ཞི་བའི་གོམ་བགྲོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་བཞིན་ཕྱི་ལོ་ ༡༩༧༠ ལོའི་ཟླ་ ༡༠ ཚེས་ ༧ ཉིན་དབུ་འཛུགས་བྱས་པ་ནས་བཟུང་ད་བར་ལས་འགུལ་འདྲ་མིན་སྤེལ་ཏེ་དགྲ་བོ་རྒྱ་དམར་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་དང་རྒྱལ་སྤྱིའི་ཐོག་བོད་དོན་དྲིལ་བསྒྲགས་ཡོང་ཐབས་བྱེད་བཞིན་ཡོད་མུས་སོང་། འཚེ་མེད་ཞི་བའི་གོམ་བགྲོད་ལས་འགུལ་ནི་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་གཙོ་བོ་ཞིག་ཏུ་ངོས་འཛིན་གྱིས་དབུས་ས་གཉིས་ནས་ད་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་མང་དག་ཅིག་སྤེལ་ཡོད།
ཆེས་ཐོག་མའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེ་ནི་ཕྱི་ལོ་ ༡༩༨༨ ལོའི་ཟླ་ ༣ པའི་ཚེས་ ༢༣ ཉིན་གཞོན་ལྷན་ས་གནས་ན་ནི་ཏལ་གྱིས་འགོ་སྒྲིག་འོག་ལྡི་ལིར་ཟས་བཅད་ངོ་རྒོལ་གནང་མཁན་རྣམས་ལ་རྒྱབ་སྐྱོར་མཚོན་སླད་ན་ནི་ཏལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་ཀི་ལོ་མི་ཀྲར་ ༣༠༩ ཙམ་གོམ་བགྲོད་གནང་སྟེ་ཟླ་ ༣ པའི་ཚེས་ ༣༡ ཉིན་གྱི་ཆུ་ཚོད་ ༡༡།༣༠ ཐོག་ལྡི་ལིར་མཇུག་སྒྲིལ་གནང་ཡོད། གོམ་བགྲོད་ཀྱི་དམིགས་ཡུལ་གཙོ་བོ་ནི་ལྡི་ལིར་སྤེལ་བཞིན་པའི་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ལ་རྒྱབ་སྐྱོར་དང་། བོད་དོན་དྲིལ་བསྒྲགས་སློང་ཆེད་དུ་ཡིན། དམིགས་ཡུལ་གཞན་ཁག་གཅིག་ནི།
༡༽ དགྲ་བོ་རྒྱ་དམར་གཞུང་ནས་བོད་ནང་དྲག་གནོན་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་མུས་ཀྱིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ངོ་བོ་དང་བཅས་པ་རྩ་མེད་བཟོ་གཞིའི་ལས་གཞི་ཁག་ལ་ངོ་རྒོལ།
༢༽ གཞིས་ལུས་བོད་མི་ཚོའི་གཞི་རྩིའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མུས་ཀྱི་ཛ་དྲག་གནས་སྟངས་གསལ་འདོན་ཡོང་ཆེད།
༣༽ རྒྱ་དམར་སྲིད་གཞུང་ནས་བོད་ནང་དམག་སྦྱོང་གི་གོ་མཚོན་འདྲ་མིན་ཞིག་འོར་འདྲེན་བྱེད་མུས་ཀྱིས་རྒྱ་གར་གཙོས་པའི་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་རྒྱལ་སྲུང་དང་། འཛམ་གླིང་ཁྱོན་ཡོངས་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་པར་ངོ་རྒོལ་སྐྱོན་བརྗོད།
༤༽ ༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ། དེ་བཞིན་དགེ་བཤེས་བསོད་ནམས་ཕུན་ཚོགས་དབུས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཀྱི་ཡིད་སྐྱོའི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་དང་། རྒྱ་དམར་གཞུང་ནས་ཁོང་རྣམས་ཀྱི་དངོས་ཡོད་གནས་སྟངས་གསལ་འདོན་ཡོང་ཆེད་དུ་དམིགས་ཡོད།
