མི་སེར་སྤེལ་བའི་སྲིད་ཇུས།

མི་ལོ་ལྔ་བཅུའི་རིང་གི་མི་སེར་སྤེལ་སྟངས།

                       

མི་དམངས་གནས་སྤོ། མི་ལོ་བཞི་བཅུའི་རིང་གི་འཐབ་རྩོད། རྒྱལ་སྤྱིའི་རྒྱབ་སྐྱོར། ཁོར་ཡུག་གཏོར་སྐྱོན། བོད་རྒྱ་འབྲེལ་མོལ། དམག་ས་ཅན་དུ་བསྒྱུར་བ།

 

མི་ལོ་ལྔ་བཅུའི་རིང་གི་མི་སེར་སྤེལ་སྟངས། ཨ་ལེག་ཛ་ཌིར་སོལ་ཛིན་ཏ་སན་ ལགས་ཀྱིས་བོད་ནང་རྒྱ་ནག་གི་དབང་སྒྱུར་གྱི་སྐོར་ལ་འགྲེལ་བརྗོད་བྱས་པ་ལྟར་ན་“འཛམ་གླིང་རྒྱལ་ཁབ་གཞན་གྱི་དམར་པོའི་སྒྲིག་འཛུགས་གང་རུང་ལས་ཀྱང་གདུག་རྩུབ་ཆེ་ལ།མི་ཆོས་ལས་འདས་པའི་ཀླ་ཀློའི་ངང་ཚུལ་མང་བ་ཡོད་པ་རེད་” ཅེས་དང་། ཕྱི་ལོ་ ༡༩༦༠ ནང་རྒྱལ་སྤྱིའི་ཁྲིམས་དོན་ལྷན་ཚོགས་ཀྱིས་བོད་ནང་གི་གནས་སྟངས་སྐོར་ལ་བརྟག་དཔྱད་རྒྱ་ཆེར་བྱས་པའི་རྗེས་ཀྱི་གྲུབ་དོན་དུ་རྒྱ་ནག་གིས་བོད་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་སྤེལ་རྒྱུའི་དམིགས་འབེན་བཙུགས་ཟིན་འདུག་ཅེས་བརྗོད་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱི་ལོ་ ༡༩༥༩ དང་། ༡༩༦༡ ། ༡༩༦༥ བཅས་སུ་གྲོས་ཆོད་ཐེངས་གསུམ་བཞག་སྟེ་བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བ་མི་ཡི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་ཡོད་པར་སེམས་ཚབས་ཆེན་པོ་ཡོད་པའི་འགྲེལ་བརྗོད་དང་བོད་མི་རྣམས་ལ་ལྷན་སྐྱེས་ནས་མངའ་བའི་རང་ཐག་རང་ཆོད་ཀྱི་ཐོབ་ཐང་ཁག་བཙན་འཕྲོག་བྱེད་བཞིན་ཡོད་པ་རེད་ཅེས་བརྗོད་ཡོད་པ་རེད། དེ་དག་ཚང་མ་འཇིག་རྟེན་སྤྱི་ཡོངས་ཀྱི་ནག་ཉེས་སུ་བགྲང་གི་ཡོད་ན་ཡང་རྒྱ་ནག་གཞུང་གིས་རྒྱུན་ཆད་མེད་པར་བོད་ནང་ཉེས་ཚབས་ཆེ་བའི་དབང་སྒྱུར་བྱེད་བཞིན་ཡོད་པ་རེད།འདས་པའི་དུས་རབས་ཕྱེད་ཀའི་རིང་དུ་རྒྱ་གཞུང་གི་བཙན་གནོན་གྱི་རྐྱེན་པས་བོད་མི་ས་ཡ་ 1.2 ལས་བརྒལ་བ་དུས་མིན་འཆི་རྐྱེན་དུ་གྱུར་ཡོད་པ་དང་། དགོན་པ་དང་རིག་སློབ་ལྟེ་གནས་ཁང་ ༦༠༠༠ ལྷག་གཏོར་བཤིག་བཏང་ཞིང་། རིན་ཐང་ཅན་གྱི་སྒྱུར་རྩལ་རིག་དངོས་དུ་མ་གཏོར་བརླག་བཏང་བ་དང་ཧོང་ཀོང་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་རིག་དངོས་ཁྲོམ་རར་ཚོང་སྒྱུར་བྱས་ཡོད་པ་རེད། བོད་ཀྱི་རྒྱལ་རབས་དང་ཆོས་འབྱུང་གི་བསྟན་བཅོས་ཁག་བརྒྱ་ཆ་ ༦༠ མེར་བསྲེགས་བཏང་ཡོད་པ་དང་། བོད་མི་རྣམས་ལ་མངའ་བའི་གཞི་རྩའི་ཐོབ་ཐང་སྟེ། སྨྲ་བརྗོད་ཀྱི་ཐོབ་ཐང་། ཆོས་ལུགས་དད་མོས་ཀྱི་ཐོབ་ཐང་། ལས་འགུལ་སྤེལ་རྒྱུའི་ཐོབ་ཐང་སོགས་ལོངས་སུ་སྤྱོད་པར་འགོག་གནོན་བྱེད་བཞིན་ཡོད་པ་དང་། བོད་ཀྱི་སྐྱེ་སྨན་རྣམས་ལ་བཙན་ཤེད་ཀྱིས་སྐྱེ་སྒོ་འགོག་གི་ཡོད་པས་མ་ཚད། བྱིས་པ་མངལ་ཉེས་སུ་གཏོང་བཞིན་ཡོད་ལ། བོད་ཀྱི་བྱིས་པ་རྣམས་ལ་བྱིས་པའི་དུས་སྐབས་སྤྱོད་པར་འགོག་གནོན་བྱས་ཏེ་རྨང་གཞིའི་སློབ་སྦྱོང་བྱེད་པའི་གོ་སྐབས་སྟེར་གྱི་མེད་པ་རེད།བོད་མི་བརྒྱ་ཆ་ ༧༠ ཐམ་པ་ད་དུང་ཡིག་རྨོངས་སུ་གནས་ཡོད་པ་དང་། འདས་པའི་མི་ལོ་ལྔ་བཅུའི་རིང་གི་དུས་ཡུན་ནང་ཁྲིམས་མེད་ལུགས་འགལ་གྱི་འཛིན་བཟུང་དང་། གཉའ་གནོན། མནར་གཅོད། འཇིགས་སྐུལ། བཙོན་འཇུག་བཅས་ནི་འཆར་ཅན་གྱི་ཁྱད་ཆོས་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་རེད། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་པཎ་ཆེན་ ༡༠ པ་ཆེན་པོའི་ཡང་སྲིད་དུ་ངོས་འཛིན་མཛད་ནས་ཉིན་ཤས་ཤིག་གི་རྗེས་སུ་ཁོང་དང་ཁོང་གི་ཁྱིམ་མི་ཡོངས་རྫོགས་ག་སོང་ཆ་མེད་དུ་གྱུར་ཡོད་པ་དང་། དེའི་རྗེས་སུ་པཎ་ཆེན་རིན་པོ་ཆེའི་གདན་ས་བཀྲ་ཤིས་ལྷུན་པོའི་དགོན་གྱི་མཁན་པོ་བྱ་བྲལ་རིན་པོ་ཆེན་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད། རྒྱ་ནག་གཞུང་གིས་གང་ཟག་སྒེར་གྱི་ཆོས་ལུགས་དད་མོས་ཀྱི་རང་དབང་ལ་དངོས་སུ་ཐེ་བྱུས་བྱས་ནས་ཕྱི་ལོ་ ༡༩༩༥ ཟླ་ ༡༡ པའི་ནང་པཎ་ཆེན་བླ་མ་རྫུན་མ་ཞིག་བཙན་བསྐོས་བྱས་ཡོད་པ་རེད། རྒྱ་ནག་གི་བཙོན་ཁང་འདྲ་མིན་ཁག་གི་ནང་བོད་མི་སྟོང་ཕྲང་མང་པོས་ད་དུང་སྡུག་བསྔལ་མྱོང་གིན་ཡོད་པ་དང་། ཁོ་ཚོ་མང་ཆེ་ཤོས་གཞོན་སྐྱེས་ལོ་ན་ ༢༥ ཡི་འོག་ལ་སོན་ཡོད་མཁན་ཤ་སྟག་ཡིན་པ་རེད། རྒྱ་རིགས་རྣམས་དེང་དུས་ཀྱི་མཐུན་རྐྱེན་འཛོམས་པའི་གཞིས་གྲོང་གསར་པའི་ནང་གནས་སྡོད་བྱེད་བཞིན་ཡོད་པའི་སྐབས་སུ། བོད་མི་མང་ཆེ་ཤོས་ད་དུང་ཁྱིམ་གཞིས་རྙིང་པར་འཚོ་སྡོད་བྱེད་དགོས་ཀྱི་ཡོད་པ་རེད་ལ། རྒྱ་རིགས་རྣམས་ཀྱིས་ས་ཁ་དམའ་སའི་གཤིན་ས་ཡོད་ཚད་བཙན་བཟུང་བྱེད་ཀྱིན་པའི་སྐབས་སུ། བོད་རིགས་རྣམས་བཙན་ཤེད་ཀྱིས་ས་ཁ་མཐོ་བའི་རི་གྲོང་དུ་འཚོ་སྡོད་བྱེད་བཅུག་གི་ཡོད་པ་རེད། བོད་ནང་བོད་ཀྱི་མི་འབོར་ས་ཡ་ 6 ལས་མང་བ་རྒྱ་རིགས་ས་ཡ་ 7.5 ལ་འཕར་བཞིན་ཡོད་པ་རེད། རྒྱ་གཞུང་གིས་བོད་ཀྱི་ས་ཆ་དུམ་བུ་དྲུག་ཏུ་བཅད་གཏུབ་བྱས་ཡོད་པ་དང་རྒྱ་ནག་གིས་གང་ལུང་འདྲེན་བྱེད་བཞིན་ཡོད་པའི་བོད་རང་སྐྱོང་ལྗོངས་ཟེར་བ་དེ་ནི་བོད་ཀྱི་གདོན་མའི་ས་ཆའི་ཕྱེད་ཀ་ཙམ་ལས་གྲུབ་པ་ཞིག་རེད། བཅད་གཏུབས་བྱས་པའི་དུམ་བུ་གཞན་པ་ཁག་ལྔ་དེ་རྒྱ་ནག་གི་ཉེ་འདབས་ཞིང་ཆེན་ཁག་ཏུ་ཟླ་སྒྲིལ་བཏང་ཡོད་པ་རེད།། བོད་ཀྱི་གས་ཆག་སླ་བའི་རང་བྱུང་ཁོར་ཡུག་གཅེར་བུར་གཏོང་བཞིན་པ་སྟེ། བོད་ཀྱི་ནགས་ཚལ་ཕོན་ཆེ་ཤོས་གཙང་ཟད་དུ་འགྲོ་བཞིན་ཡོད་པ་དང་རང་བྱུང་གཏེར་གྱི་ཐོན་ཁོངས་ཁག་བཤུ་གཞོགས་གཏོང་བཞིན་ཡོད་ལ། བོད་ཀྱི་བདག་མེད་སྲོག་ཆགས་རིགས་རྩ་སྟོངས་སུ་འགྲོ་ལ་ཁད་དུ་གྱུར་ཡོད་པས། དེང་སང་བོད་ཀྱི་རྣམ་པ་དེ་འབྲས་མེད་དོན་སྟོང་ཞིག་ཏུ་གྱུར་ཡོད་པ་རེད།མི་དམངས་གནས་སྤོ།ཤིན་ཏུ་འཇིགས་སྣང་གི་ཁྱད་ཆོས་ལྡན་པའི་རྒྱ་ནག་གི་ད་ལྟའི་མི་སེར་སྤེལ་བའི་སྲིད་བྱུས་ཁྲོད་ནས་གཅིག་ནི་གཞི་རྒྱ་ཆེ་ལ། སྔོན་ཆད་བྱུང་མྱོང་མེད་པའི་རྒྱ་རིགས་མི་དམངས་བོད་དུ་གནས་སྤོ་བྱེད་བཞིན་ཡོད་པ་དེ་རེད། དངོས་གནས་འཇིགས་སྣང་སྐྱེ་གཞིར་གྱུར་དགོས་པ་ཞིག་ནི། གལ་ཏེ་རྒྱ་ནག་གི་ད་ལྟའི་སྲིད་བྱུས་དེ་ལམ་ལྷོང་ལེགས་གྲུབ་བྱུང་པ་ཡིན་ན་བོད་མི་རྣམས་སོ་སོ་རང་ཉིད་ཀྱི་རྒྱལ་ཁབ་ནང་དུ་མི་འབོར་ཉུང་དུ་ཕྱིན་ནས་གྲངས་ཉུང་མངོན་མཚན་མ་མཆིས་པའི་མི་རིགས་ཤིག་ཏུ་འགྱུར་རྒྱུ་ཡིན་པ་རེད། དེ་ནི་མན་ཇུ་མི་རིགས་ (༡ དང་རྒྱ་རིགས་ ༣༥) དང་། ཏུའུ་ཀིའི་མི་རིགས་ (༡ དང་རྒྱ་རིགས་ ༣) སོག་པོ་མི་རིགས་ (༡ དང་རྒྱ་རིགས ༥) ཡི་ཚད་གཞི་ཅན་དུ་བསྒྱུར་ཡོད་པ་དང་གཅིག་མཚུངས་ཡིན་པ་རེད། སྲིད་བྱུས་དེའི་དམིགས་གཏད་ནི་རྒྱ་རིགས་མི་འབོར་ཕོན་ཆེན་བསྐྱར་ལྡོག་མི་ནུས་པའི་སྤོ་ཤུགས་ཀྱི་ཐབས་ལམ་ལ་བརྟེན་ནས་རྒྱ་ནག་གིས་བོད་ཀྱི་གཞི་ཁྱོན་ཆེ་བའི་ས་ཆར་རྩོད་གཞི་བཟུང་བཞིན་པ་རྣམས་བཙན་ཤུགས་ཀྱིས་ཐག་གཅོད་བྱ་རྩིས་ཡོད་པ་རེད། ད་ལྟའི་རྒྱ་ནག་གི་སྲིད་བྱུས་དེ་ཕྱི་ལོ་ ༡༩༨༣ ལོ་ནས་འགོ་བཙུགས་པ་ཞིག་ཡིན་པ་དང་དེ་ཡང་རྒྱ་ནག་གི་བོད་ཐད་ཀྱི་དཀའ་རྙོག་སེལ་བའི་ཐབས་ལམ་མཐའ་མ་དེ་ཡིན་པ་རེད། ཏིང་ཤོ་ཕིང་གཙོ་བོར་གྱུར་པའི་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་རྒྱ་རིགས་མི་སེར་བོད་དུ་གཞིས་སྤོ་བྱེད་པའི་བློ་སྤོབས་ཡོང་བར་སྐུལ་འདེད་རྒྱབ་སྐྱོར་བྱས་ཡོད་པ་རེད། སྲིད་བྱུས་འདི་ལག་བསྟར་བྱས་པའི་ཉེར་ལེན་ལ་བརྟེན་ནས་དེ་སང་བོད་ནང་བོད་ཀྱི་མི་འབོར་ས་ཡ་ 