བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ ༥༤ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩིའི་བསྒྲགས་གཏམ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༥༤ ཧྲིལ་པོ་འཁོར་བའི་དུས་དྲན་གྱི་གསུང་འཕྲིན།

དེ་རིང་ནི་བོད་རྒྱལ་ལོ་ ༢༡༥༡ ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༧ རེས་གཟའ་ཟླ་བ་ཡིན་ཞིང་། ཉིན་མོ་འདི་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ ༥༤ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་ལོ་རྒྱུས་རང་བཞིན་གྱི་གལ་ཆེའི་ཉིན་མོ་ཞིག་ཆགས་ཡོད་སྟབས། ཐོག་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་ངོས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་གྲངས་མེད་དང་བཅས་ཐུགས་རྗེ་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་བོད་རྒྱལ་ཁབ་དང་མི་རིགས་རིག་གཞུང་དང་བཅས་པའི་ཆེད་གཅེས་པའི་རང་གི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས། བློས་གཏོང་བཅས་པར་བཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་འདུད་ཞུ་རྒྱུ་མ་ཟད། ཤུལ་ལུས་ནང་མི་བུ་ཕྲུག་དང་དགའ་ཉེ་སྤུན་མཆེད་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་ཕྱི་ལོ་ ༡༩༧༠ ཟླ་ ༡༠ ཚེས་ ༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་ལམ་སྟོན་དང་བྱིན་གྱིས་བརླབས་པའི་ཐོག་དུས་སྐབས་གཞོན་སྐྱེས་ཁག་ཅིག་གིས་འགན་འཁུར་གཙོ་བཞེས་ཀྱིས་གསར་འཛུགས་གནང་བའི་གཞུང་འབྲེལ་མ་ཡིན་པའི་བོད་རང་བཙན་འཐབ་རྩོད་གནང་མཁན་གྱི་སྒྲིག་འཛུགས་རྙིང་གྲས་ཆེ་ཤོས་ཤིག་ཡིན་པ་མ་ཟད། བོད་པའི་གཞོན་སྐྱེས་རྣམས་བོད་དོན་འཐབ་རྩོད་ཐད་འགོ་ཁྲིད་ནུས་པ་སྐྱེ་སྲིང་ཡོང་སླད་རང་ཉིད་ཀྱི་ཤེས་ཡོན་དང་ལྷག་བསམ། རྣམ་དཔྱོད་བཅས་བེད་སྤྱོད་གཏོང་སའི་གལ་ཆེའི་སྡིངས་ཆ་ཞིག་ཀྱང་ཡིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་སྒྲིག་གཞི་ལྡན་པའི་དབུས་སྤྱི་ཁྱབ་སྒྲིག་འཛུགས་ཤིག་ཡིན་པ་མ་ཟད། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ས་གནས་ཡན་ལག་དང་ཚོགས་མི་བཅས་ཡོད་པའི་རང་གཞུང་དབུས་བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནས་ཀྱང་ངོས་ལེན་ཡོད་པའི་སྒྲིག་འཛུགས་ཤིག་ཡིན།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སའི་རྒྱུན་ལས་སྔ་ཕྱི་རིམ་བྱུང་གིས་ད་བར་བོད་བསྟན་སྲིད་མི་རིགས་ཀྱི་འཐབ་རྩོད་སླད་དཀའ་སྤྱད་འབད་བརྩོན་དང་། སྐྱིད་སྡུག་མཉམ་མྱོང་གིས་མི་ལོ་ ༥༤ རིང་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་རྒྱ་དམར་སྲིད་གཞུང་གི་གཞུང་ཚབ་ཁང་ཁག་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཁག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚན་པ་ཁག དེ་བཞིན་རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་སྡེ་ཁག གཞོན་ལྷན་དབུས་སའི་གནས་ཡུལ་གྱི་འབྲེལ་ཡོད་སྲིད་གཞུང་གི་གྲོས་ཚོགས་འཐུས་མི་དང་དཔོན་རིགས་ཁག་བཅས་པར་བོད་དོན་དང་འབྲེལ་བའི་ཞུ་སྙན་འབུལ་གཏུགས་དང་། དེ་བཞིན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་སྐུ་ཚབ་འཐུས་མི་ཁག་རྒྱ་གར་གཙོས་རྒྱལ་ཁབ་ཁག་ནང་འཚམས་གཟིགས་ཕེབས་སྐྱོད་སྐབས་གཞོན་ལྷན་དབུས་ས་ཡོངས་ནས་སྣེ་ལེན་འཚམས་ཞུ་དང་འབྲེལ་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། གཞོན་ལྷན་སྒྲིག་འཛུགས་ཀྱི་ལས་དོན་སྤེལ་ཕྱོགས་སོགས་ངོ་སྤྲོད་གནང་ཐུབ་པ་བྱུང་ཡོད།

ལྷག་པར་ཚོགས་ཆེན་དང་འགན་ལྷན་རིམ་པའི་གྲོས་ཆོད་དགོངས་དོན་དུ་བོད་དོན་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་ཁག་ལ་དགོས་འདུན་དོན་ཚན་དང་བཅས་མ་འཆི་བར་གྱི་ཟས་བཅད་ངོ་རྒོལ་དང་། ཞི་བའི་གོམ་བགྲོད། རྐང་འཁོར་སྐོར་བསྐྱོད། སྦག་སྦག་སྐོར་བསྐྱོད།  སྤྱི་ཚོགས་ཞབས་ཞུ། དུས་དྲན་སྲུང་བརྩི། བོད་དོན་དྲིལ་བསྒྲགས་སོགས་དབུས་ས་གཉིས་ནས་དུས་མཚམས་སོ་སོར་ལས་འགུལ་སྤེལ་བརྩམས་གནང་ཐུབ་པ་བྱུང་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་དྲྭ་ལམ་དང་གསར་འགྱུར་རྒྱུད་ལམ་ཁག་བརྒྱུད་བོད་དོན་དྲིལ་བསྒྲགས་དང་ཁྱབ་བསྒྲགས་ཤུགས་ཆེ་བྱུང་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་བོད་དོན་གནས་བབ་དང་བོད་ནང་གི་ཛ་དྲག་གནས་སྟངས་སོགས་གསལ་རྟོགས་ཡོང་སླད་ཕན་རླབས་ཆེན་པོ་བྱུང་བ་དང་། བོད་དོན་བདེན་པའི་འཐབ་རྩོད་ཐད་རྒྱབ་སྐྱོར་ཐོབ་སླད་ནུས་ཕན་ལྡན་པ་བྱུང་ཡོད། ཡང་སྒོས་དགྲ་བོ་རྒྱ་དམར་སྲིད་གཞུང་ནས་ཀྱང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་མིག་ནང་གི་གྲ་མ་བཞིན་སྡང་ཟུག་ཆེན་པོས་འཇིགས་སྐུལ་རིང་ལུགས་པ་རེད་ཅེས་ཉེས་འཛུགས་ཀྱིས་རྫུན་སྒྲོག་ཀྱང་བྱེད་དགོས་བྱུང་ཡོད། ལྷག་པར་འདི་ལོའི་གཞོན་ལྷན་གྱི་འགན་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དགོངས་དོན་གཞིར་བཟུང་ཐོག་བོད་དོན་ཆབ་སྲིད་ཀྱི་ལས་འགུལ་འདྲ་མིན་སྔར་ལྷག་སྤེལ་རྒྱུ་དང་། དམིགས་བསལ་འདི་ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་དགུང་གྲངས་དགུ་བཅུར་ཕེབས་པའི་གོ་སྟོན་ལ་མ་སྒྲིག་ལྷན་འགྲུབ་ཀྱིས་གཞོན་ལྷན་གྱི་ཚོགས་ཆེན་དང་འགན་ལྷན་རིམ་པར་༸གོང་ས་མཆོག་ནས་བཀའ་སློབ་རིམ་ནན་བསྩལ་ཕེབས་བྱུང་དོན་ལྟར་གཞོན་ལྷན་ནས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་བསོད་ནམས་རྒྱལ་མཚན་མཆོག་ལ་བོད་རང་བཙན་བདེན་དཔང་གི་ལོ་རྒྱུས་ཤིག་འབྲི་རྩོམ་གནང་རྒྱུར་རེ་སྐུལ་ཇི་ཞུས་ལྟར་ཞལ་བཞེས་ཐོབ་ནས་མི་ལོ་དྲུག་ཙམ་རིང་འབྲི་རྩོམ་གནང་བའི་བོད་རང་བཙན་བདེན་དཔང་གི་ལོ་རྒྱུས་དཔེ་དེབ་གཅིག་རིང་མིན་སྤྱི་ཚོགས་ཐོག་འགྲེམས་སྤེལ་འབྱུང་ལ་ཉེ་བ་དང་། དེ་བཞིན་བོད་དོན་འཐབ་རྩོད་དང་འབྲེལ་བའི་གཏམ་བརྗོད་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་འཆར་ཡིན།

རྒྱ་དམར་སྲིད་གཞུང་གིས་བོད་དུ་བཙན་འཛུལ་བྱས་པ་ནས་བཟུང་ད་བར་དངོས་ཤུགས་རྒྱུད་གསུམ་དུ་ལྐོག་གཡོ་ངན་བྱུས་དང་ཐབས་བརྒྱ་ཇུས་སྟོང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འདྲ་མིན་འོག་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་ཕེལ་རྒྱས་ལ་དམ་བསྒྲགས་དང་བཀག་འགོག་བྱེད་པ། བོད་མི་རིགས་ཀྱི་རྩ་ཆེའི་དགོན་སྡེ་དང་གནས་རི་ཁག་རྩ་གཏོར་ཤུལ་མེད་བཟོ་བ། བོད་མིའི་ཆོས་དད་རང་དབང་དང་བོད་བརྒྱུད་ནང་བསྟན་ལ་སློབ་གཉེར་བྱ་རྒྱུར་དམ་བསྒྲགས་ཚོད་འཛིན་བྱེད་པ། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བ། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་དང་བཅས་པར་གཏོར་སྐྱོན་དང་སྦག་གཙོག་སོགས་བོད་ཀྱི་སྣོད་བཅུད་གཉིས་ལ་གཏོར་སྐྱོན་ཚབས་ཆེ་བཟོས་དང་བཟོ་བཞིན་པར་བརྟེན་ད་བར་བོད་མི་རྣམས་འུ་ཐུག་བཟོད་བྲལ་གྱིས་བོད་ཕྱི་ནང་གཉིས་ནས་བོད་མི་གྲངས་ ༡༧༠ ཙམ་གྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་བདེ་སྡུག་ཆེད་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་རང་ལུས་མེར་སྲེག་གནང་དགོས་བྱུང་ཡོད་པ་དང་། དེ་བཞིན་རྒྱ་གཞུང་གིས་བོད་ནང་གི་བོད་ཕྲུག་བྱིས་པ་རྣམས་རང་གི་རིག་གཞུང་། ཡུལ་གོམས་གཤིས་ལུགས། ཡ་རབ་བཟང་སྤྱོད་སོགས་ལ་སློབ་གཉེར་བྱེད་པའི་འཁོར་ཡུག་མེད་པར་བཟོས་ནས་བོད་ཕྲུག་རྣམས་ནར་མ་སོན་གོང་རང་གི་ཕ་མ་དང་ཁ་བྲལ་དུ་བཏང་ནས་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭའི་ནང་བཙན་འཇུག་གིས་དམར་ཤོག་གི་ལྟ་བ་བཙན་ཁྲིད་བྱས་དང་བྱེད་བཞིན་པ་དེ་ལྟར་དང་། མདོར་ན་རྒྱ་གཞུང་གིས་བོད་མི་རིགས་ངོ་བོ་རྩ་མེད་ཤུལ་མེད་དུ་བཟོས་དང་བཟོ་བཞིན་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ངོ་རྒོལ་སྐྱོན་བརྗོད་མཐའ་གཅིག་ཏུ་བྱེད་རྒྱུ་མ་ཟད། མྱུར་དུ་མཚམས་འཇོག་དགོས་པའི་དགོས་འདུན་འདོན་བཞིན་ཡོད། ལྷག་པར་བོད་དོན་བདེན་མཐའ་མ་གསལ་བར་རྒྱ་གར་གཙོས་རྒྱལ་སྤྱིའི་ནང་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་འདྲ་མིན་སྔར་ལྷག་སྤེལ་རྒྱུར་དམ་བཅའ་བརྟན་པོས་དགྲ་བོ་རྒྱ་དམར་སྲིད་གཞུང་ལ་ནམ་ཡང་ཁ་གཏད་གདོང་ལེན་བྱ་རྒྱུ་ཡིན་ཞེས་དབང་འཛིན་པ་ཚོར་ནན་བརྗོད་བྱ་རྒྱུ་ཡིན།

