་གྲྭར་ས་གནས་བོད་རིགས་མང་ཚོགས་དང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། གཞོན་ལྷན་སྒྲིག་འཛུགས་སྲ་བརྟན་རྒྱུན་གནས་ཡོང་ཐབས་སོགས་ཀྱི་ཐད་གོ་རྟོགས་ཀྱི་གཏམ་བཤད་ལས་འགུལ་སྤེལ་ཡོད་པ་དང་སྐབས་དེར་རྡོར་གླིང་དུ་གནས་བཞུགས་གཞོན་ལྷན་དབུས་རྒྱུན་ཟུར་པ་བདེ་སྐྱིད་ལྷ་མོ་ལགས་སུ་གཞོན་ལྷན་ལྔ་བཅུ་དུས་དྲན་གྱི་ཕྱག་རྟགས་རྣམས་ཕུལ་ཡོད་པ་མ་ཟད། སྤྱི་ཚེས་ ༢ ཉིན་གྱི་སྔ་དྲོ་རྡོར་གླིང་ས་གནས་གཞིས་འགོ་མཆོག་དང་མཇལ་བཅར། རྡོ་རྗེ་གླིང་སམ་བྷོ་ཊའི་སློབ་ཕྲུག་ཚོར་བོད་དོན་གཏམ་བཤད་དང་དྲིས་ལན་གྱི་ལས་རིམ། ཕྱི་དྲོ་རྡོར་གླིང་ཁྲོམ་སའི་མི་མང་དང་ཚོགས་སྐྱིད་ཁག་གི་སྐུ་ཚབ་ཚོར་གཏམ་བཤད་གོ་བསྡུར་སོགས་ཀྱི་ལས་དོན་ལེགས་གྲུབ་བྱུང་ཏེ་སྤྱི་ཚེས་ ༣ ཉིན་གྱི་སྔ་དྲོ་ཀ་སྦུག་ས་གནས་སུ་ཕྱོགས་ཐོན་གནང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་དང་དྲུང་ཆེ་རྣམ་གཉིས་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༣ ཉིན་ཀ་སྦུག་ས་གནས་སུ་འབྱོར་སྐབས་ས་གནས་ཀྱི་ཚོགས་གཙོ་དང་རྒྱུན་ལས་གཞན་ཁག་ཅིག་ནས་ཕེབས་བསུའི་སྣེ་ལེན་དང་། དེ་ཉིན་གྱི་ཉིན་རྒྱབ་ཀ་སྦུག་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་དང་། ཀ་སྦུག་སམ་བྷོ་ཊ་གཏན་སློབ་ཀྱི་མཐུན་འགྱུར་འོག་ཚོགས་གཙོ་དང་། དྲུང་ཆེ་རྣམ་གཉིས་ནས་ཀ་སྦུག་སམ་བྷོ་ཊའི་སློབ་ཕྲུག་ཚོར་བོད་ནང་གི་ཛ་དྲག་གནས་སྟངས་དང་། གཞོན་ལྷན་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐད་གཏམ་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་གང་ལེགས་བྱུང་ཡོད།

ཀ་སྦུག་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༤ ཉིན་གྱི་སྔ་དྲོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་དང་། དྲུང་ཆེ་རྣམ་གཉིས་ནས་ཀ་སྦུག་མང་ཚོགས་དང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། གཞོན་ལྷན་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐད་གཏམ་བཤད་དང་། གོ་བསྡུར་སྦྱང་བཤད། དྲི་བ་དྲིས་ལན་གྱི་ལས་རིམ་གང་ལེགས་བྱུང་ཡོད། སྐབས་དེའི་མི་མང་འདུ་འཛོམས་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་རྒན་ཚེ་དབང་དཔལ་འབྱོར་མཆོག་དབུས་པའི་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ། ཆོལ་གསུམ་བོད་མིའི་སྐྱིད་སྡུག་དང་ཚོགས་སྡེ་ཁག་གི་ཚོགས་གཙོ་དང་རྒྱུན་ལས། ས་གནས་མི་མང་བྱིངས་བཅས་གང་མང་ཞིག་འཛོམས་ཏེ་གཏམ་བཤད་གོ་བསྡུར་གྱི་ལས་རིམ་གང་ལེགས་བྱུང་ཡོད།  ཉིན་རྒྱབ་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་དང་དྲུང་ཆེ། ས་གནས་ཚོགས་གཙོ་དང་དྲུང་ཆེ་བཅས་ནས་སྐུའི་གཅེན་པོ་བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་ལ་དམིགས་བསལ་མཇལ་བཅར་གྱིས་གཞོན་ལྷན་གྱི་ལས་དོན་སྙན་གསེང་དང་། སྐུ་ངོ་ས་དབང་ཆེན་མོའི་སྐུ་ཚེའི་མྱོང་བ་དང་འབྲེལ་བའི་བཀའ་སློབ་བཀའ་དྲིན་ཕྱག་ཚོད་གཅིག་ཙམ་རིང་ཞུ་རྒྱུའི་བསྐལ་བཟང་གི་གོ་སྐབས་བྱུང་ཡོད།

ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༥ ཉིན་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་རང་ཝང་ལ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་དང་། དྲུང་ཆེ་རྣམ་གཉིས་ནས་རང་ཝང་ལ་བོད་མིའི་གཞིས་སྒར་གྱི་ཚོགས་པ་སྐྱིད་སྡུག་ཁག་གི་དབུ་ལས་རྣམ་དབུས་པའི་བོད་རིགས་མང་ཚོགས་རྣམས་དང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། གཞོན་ལྷན་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐད་གཏམ་བཤད་དང་། གོ་བསྡུར་སྦྱང་བཤད། དྲི་བ་དྲིས་ལན་གྱི་ལས་རིམ་ལེགས་གྲུབ་བྱུང་ཡོད། སྐབས་དེའི་མཛད་སྒོའི་ཐོག་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མཆོག་ནས་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་མཆོད་མེ་ཞལ་ཕྱེ་དང་། དེའི་རྗེས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ས་གནས་བུད་མེད་ཚོགས་གཙོ། གཞན་ཡང་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་འཚབ་རྣམ་པས་འཚམས་འདྲིའི་མཇལ་དར་སྒྲོན་གནང་གིས་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་མ་ཟད། ས་གནས་གཞོན་ལྷན་གྱིས་གོ་སྒྲིག་འོག་ས་གནས་ཀྱི་ཚོགས་མི་ཁག་གཅིག་གི་དུད་ཚང་དུ་ཆེད་བཅར་གྱིས་ནང་མི་སྤུན་མཆེད་སོགས་རྐྱེན་འདས་སུ་ཕྱིན་པར་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་མཆོད་མེའི་ཞལ་འདེབས་ཀྱང་ཕུལ་ཐུབ་པ་བྱུང་ཡོད། གཞན་ཡང་ས་གནས་གཞོན་ལྷན་གྱི་སྡོད་གནས་དང་ཞལ་ལག་སོགས་ཀྱི་མཐུན་རྐྱེན་གང་ལེགས་སྦྱར་ཏེ་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་མ་ཟད། ས་གནས་ཀྱི་ཚོགས་གཙོ་དང་ཚོགས་ཟུར་གཉིས་ནས་སྒང་ཏོག་གི་ས་མཚམས་བར་ཕེབས་སྐྱེལ་ཞུས་ཏེ་ལས་རིམ་ཁག་ཚགས་ཚུད་གང་ལེགས་བྱུང་ཡོད།

ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༦ ཉིན་གྱི་ཕྱི་དྲོ་སྒང་ཏོག་ས་ཐོག་ཏུ་འབྱོར་སྐབས་ས་གནས་གཞོན་ལྷན་གྱི་ཚོགས་གཙོ་དང་རྒྱུན་ལས་གཞན་གཅིག་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཏེ་ཕྱི་ཉིན་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༧ ཉིན་གྱི་སྔ་དྲོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་དང་། དྲུང་ཆེ་རྣམ་གཉིས་ནས་སྒང་ཏོག་ས་གནས་གཞིས་འགོ་ལྷག་པ་ལགས་དང་མཇལ་འཕྲད་གྲུབ་རྗེས། ས་གནས་མང་ཚོགས་དང་ཐུག་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། གཞོན་ལྷན་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐད་གཏམ་བཤད་ལས་འགུལ་སྤེལ་ཡོད་པ་མ་ཟད་ཉིན་དེ་གང་བོར་ས་གནས་ཀྱི་ལོ་འཁོར་གླི་ཁའི་འདུ་འཛོམས་ཐོག་མཉམ་ཞུགས་གནང་ཡོད། གླིང་ཁའི་འདུ་འཛོམས་ཐོག་ས་གནས་གཞིས་འགོ་མཆོག་དང་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་དབུས་པའི་ས་རྒྱུན་ཟུར་པ་དང་ས་གནས་ཀྱི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་འཚབ་སོགས་འབྲེལ་ཡོད་ཕོན་ཆེ་འཛོམས་ཏེ་ཚང་མས་གཞོན་ལྷན་ཚོགས་གཙོ་དང་དྲུང་ཆེ་རྣམ་གཉིས་ལ་ཕེབས་བསུའི་མཇལ་དར་སྒྲོན་གནང་གིས་རྟེན་འབྲེལ་གང་ལེགས་བྱུང་ཡོད།

ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༨ ཉིན་གྱི་སྔ་དྲོ་སྒང་ཏོག་ས་གནས་གཞོན་ལྷན་གྱིས་གོ་སྒྲིག་འོག་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་དང་དྲུང་ཆེ་སྒང་ཏོག་ས་གནས་གཞོན་ནུའི་ཚོགས་གཙོ་ཚེ་དཔལ་ལགས་དང་ཚོགས་ཟུར་ཆུང་ཆུང་ལགས་བཅས་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨ་རུན་ཀུ་མར་ཨུབ་རེ་ཊི་ (Shri. Arun Kumar Upreti, Speaker of Sikkim Legislative Assembly) མཆོག་དང་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྙན་གསེང་དང་སྦྲགས། རྒྱ་གར་དབུས་ས་གཉིས་ནས་བོད་དོན་འཐབ་རྩོད་ཐོག་མུ་མཐུད་རྒྱབ་སྐྱོར་གང་ལེགས་གནང་རྒྱུར་རེ་སྐུལ་ཡང་ཞུས་གནང་ཡོད།

ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༨ ཉིན་གྱི་ཉིན་རྒྱབ་རུམ་སྟེག་དགོན་པར་མཆོད་མཇལ་དང་མཆོད་མཇལ་གྲུབ་རྗེས་ཀ་སྦུག་ས་རྒྱུན་དང་གཞས་པ་བསྟན་འཛིན་དོན་ཡོད་ལགས་ཀྱི་གོ་སྒྲིག་འོག་རུམ་སྟེག་དགོན་གྱི་ཉེ་འཁྲིས་སུ་ཆག་པའི་སློབ་གྲྭའི་དགེ་རྒན་ཚོ་དང་དམིགས་བསལ་མཇལ་འཕྲད་ཀྱིས་བོད་ནང་གི་དངོས་ཡོད་ཀྱི་གནས་ཚུལ་གསལ་བཤད་དང་གཞོན་ལྷན་གྱི་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐད་གོ་རྟོགས་སྤེལ་ཡོད་པ་མ་ཟད། ལས་ཀྱི་སྣེ་མོ་བ་ཚང་མས་བོད་དོན་འཐབ་རྩོད་ཐད་ནུས་པ་མཉམ་སྤུངས་གནང་སྐྱོང་ཡོང་བའི་རེ་སྐུལ་སོགས་ཞུ་རྒྱུ་བྱུང་ཡོད།

ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༩ ཉིན་ས་གནས་གཞོན་ལྷན་གྱི་གོ་སྒྲིག་འོག་གཞོན་ལྷན་ཚོགས་གཙོ་དང་དྲུང་ཆེ་གཉིས་ནས་ན་ཐུ་ལའི་ཧིན་བོད་ས་མཚམས་ཀྱི་ས་ཁུལ་ཁག་གཅིག་ཏུ་སྐོར་སྐྱོད་དང་། སྤྱི་ཚེས་ ༡༠ ཉིན་ས་གནས་དབུས་གཙང་སྐྱིད་སྡུག་གིས་མགྲོན་འབོད་ཞུས་དོན་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོར་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ཧྲིལ་པོ་ ༣༣ འཁོར་བའི་དུས་སྟོན་གྱི་མཛད་སྒོར་སྐུ་མགྲོན་དུ་ཆེད་བཅར་ཞུས། སྐབས་དེའི་མཛད་སྒོར་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། གྲོས་ཚོགས་འཐུས་མི་ཁག་གཅིག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཨུ་ཀར་ཚང་གཡུ་སྒྲོན་ལགས། སྒང་ཏོག་བོད་མིའི་གཞིས་འགོ ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་དབུས་པའི་ས་གནས་ཀྱི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ། ས་གནས་མང་ཚོགས་རྒན་གཞོན་ཕོ་མོ་ཕོན་ཆེ་འདུ་འཛོམས་ཀྱིས་དུས་སྟོན་སྲུང་བརྩི་ཞུས་གནང་ཡོད་པ་དང་། ཉིན་དེའི་ཕྱི་དྲོར་ས་གནས་གཞོན་ལྷན་གྱི་ཚོགས་གཙོ་དང་ས་རྒྱུན་ཟུར་པ་ངག་དབང་ལགས་གཉིས་ནས་ཕེབས་སྐྱེལ་གྱིས་ས་ལུ་གྷ་རར་ཕྱོགས་ཐོན་གནང་།

ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༡ ཉིན་གྱི་སྔ་དྲོ་བྷེང་གྷལ་མངའ་སྡེའི་ས་ལུ་གྷ་ར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་གཞོན་ལྷན་གྱི་སྤྱི་ཁྱབ་ཚོགས་གཙོ་དང་། དྲུང་ཆེ་རྣམ་གཉིས་ནས་ས་གནས་མང་ཚོགས་དང་ཐུག་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། གཞོན་ལྷན་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐད་གཏམ་བཤད་ལས་འགུལ་སྤེལ་ཡོད་པ་མ་ཟད། ཚོགས་ཐོག་ནས་ས་གནས་རྒྱུན་ལས་གསར་འདེམས་ཀྱིས་གཞོན་སྐྱེས་གང་མང་ཞིག་ས་གནས་གཞོན་ལྷན་ནང་བཅུག་ཐུབ་པ་བྱུང་ཡོད། སྐབས་དེའི་ཚོགས་ཐོག་ཏུ་ས་ལུ་གྷ་རའི་ས་གནས་གཞོན་ལྷན་གྱི་ཚོགས་གཙོ་སྐུ་ཞབས་ཟླ་བ་རྒྱལ་པོ་ལགས། སྒང་ཏོག་ས་གནས་ཀྱི་ཚོགས་གཙོ་ཚེ་སྤེལ་ལགས་དང་རྒྱུན་ཟུར་ངག་དབང་ལགས། ཀ་ལིང་སྤོང་ས་གནས་གཞོན་ལྷན་གྱི་ཚོགས་ཟུར་རྒྱལ་པོ་ལགས་བཅས་མཉམ་ཞུགས་གནང་ཡོད་པ་དང་། ཚོགས་ཐོག་ཏུ་གཞོན་ལྷན་ཚོགས་གཙོ་མཆོག་ནས་དམིགས་བསལ་ས་ལུ་གྷ་རའི་ས་གནས་གཞོན་ལྷན་གྱི་ཚོགས་གཙོ་དུས་ཡུན་རིང་ཤོས་དང་གཞོན་ལྷན་གྱི་ཚོགས་མི་རྒན་གྲས་ཡིན་པ་སྐུ་ཞབས་ཟླ་བ་རྒྱལ་པོ་ལགས་སུ་ད་བར་མི་རིགས་ཀྱི་འཐབ་རྩོད་ནང་བློས་གཏོང་ཆེན་པོས་ཞབས་ཞུ་སྒྲུབ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་དང་། མུ་མཐུད་ས་ལུ་གྷ་ར་ས་གནས་གཙོས་བྱང་ཤར་ས་གནས་ཁག་གི་སློབ་སྟོན་པའི་ཐུགས་འགན་བཞེས་གནང་ཡོང་བའི་རེ་སྐུལ་ཞུས་གནང་གིས་ལས་འགུལ་གང་ལེགས་བྱུང་ཡོད། ཉིན་རྒྱབ་སྒང་ཏོག་ས་གནས་ཚོགས་གཙོ་ཚེ་སྤེལ་ལགས་དང་རྒྱུན་ཟུར་ངག་དབང་ལགས་གཉིས་ནས་བྷག་དོ་རའི་གནམ་ཐང་དུ་ཕེབས་སྐྱེལ་གྱིས་རྒྱ་གར་བྱང་ཤར་ཁུལ་སྐོར་སྐྱོད་ཀྱི་ལས་འགུལ་ཚགས་ཚུད་གང་ལེགས་བྱུང་ཡོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

Back To Top