ཕྱི་ལོ་༢༠༠༤ཟླ་༢ཚེས་༡༡ནས་ཕྱི་ཟླ་༣ཚེས་༡༠སྟེ་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་བར་དུས་ཡུན་ཟླ་བ་གཅིག་ཙམ་རིང་གཞོན་ལྷན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གོ་སྒྲིག་འོག་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱ་གར་རྒྱལ་ས་ལྡི་ལི་བར་གཞོན་ལྷན་གྱི་རང་བཙན་གོམ་བགྲོད་ལས་འགུལ་ཞིག་སྤེལ་ཡོད་པ་དང་། གོམ་བགྲོད་ལས་འགུལ་དེའི་ཁྲོད་རྒྱ་གར་དང་བལ་ཡུལ་གྱི་ས་གནས་ཁག་༢༢ནས་གོམ་བགྲོད་ལས་འགུལ་བ་མི་གྲངས་༨༠ཙམ་གྱིས་མཉམ་ཞུགས་གནང་ཡོད་པ་དང་། ཀི་ལོ་མི་ཊར་༥༣༥ཙམ་གྱི་རྒྱང་སྐྱོད་གོམ་བགྲོད་དེའི་ཁྲོད་ལོ་ན་བགྲེས་ཤོས་དགུང་ལོ་༨༢ཅན་དང་། ལོ་ན་ཆུང་ཤོས་༡༩ཅན་གྱིས་ཀྱང་མཉམ་ཞུགས་གནང་ཡོད་པ་རེད།
༡༽ མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་རྒྱ་གར་གཞུང་དང་མི་མང་། དེ་བཞིན་རྒྱ་ནག་གཞུང་རྒྱ་ནག་གཞུང་ཚབ་བཅས་ནས་བོད་ནང་གི་ཆེས་ཡ་ང་བའི་གནས་སྟངས་ཐོག་བསམ་གཞིགས་གནང་དགོས་རྒྱུ།
༢༽ འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་སྐུ་ན་ཕྲ་ཤོས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག དགེ་བཤེས་བསོད་ནམས་ཕུན་ཚོགས། དེ་བཞིན་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་རྒྱའི་བཙོན་འོག་ནས་འཕྲལ་མར་གློད་བགྲོལ་ཐུབ་ཐབས།
༣༽ རྒྱ་དམར་སྲིད་གཞུང་གི་སྲིད་བྱུས་འགོ་རྒྱ་མི་རིགས་ཕོན་ཆེ་ཞིག་བོད་ནང་གནས་སྤོ་བྱེད་བཞིན་པར་ངོ་རྒོལ་སྐྱོན་བརྗོད་དང་ལས་གཞི་དེ་བཞིན་གང་མྱུར་མཚམ་འཇོག་དགོས་པའི་རེ་སྐུལ།
༤༽ མཉམ་འབྲེལ་རྒྱལ་ཚོགས་ནས་བོད་ནང་གི་དངོས་ཡོད་གནས་སྟངས་མཁྱེན་རྟོགས་ཡོང་སླད་བོད་ནང་ཞིབ་འཇུག་སྐུ་ཚབ་མི་སྣ་ཆེད་གཏོང་དགོས་རྒྱུ།
༥༽ རྒྱ་དམར་སྲིད་གཞུང་ནས་བོད་ནང་གི་དྲག་དཔུང་རྣམས་ཕྱིར་འཐེན་དགོས་པའི་དགོས་འདུན།
ལས་འགུལ་དེ་བཞིན་ཕྱི་ཟླ་ ༣ པའི་ཚེས་ ༡༠ ཉིན་ཏེ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་མོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཚམས་འཇོག་གནང་ཡོད།