6 ལས་མང་བ་རྒྱ་རིགས་ས་ཡ་ 7.5 རུ་འཕར་བཞིན་ཡོད་པ་རེད། ད་ལྟ་ཆར་བོད་ཀྱི་ཨ་མདོ་ཆོལ་ཁ་རྒྱ་ནག་གི་ཞིང་ཆེན་ཞིག་ཏུ་བསྒྱུར་ཟིན་ནས་ Qinghai ཞེས་འབོད་ཀྱི་ཡོད་པ་དེའི་ནང་གི་ཁྱོན་མི་འབོར་ས་ཡ་ 4.45 ཡོད་པའི་ཁྲོད་ནས་ཕྱི་ལོ་ ༡༩༩༠ ནང་ (རྒྱ་ནག་རང་ཉིད་ཀྱི་མི་འབོར་ཞིབ་རྩིས་ལྟར་བྱས་ན་) བརྒྱ་ཆ་ ༢༠ ཙམ་བོད་རིགས་ཡིན་པ་ལས་དེ་མིན་རྒྱ་རིགས་ཤེད་ཅིག་ཡིན་པ་རེད། མངའ་སྡེ་ཆེ་ཁག་དར་རྩེ་མདོ་དང་། སྡེ་དགེ། དཀར་མཛེས། སྨར་ཁམས་ལྟ་བུ་ཚུད་ཡོད་པའི་བོད་ཀྱི་ཆོལ་ཁ་ཁམས་ཕྱོགས་ཀྱི་གནས་སྟངས་དེ་བས་སྡུག་ཏུ་གྱུར་ཡོད་པའི་གནས་ཚུལ་འབྱོར་གསལ་ལྟར་ན་བརྒྱ་ཆ་ ༩༥ ནས་ ༡༠༠ རྒྱ་རིགས་གནས་སྡོད་(inhabited)བྱེད་བཞིན་ཡོད་འདུག དེང་སང་ཁམས་གཅིག་པུའི་ནང་རྒྱ་རིགས་མི་འབོར་ས་ཡ་ 3.6 གི་སྒང་ལ་ཡོད་སྐོར་བརྗོད་ཀྱི་ཡོད་པ་རེད། བོད་ཀྱི་ལྟེ་བ་དབུས་གཙང་ (བོད་རང་སྐྱོང་ལྗོངས་ཟེར་བ་) ནང་གི་གནས་སྟངས་ལྟོས་ས་ལྟོས་འཇོག་གི་ཐོག་ནས་ལེགས་ཙམ་ཡོད་རུང། དབུས་གཙང་ཁུལ་ཡང་མངའ་སྡེ་དང་གྲོང་ཁྱེར་ཆེ་ཁག་ནང་དུ་གནས་སྡོད་བྱེད་མཁན་བོད་རིགས་ལས་རྒྱ་རིགས་མང་བ་ཡོད་པ་རེད། དབུས་གཙང་ཁུལ་དུ་གནས་སྡོད་བྱེད་མཁན་རྒྱ་རིགས་མི་འབོར་ས་ཡ་ 2 ཀྱི་སྒང་ལ་ཡོད་པར་ཚོད་དཔག་བྱེད་བཞིན་ཡོད་པ་རེད།ད་ལྟའི་དུས་ཚོད་ལ་པེ་ཅིང་གཞུང་གིས་མི་འབོར་སྤོ་ཤུགས་མྱུར་ཚད་མགྱོགས་སུ་བཏང་ནས་བོད་དབུས་ཁུལ་དུ་རྒྱ་རིགས་མི་སེར་དུ་མ་གནས་སྤོ་བྱེད་དུ་འཇུག་བཞིན་ཡོད་པས་གནས་སྟངས་དེ་བས་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། ཕྱི་ལོ་ ༡༩༩༢ གཅིག་པུ་ནང་བོད་དབུས་ཁུལ་དུ་རྒྱ་རིགས་མི་སེར་གསར་པ་སྟོང་ཕྲག་མང་པོས་གཞིས་བཅས་ནས་བསྡད་ཡོད་འདུག བོད་ནང་གི་བོད་མི་རྣམས་ལ་ཞེད་སྣང་སྐྱེ་གཞི་གཅིག་ནི་གཞི་རྒྱ་ཆེ་བའི་ “གྲོག་རོང་གསུམ་གྱི་ལས་གཞི་” (Three Gorges Project) ཞེས་པ་དེའི་རྐྱེན་པས་རྒྱ་རིགས་ས་ཡ་གཅིག་ལས་མང་བ་ཡུལ་སྤོའི་གནས་སྡོད་བྱ་ཡུལ་བོད་དབུས་ཁུལ་དུ་བཀོད་སྒྲིག་བྱ་རྒྱུ་ཡིན་པ་དེ་རེད། བོད་ནང་འགོ་འཛུགས་བྱེད་བཞིན་ཡོད་པའི་དཔལ་འབྱོར་འཛུགས་སྐྲུན་གྱི་དམིགས་ཡུལ་ལྟེ་བ་དེ་རྒྱ་རིགས་གཞིས་སྤོ་བ་རྣམས་བསླུ་བྲིད་ཀྱིས་བོད་ནང་མང་དུ་སྤོ་རུ་འཇུག་ཕྱིར་ཡིན་པ་ལས་བོད་མི་རྣམས་ལ་ཁེ་ཕན་སྤྲོད་རྒྱུའི་ཆེད་དུ་ག་ནས་ཡིན།

