མནར་གཅོད་ལ་འགོག་རྒོལ་གྱི་རྒྱལ་སྤྱིའི་ཉིན་མོ།
ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༦ ཉིན་མནར་གཅོད་ལ་འགོག་རྒོལ་ལམ། མནར་གཅོད་མྱོང་མཁན་རྣམས་ལ་རྒྱབ་སྐྱོར་གྱི་རྒྱལ་སྤྱིའི་ཉིན་མོ་སྲུང་བརྩིའི་སླད། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་ལྔ་ཙམ་གདན་ཞུས་ཀྱིས་བཞུགས་སྒར་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ་གཏམ་བཤད་བགྲོ་གླེང་གོ་སྒྲིག་དང་། གཞན་ཡང་བོད་ཀྱི་ཆབ་སྲིད་བཙོན་པ་ཉི་ཤུའི་དངོས་ཡོད་ཀྱི་ལོ་རྒྱུས་འགྲེམས་སྤེལ་དང་འགྲེལ་བཤད་བཅས་ཞུས་ཏེ་དུས་དྲན་སྲུང་བརྩི་ཞུས་ཡོད།
དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ནས་མནར་གཅོད་འགོག་པའི་སྤྱི་ཆིངས་གཏན་འབེབ་བྱུང་སྟེ་མི་ལོ་ཧྲིལ་པོ་ ༣༧ འཁོར་བའི་མནར་གཅོད་ཕོག་མཁན་རྣམས་ལ་རྒྱབ་སྐྱོར་གྱི་རྒྱལ་སྤྱིའི་ཉིན་མོར་དམིགས་ཏེ་བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་དང་། བློ་བཟང་ཡོན་ཏན་ལགས། དགེ་འདུན་རིན་ཆེན་ལགས། ཤེས་རབ་རྒྱ་མཚོ་ལགས་དང་དགེ་བཤེས་ངག་དབང་དགེ་ལེགས་ལགས་བཅས་གདན་ཞུས་གནང་ཡོད་པ་མ་ཟད། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ནས་མཛད་སྒོ་གཙོ་སྐྱོང་གིས་མཛད་སྒོའི་ཐོག་མར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ནས་དུས་དྲན་སྲུང་བརྩིའི་གལ་གནད་དང་ད་ལྟའི་ཆར་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་སོགས་ཀྱི་ཐད་ངོ་སྤྲོད་གསུང་བཤད་གནང་ཡོད་པ་དང་། དེ་རྗེས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་ཉམས་ཞིབ་པ་ཕུར་བུ་སྒྲོལ་མ་ལགས་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཉི་ཤུའི་དངོས་ཡོད་གནས་ལོ་རྒྱུས་མདོར་བསྡུས་སྙན་གསེང་ཞུས་པ་དང་སྦྲགས། གཞོན་ལྷན་སྤྱི་ཁྱབ་དྲུང་ཆེའི་གཙོ་སྐྱོང་འོག་ཆབ་སྲིད་བཙོན་ཟུར་རྣམས་ཀྱི་ལོ་རྒྱུས་ངོ་སྤྲོད་གྲུབ་མཚམས་བོད་ཀྱི་ཆབ་སྲིད་བཙོན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ནས་དུས་དྲན་དང་འབྲེལ་བའི་འཚམས་འདྲིའི་བརྙན་ཐུང་གཟིགས་འབུལ་ཞུས་ཡོད། དེ་རྗེས་ཆབ་སྲིད་བཙོན་ཟུར་རེ་མུས་ཀྱིས་དགྲ་བོ་རྒྱ་དམར་གྱི་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་གང་དང་གང་མྱངས་ཡོད་མེད་སོགས་ཀྱི་གཏམ་བཤད་སྤེལ་ཡོད། ཁོང་རྣམ་པའི་གཏམ་བཤད་གྲུབ་མཚམས་ཚོགས་བཅར་བའི་དྲི་བར་ལན་འདེབས་དང་བཅས་གཏམ་བཤད་ཀྱི་ལས་རིམ་ལེགས་གྲུབ་ངང་གཏམ་བཤད་ལས་རིམ་ནང་མཉམ་ཞུགས་གནང་མཁན་རྒྱལ་གཅེས་པ་ཆབ་སྲིད་བཙོན་ཟུར་རྣམ་པར་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་ཕུལ་གནང་དང་བོད་ཀྱི་བུད་མེད་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ལས་རིམ་ལེགས་གྲུབ་བྱུང་ཡོད།