ཕྱི་ལོ་༢༠༠༧ཟླ་༡༢ཚེས་༡༠འགྲོ་བ་མིའི་ཐོབ་ཐང་ཉིན་འགོ་འཛུགས་ཞུས་པའི་བྷེང་ལོར་ནས་ཅེ་ནཱ་ཡི་བར་གཞོན་ལྷན་གྱི་རང་བཙན་གོམ་བགྲོད་ཀྱི་དགོས་འདུན་དོན་ཚན་དང་བཅས་ཏེ་ཡིག་ཆ་གྲངས་༩༠༠༠༠ཐམ་པ་དཔར་སྐྲུན་གྱིས་ཡུལ་མི་དང་བརྒྱུད་ལམ་ཁག་ཏུ་འགྲེམས་སྤེལ་དང་བོད་ནང་རྒྱ་གཞུང་གིས་བོད་མི་དམར་གསོད་དྲག་གནོན་བྱས་པའི་འདྲ་པར་ཕྱོགས་བསྡུས་ཀྱི་གསལ་བསྒྲགས་གྲངས་༤༠༠༠ཐམ་པ་དཔར་སྐྲུན་འགྲེམས་སྤེལ་ཞུས།
ལས་འགུལ་གྱི་དགོས་འདུན་ཁག་གཤམ་གསལ།
༡༽ བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པའི་བདེན་དཔང་དྲིལ་བསྒྲགས།
༢༽ རྒྱ་དམར་སྲིད་གཞུང་ནས་ཡིག་ཆ་ཨང་ལྔ་པ་ཕྱིར་བསྡུ་དགོས་པའི་དགོས་འདུན།
༣༽ དགྲ་བོ་རྒྱ་དམར་སྲིད་གཞུང་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཚམས་འཇོག་དགོས་པའི་དགོས་འདུན།
༤༽ བོད་དེར་རང་དབང་རང་བཙན་མ་ཐོབ་བར་རྒྱ་ནག་ནང་རྒྱལ་སྤྱིའི་ཨོ་རྩལ་རྩེད་འགྲན་འཚོགས་རྒྱུའི་ཐོབ་ཐང་མེད་སྐོར།
༥༽ ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ། དེ་བཞིན་རྒྱལ་གཅེས་པ་རོང་རྒྱས་ཨ་གྲགས་གཙོས་པའི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་ཀྲོལ་དགོས་སྐོར།
ལས་འགུལ་བ་རྣམས་ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་ ༡ པོའི་ཚེས་ ༡ ཉིན་ལས་འགུལ་བ་རྣམས་ཅེ་ནར་བདེ་འབྱོར་གྱིས་དགོས་འདུན་རྣམས་དྲིལ་བསྒྲགས་ཀྱིས་ལས་འགུལ་མཇུག་སྒྲིལ་གནང་ཡོད།
ཕྱི་ལོ་༢༠༡༤ཟླ་༢ཚེས་༨ནས་ཟླ་༣ཚེས་༡༠བར་བཞུགས་སྒར་རྡ་ས་ལྷ་རྒྱལ་རི་ནས་རྒྱ་གར་རྒྱལ་ས་ལྡི་ལི་བར་གཞོན་ལྷན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འགན་འཁུར་འོག་བོད་མིའི་སྒེར་ལངས་གོམ་བགྲོད་ལས་འགུལ་ཞིག་སྤེལ་ཡོད་པ་དང་། སྐབས་དེའི་ལས་འགུལ་ནང་དཔལ་འབྱོར་གླིང་དང་། བཀྲིས་གླིང་། ཨོ་རི་ས། མེའོ། རྡ་རམ་ས་ལ། བདེ་སྐྱིད་གླིང་། བཀའ་བློན་སྦུག སྦིར། རང་དབང་ལ། མན་པ་ཏི། བྷན་དྷ་ར། ན་ནི་ཏལ། རྡོར་གླིང་། ས་ལུ་སྒར། ལྡི་ལི་བསམ་ཡས་གླིང་། རོ་ཧི་ནི་ས་གཞོན་སོགས་ནས་རྒྱུན་ལས་ཚོགས་མི་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་༥༥ཙམ་མཉམ་ཞུགས་ཀྱིས་ལས་འགུལ་དབུ་འཛུགས་ཞུས་གནང་ཡོད།
ལས་འགུལ་གྱི་དམིགས་ཡུལ་ཁག་གསུམ་ནི་ཡུལ།
༡༽ ད་ལྟའི་བོད་ནང་གི་དཀའ་ཚེགས་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་གནས་བབས་དྲིལ་བསྒྲགས་དང་།
༢༽ རང་ལུས་མེར་སྲེག་བཏང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་པའི་སྙིང་སྟོབས་ལ་གུས་བཀུར་དང་དགོས་འདུན་ལ་རྒྱབ་སྐྱོར།
༣༽ གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་གཞིས་ལུས་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད།