 

ཁོར་ཡུག་གཏོར་སྐྱོན།

 

རྒྱ་གཞུང་གིས་བོད་དུ་བཙན་འཛུལ་མ་བྱས་པའི་སྔོན་དུ་བོད་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་དུ་ལམ་ལུགས་ཚགས་ཚུད་ལེགས་གྲས་ཡོད་པ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱིས་འགྲོ་བ་སེམས་ཅན་ཡོད་དོ་ཅོག་ཕན་ཚུན་གཅིག་ལ་གཅིག་རྟེན་རྟེན་འབྱུང་གི་རང་བཞིན་ཡིན་ཞིང་དཀའ་ངལ་ཡོད་ཚད་སེལ་ཕྱིར་ལས་དོན་བསྒྲུབ་དགོས་པའི་སྐོར་མི་རྣམས་ལ་བསླབ་བྱ་བསྐྱོན་གྱི་ཡོད་སྟབས། སྐྱེས་ཚལ་དང་ས་སྟོང་རྣམས་དེ་འདྲ་དགོས་གལ་མ་མཆིས་རུང་། བདག་མེད་སྲོག་ཆགས་དང་ས་རྒོད་ལུང་སྟོང་ཁག་ལ་ལུགས་མཐུན་གྱི་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་རེད། སྲོག་ཆགས་དུད་འགྲོ་དང་། འགྲོ་བ་མིའི་རིགས། རྩི་ཤིང་། དེ་བཞིན་སྐྱེ་དངོས་མ་ཡིན་པའི་དངོས་པོ་ཡོད་ཚད་དབར་གྱི་འབྲེལ་གཞི་ཡོངས་རྫོགས་(whole spectrum)གཅིག་ཏུ་གྲུབ་ཡོད་སྟབས། མི་རྣམས་རང་བྱུང་ཁོར་ཡུག་དང་འཆམ་མཐུན་གྱི་འདུ་ཤེས་ཡོད་པའི་ཐོག་ནས་འཚོ་སྡོད་བྱེད་ཀྱི་ཡོད་པ་རེད།དེང་སང་རྒྱ་ནག་གི་དབང་སྒྱུར་འོག་ཏུ་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གོ་རིམ་ལྡན་པའི་གཏོར་སྐྱོན་ཕོག་བཞིན་ཡོད་པ་དེ་སྔོན་ཆད་བྱུང་མྱོང་མེད་པ་ཞིག་ཡིན་པ་དང་། འབྱོར་ཕྱུག་ལྡན་པའི་བདག་མེད་སྲོག་ཆགས་དང་། རྩི་ཤིང་། ནགས་ཚལ། རང་བྱུང་གཏེར་ཁ། ཆུ་ཡི་ཐོན་ཁུངས་ཡོད་ཚད་བསྐྱར་གསོ་བྱེད་ནུས་མ་མཆིས་པའི་ཉམས་རྒུད་ཆགས་འཇིག་གི་གནས་སུ་ལྷུང་ཡོད་པ་དང་། གས་ཆག་སླ་བའི་བོད་ཀྱི་རང་བྱུང་སྣོད་བཅུད་ཀྱི་སྙོམ་ཚད་ལ་ཉེན་ཚབས་ཆེན་པོས་དོ་ཕོག་ཐེབས་བཞིན་ཡོད་པ་རེད།ཉམས་ཞིབ་ཀྱིས་བསྟན་དོན་ལྟར་བྱས་ན་ཕྱི་ལོ་ ༡༩༨༥ ཡི་ལོ་མཇུག་བར་རྒྱ་ནག་གཞུང་གིས་བོད་ཀྱི་ཕུན་སུམ་ཚོགས་པའི་ནགས་ཚལ་སྟོང་པ་ཁག་ནས་དངུལ་སྒོར་སྒྲོ་ལོ་ཐེ་འབུམ་ ༥༤ ཡི་རིན་གོང་ལོན་པའི་གདུང་མ་བཅད་གཏུབ་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༥༥ ནས་བཟུང་བོད་ཀྱི་ཨ་མདོ་ཆོལ་ཁ་གཅིག་པུའི་ཁྲོད་ནས་ཤིང་སྡོང་ས་ཡ་ ༥༠ ཙམ་བཅད་གཏུབ་བྱས་ཤིང་ཁྱོན་སྡོམ་བྱས་ན་ཨེ་ཀར་ས་ཡ་དུ་མའི་ནགས་ཚལ་མ་མཐའ་ཡང་ བརྒྱ་ཆ་ ༧༠ ཐམ་པ་གཙང་ཟད་དུ་ཕྱིན་ཡོད་པ་རེད། གནས་སྟངས་དེ་དང་གཅིག་མཚུངས་བོད་ཀྱི་ས་ཆ་གཞན་པར་ཁྱབ་བཞིན་ཡོད་པ་དང་ཁྱད་པར་དུ་བོད་ཀྱི་ཤར་ཕྱོགས་དང་ལྷོ་ཕྱོགས་ས་ཁུལ་དུ་ཁྱབ་ཡོད་པ་རེད། བོད་ནང་བརྟག་ཞིབ་མ་བྱས་པའི་ནག་ཚལ་ཕོན་ཆེན་འབྲེག་གཅོད་བྱས་པའི་རྐྱེན་གྱིས་ས་ཆ་ཉིལ་ཟད་བསྐྱར་གསོ་མི་ནུས་པར་འགྱུར་བཞིན་ཡོད་པ་དང་རྒྱུགས་ཆུ་ནང་སྙིགས་རོ་ཕུང་གསོག་ཇེ་ཆེར་ཕྱིན་པའི་དབང་གིས་ས་རུད་འབྱུང་གིན་ཡོད་པས་མ་ཚད། ཞིང་སའི་ནུས་བཅུད་ཉམས་ཞན་དུ་འགྲོ་གི་ཡོད་པ་རེད། བོད་དེ་ཨེ་ཤེ་ཡའི་ཆུ་བོ་ཆེན་པོ་རྣམས་ཀྱི་འབྱུང་ཁུངས་ཡིན་སྟབས། ལྷོ་ཨེ་ཤེ་ཡ་དང་། ལྷོ་ཤར་ཨེ་ཤེ་ཡའི་ནང་དུ་རང་བྱུང་ཁོར་ཡུག་གནས་སྟངས་ལ་ཉེན་ཚབས་ཆེ་བའི་འཇིགས་སྣང་ཡོད་པ། དཔེར་ན་རྒྱ་གར་དང་བྷང་ལ་དྷི་ཤེའི་ནང་ཡ་ང་བའི་ཆུ་ལོག་གི་དོན་རྐྱེན་ཡོང་གི་ཡོད་པ་ལོ་ལྟར་མཐོང་གསལ་ལྟར་རེད། ད་དུང་བོད་ནང་ནགས་ཚལ་གཅོད་འབྲེག་དབང་གིས་ཆར་དུས་ཀྱི་སྙོམ་ཚད་མ་མཉམ་པའི་ཉེན་ཁ་འཕེར་བས་རྒྱ་གར་གྱི་ཞིང་ལས་ཐོན་སྐྱེད་ལ་གུད་ཆག་ཡོང་བའི་ཉེན་བརྡ་ཡོང་གི་ཡོད་པ་རེད།བོད་ནང་རྒྱ་རིགས་མི་འབོར་ཕོན་ཆེན་སྡེབ་འབྱོར་བྱེད་ཀྱི་ཡོད་པ་དེས་བོད་མི་རྣམས་ཀྱི་རྩྭ་ས་ཚད་བཀག་རྒྱས་བཅད་མ་བཟོ་ཀ་མེད་ཀྱི་གནས་སུ་གྱར་བཞིན་ཡོད་པར་བརྟེན་ནས་རྩྭ་ཐང་ཡོད་པའི་ས་ཆར་ཕྱུགས་རྩྭ་ཚད་ལས་བརྒལ་བ་སྤྱོད་དགོས་འབྱུང་གི་ཡོད་པ་རེད། ཕྱུགས་རྩྭ་ཚད་ལས་བརྒལ་བ་མུ་མཐུད་དུ་སྤྱོད་པ་ཡིན་ན་རྩྭ་ཡི་སྐྱེ་འཕེལ་གྱི་ནུས་པ་ངང་གིས་ཉུང་དུ་འགྲོ་བས་མ་ཚད། བོད་ས་ཁྱོན་ཡོངས་མྱུར་དུ་བྱེ་ས་ཅན་དུ་འགྱུར་ངེས་རེད། དཔེ་མཚོན་འདིས་སའི་གོ་ལའི་གནམ་གཤིས་ཀྱི་གནས་སྟངས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ངེས་ཡིན་པ་རེད།བོད་ནང་ཕྱི་ལོ་ ༡༩༦༠ ནང་གི་ལོ་སྟོད་དུ་གོ་རིམ་ལྡན་ལ་གཞི་རྒྱ་ཆེ་བའི་གཏེར་ཁ་བསྔོག་འདོན་འགོ་འཛུགས་བྱས་ཡོད་པ་དང་དེ་ནས་བཟུང་མུ་མཐུད་དུ་བསྔོག་འདོན་བྱེད་བཞིན་ཡོད་པ་རེད། དེང་སང་རྒྱ་ནག་གཞུང་གིས་བོད་ནང་ཟེར་ཏུས་ལྕགས་རྡོ་ (uranium) དང་རྡོ་སྣུམ་ཚུད་པའི་གཏེར་ཁ་མི་འདྲ་བ་རིགས་ ༡༢༦ ལྷག་བསྔོག་ལེན་བྱེད་བཞིན་ཡོད་པ་དང་། ཚོད་འཛིན་མ་མཆིས་པའི་རང་བྱུང་གཏེར་གྱི་ཐོན་ཁུངས་བཤུ་གཞོག་གཏོང་གི་ཡོད་པ་དེས་བོད་ནང་ད་ལྟ་ལུས་ཡོད་པའི་ཆར་ཆུ་འབེལ་སའི་ནགས་ཚལ་རྒྱུན་གནས་ཡོང་བར་ཚབས་ཆེའི་ཉེན་ཁ་བཟོ་གི་ཡོད་པ་རེད།
བོད་ནང་ཧ་ཅང་མང་བའི་བདག་མེད་སྲོག་ཆགས་རྣམས་རྒྱ་ནག་གིས་དངོས་འབྲེལ་གཙང་འཕྱག་བཏང་ཟིན་ཅིང་། སྔོན་དུས་དོམ་དང་། སྤྱང་ཀི། ངང་པ་སྐེ་རིང་། ངང་པ། ལུག་སྔོན་པོ། གཙོད། གངས་གཟིག དོམ་ཁྲ་སོགས་ཡོད་རུང་ད་ལྟ་དེ་རྣམས་ཕལ་ཆེར་རྩ་སྟོངས་སུ་འགྲོ་གི་ཡོད་པ་རེད།