ལས་འགུལ་གྱི་དགོས་འདུན་དོན་ཚན་ཁག་ལྔ།
༡༽ ཕྱི་ལོ་༢༠༠༩ཟླ་༢ནས་བཟུང་བོད་ནང་བོད་མི་༡༢༥ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་ཞུ་དགོས་པ་སོགས་ཀྱི་དགོས་འདུན་བཏོན་གནང་ཡོད་པའི་གནད་དོན་ལ་རྒྱ་གཞུང་ནས་དྲང་བདེན་གྱི་ཡ་ལན་སྤྲོད་དགོས།
༢༽ རྒྱ་ནག་གི་བཙོན་ཁང་འདྲ་མིན་ནང་སྡུག་སྦྱོང་མྱངས་དང་མྱོང་བཞིན་པ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་༡༡པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ། རོང་རྒྱས་ཨ་གྲགས་སོགས་ཀྱིས་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་བཀྲོལ་དགོས།
༣༽ རྒྱལ་སྤྱིའི་རང་དབང་ཅན་གྱི་གསར་འགོད་པ་དང་། ཟུར་གནས་ཀྱི་རྒྱལ་སྤྱིའི་གཞོན་ནུའི་སྒྲིག་འཛུགས་ཤིག་གི་སྐུ་ཚབ་བོད་ནང་གི་དངོས་ཡོད་གནས་སྟངས་རྟོགས་ཞིབ་ཆེད་གཏོང་དགོས།
༤༽ རྒྱ་ནག་གཞུང་ནས་བོད་ནང་བོད་མིའི་ངོ་བོ་སྲུང་སྐྱོབ་ལ་ཉེན་ཚབས་ཆེ་བའི་རྒྱའི་མི་སེར་སྤེལ་བའི་སྲིད་ཇུས་ངན་པ་ལག་བསྟར་བྱས་དང་བྱེད་བཞིན་པ་དང་། བཙན་དབང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ་ནས་བོད་མི་རྣམས་ལ་བསམ་བློའི་མནར་གཅོད་བཏང་དང་གཏོང་བཞིན་པ་འཕྲལ་དུ་མར་མཚམས་འཇོག་དགོས།
༥༽ ཨེ་ཤེ་ཡའི་སྣོད་བཅུད་དང་ཞི་བདེ། དེ་བཞིན་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་འབྲེལ་བ་ངེས་ཅན་ཡོད་པའི་འཛམ་གླིང་ཡང་རྩེའི་བོད་ཀྱི་ཕུན་སུམ་ཚོགས་པའི་རང་བྱུང་ཁོར་ཡུག་ལ་རྡུལ་ཚོན་ཚོད་ལྟ་དང་། ཤིང་ནགས་གཅོད་བྲེག།གཏེར་ཁ་སྔོག་འདོན་སོགས་ཀྱིས་མཚོན་པའི་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཟོས་དང་བཟོ་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས།
ཕྱི་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༩ པའི་ཚེས་ ༢༨ ཉིན་གཞོན་ལྷན་གྱི་ཟས་བཅད་ངོ་རྒོལ་བ་གཞོན་ལྷན་ཚོགས་གཞོན་རྟ་མགྲིན་སྲིད་ཆོས་ལགས་དང་། དྲིལ་བསྒྲགས་འགན་འཛིན་ཚེ་དབང་སྒྲོལ་མ་ལགས། དཔལ་འབྱོར་འགན་འཛིན་བསྟན་འཛིན་དབང་ཕྱུག་ལགས་བཅས་དང་ལྷན་བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་ལྡི་ལི་ཇན་ཏར་མན་ཏར་ནས་རྒྱ་གར་རྒྱལ་ས་ལྡི་ལིར་བརྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་གནང་སྟེ་མཉམ་འབྲེལ་རྒྱལ་ཚོགས་ནས་བོད་ཀྱི་གནད་དོན་ཐད་བར་འདུམ་བྱེད་གནང་ཡོང་བས་འབོད་སྐུལ་ཞུས་གནང་ཡོད།