 

དམག་སར་བསྒྱུར་བ།

 

སྔོན་ཆད་རྒྱ་དཀར་ནག་གཉིས་ཀྱི་དབར་དུ་ཞི་བདེ་བག་ཕེབས་ངང་གནས་པའི་བར་གནས་རྒྱལ་ཁབ་བོད་དེ་གཞི་རྒྱ་ཆེ་བའི་དམག་སའི་ལུང་པ་ཞིག་ཏུ་བསྒྱུར་ཟིན་པ་དང་། རྒྱ་ནག་གི་དབང་སྒྱུར་སྟོབས་ཤུགས་ཀྱིས་པེ་ཅིང་གཞུང་གི་སྟངས་འཛིན་བོད་མི་དམངས་ཀྱི་ཐོག་ཏུ་རྒྱུན་འཁྱོངས་བྱེད་པར་སྲི་ཞུ་སྒྲུབ་ཀྱིན་ཡོད་ཅིང་ཡུལ་གྲུ་དེར་རྒྱ་ནག་གི་ཐབས་བྱུས་ཀྱི་དམིགས་ཡུལ་རྒྱ་བསྐྱེད་གཏོང་བཞིན་ཡོད་པ་རེད། བོད་ཀྱི་མཐོ་སྒང་དམག་ས་ཅན་དུ་བསྒྱུར་བ་དེས་ཡུལ་གྲུའི་ས་བབས་སྲིད་དོན་སྙོམ་ཚད་ལ་ཤུགས་རྐྱེན་གཏིང་ཟབ་པོས་ཐེབས་པ་དང་རྒྱལ་སྤྱི་དངངས་སྐྲག་ལང་དགོས་པའི་ཉེན་རྐྱེན་དུ་འགྲོ་གི་ཡོད་པ་རེད།རྒྱ་ནག་གིས་བོད་ས་དབང་བསྒྱུར་གྱི་རྐྱེན་པས་དེ་སང་རྒྱ་དཀར་ནག་གཉིས་ཀྱི་དམག་མིས་ཧི་མ་ལ་ཡའི་ས་མཚམས་སུ་ཕན་ཚུན་གདོང་ཐུག་ཁ་གཏད་དུ་གྱུར་ཡོད་པ་དེ་ལོ་རྒྱུས་ནང་ཐེངས་དང་པོ་ཡིན་པ་དང་། དེ་ཡང་རྒྱ་ནག་གིས་བོད་ས་དབང་བསྒྱུར་བྱས་ནས་ལོ་ངོ་གསུམ་གྱི་རྗེས་སུ་ཕྱི་ལོ་ ༡༩༦༢ ལོར་རྒྱལ་ཁབ་གཉིས་དབར་དུ་ཁྲག་དྲི་བྲོ་བའི་དམག་འཁྲུག་ཐོག་མར་བྱུང་ཡོད་པ་རེད། རྒྱ་ནག་གིས་པ་ཁི་སི་ཏའི་ནང་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་གསར་སྐྲུན་བྱེད་པ་དང་དམག་དཔུང་མི་སྣའི་གསོག་སྒར་ཆེན་པོ་འཛུགས་བསྐྲུན་བྱེད་པ་བཅས་ལ་མཐུན་རྐྱེན་རྒྱབ་སྐྱོར་བྱེད་བཞིན་ཡོད་ཅིང་བོད་ནང་རྡུལ་ཕྲན་མཚོན་ཆའི་རྟེན་གཞི་རྒྱབ་ཀྱི་ཡོད་པ་དང་། རྒྱ་གར་ནང་དམག་མི་སིམ་འཛུལ་བྱེད་པ། འབར་མའི་དམག་དཔུང་སྒྲིག་འཛུགས་ལ་རོགས་སྐྱོར་བརྟན་པོ་བྱེད་བཞིན་ཡོད་པ་དང་ཁྱད་པར་དུ་རྒྱ་གར་རྒྱ་མཚོའི་བྱང་ཤར་དུ་འཁེལ་ཡོད་པའི་བིངྒ་ལའི་ས་ཆ་ (Bay of Bengal) ཞེས་པར་མཚོ་དམག་གི་རྟེན་གཞི་ཞིག་རྒྱབ་བཞིན་ཡོད་པ་དེས་རྒྱ་གར་ཉེ་འདབས་ཀྱི་རྒྱལ་ཁབ་ཁག་གི་བརྟན་བརླིང་དེ་བས་ཉམས་དམས་སུ་གཏོང་རྒྱུ་ཡིན་པ་རེད།དེ་སང་བོད་ནང་རྒྱ་ནག་གི་དམག་དཔུང་ཁག་ཏུ་དམག་མི་ཡོད་བཞིན་པའི་གྲངས་འབོར་རགས་རྩིས་བྱས་ན་འབུམ་ ༣༠༠༠༠༠ ནས་ ༥༠༠༠༠༠ བར་ཡོད་པ་དང་། དེའི་ཁྲོད་ནས་འབུམ་ ༢༠༠༠༠༠ ཐམ་པ་རྒྱ་གར་ས་མཚམས་དང་ཉེ་བའི་བོད་དབུས་ཁུལ་དུ་དམག་སྒར་གཏན་འཇགས་བརྒྱབ་ཡོད་པ་དང་། (Radar) གསང་བའི་རྟེན་གཞི་ ༡༧ ། དམག་མིའི་གནམ་གྲུ་ཐང་ ༡༤ ཡོད་པ་དང། མེ་ཤུགས་འཕུར་མདའི་གཞིས་སྒར་ཁག་ ༥ (ཀོང་པོ་ཉིང་ཁྲི། སྤོ་བོ་བཀྲ་མོ། རུ་ཐོག ཀོལ་མོ། ནག་ཆུ་) བཅས་སུ་ཡོད་པའི་ཁྲོད་ནས་མང་ཆེ་ཤོས་རྒྱ་གར་གྱི་ས་མཚམས་དང་ཉེ་བར་འཁེལ་ཡོད་པ་རེད། ཉུང་ཤོས་ལ་གླིང་ཆེན་ནང་ཁུལ་འཕེན་ནུས་ཀྱི་སྒྱོག་རྡོའམ་མེ་ཤུགས་འཕུར་མདའ་ (ICBMs) ༨ དང་། མེ་ཤུགས་འཕུར་མདའ་འབྲིང་ཚད་ཅན་ ༧༠ ཐམ་པ་དང་། དམའ་འབྲིང་གི་ཚད་གཞི་ཅན་ ༢༠ ཐམ་པ་ཡོད་པ་རེད། དེ་བས་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཆ་རྫས་སྦྱོར་དམག་འཐབ་སྦྱོང་བརྡར་བྱ་ཆེད་དང་རྒྱལ་ཁབ་གཞན་ནས་འཁུར་ཡོང་བའི་རྡུལ་ཕྲན་མཚོན་ཆའི་སྙིགས་རོ་གསོག་གཞིའི་ཆེད་དུ་བེད་སྤྱོད་གཏོང་བཞིན་ཡོད་པ་དང་། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་གཏན་གཞིས་བཅས་པའི་རང་དབང་ཚོགས་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཉེ་བའི་ཆར་དཔར་བསྐྲུན་བྱས་པའི་སྙན་ཐོ་རུ་བོད་ཀྱི་ཨ་མདོ་ཆོལ་ཁའི་མཚོ་སྔོན་པོ་ཉེ་འགྲམ་དུ་རྒྱ་ནག་གི་རྡུལ་ཕྲན་མཚོན་ཆའི་རྟེན་གཞི་སློབ་གཉེར་ཁང་ཨང་དགུ་པ་ (Ninth Academy) ཞེས་པ་ཞིག་ཡོད་པར་ངེས་གཏན་བྱས་འདུག

 

 

Back To Top