དེང་སྐབས་རྒྱལ་སྤྱིའི་ཐོག་རྒྱ་ནག་དམར་པོའི་སྲིད་གཞུང་གིས་མི་དང་རྒྱུ་དངོས། དེ་བཞིན་དྲྭ་རྒྱའི་རྒྱུད་ལམ་སོགས་བེད་སྤྱད་ཀྱི་རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་སྡེ་ཁག ལྷག་པར་མི་སྣ་སྒེར་གྱི་གསང་བ་སོགས་རྐུ་འཁྱེར་བྱེད་པ། དཔལ་འབྱོར་སྲིད་བྱུས་ཀྱི་གཡོ་ཇུས་ལ་བརྟེན་ནས་མགོ་སྐོར་བསླུ་ཁྲིད་དང་། མི་མང་གི་འཚེ་སྲོག་ལ་གནོད་འཚེ་གཏོང་བ། ཞི་བདེ་དང་རང་དབང་ལྡན་པའི་རྒྱལ་ཁབ་དང་མི་མང་ལའང་ཉེན་ཁ་དང་རྡབ་གསིག་བཟོས་དང་བཟོ་མུས་ཡིན་པས་མང་གཙོ་དང་རང་དབང་ལྡན་པའི་རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་པ་སྒྲིག་འཛུགས་ཁག དེ་བཞིན་མི་མང་བཅས་ནས་རྒྱ་དམར་སྲིད་གཞུང་གི་བྱས་ཉེས་དེ་རིགས་རིམ་བཞིན་དམར་རྗེན་དུ་ཐོན་མུས་ཡིན་པར་བརྟེན་རྒྱ་དམར་སྲིད་གཞུང་ལ་ཡིད་ཆེས་བློ་གཏད་བྱ་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་ཡོད། ལྷག་པར་རྒྱ་ནག་ནང་ཁུལ་དུའང་ཆབ་སྲིད་ཤོག་ཁག་དབར་གྱི་དབང་ཆ་འཐབ་རྩོད་རྣོ་ངར་ཆེ་བའི་ཁར་སྲིད་གཞུང་དང་མི་མང་བར་ཡིད་ཆེས་བརྩི་བཀུར་མེད་པར་རྒྱ་ནག་མི་མང་རྣམས་ནམ་ཡང་སྲིད་གཞུང་གི་དམ་བསྒྲགས་སྲིད་བྱུས་འོག་གནས་ཡོད་པ་དང་། མི་མང་གི་ཆོད་དད་རང་དབང་དང་།  བྱང་ཨ་རིའི་སྲིད་གཞུང་ནས་བོད་དོན་ཁྲིམས་འཆར་གཏན་འབེབ་བྱུང་བ་སོགས་བོད་ཀྱི་བདེན་པའི་གནད་དོན་ཐད་རྒྱབ་སྐྱོར་ངོས་འཛིན་ཇེ་ལེགས་སུ་འགྲོ་བཞིན་ཡོད། གསར་འགྱུར་ཚན་པ་ཁག་ལའང་དམ་བསྒྲགས་སྟངས་འཛིན་ཆེ་བས་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་འཛམ་གླིང་ནང་ཆེས་སྐྱོ་ཤོས་དེ་ཡིན་པ་རེད། དེར་བརྟེན་རྒྱལ་སྤྱིའི་སྲིད་གཞུང་དང་སྤྱི་ཚོགས་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་ངོས་འཛིན་ཆེ་མཐོང་ཇེ་སྡུག་ཇེ་ཞན་དུ་གྱུར་བ་དང་།  ལྷག་པར་རྒྱ་ནག་ནང་ཁུལ་དུའང་མང་གཙོ་དང་རང་དབང་ལ་དགའ་བའི་གཞོན་སྐྱེས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པའི་སྐབས་རྒྱལ་སྤྱི་དང་རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་སྟབས་བསྟུན་གྱིས་རང་རིགས་བོད་མི་རྣམས་ཀྱིས་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་རེ་འདུན་ཡིད་ལ་བཟུང་ཞིང་མཐུན་པའི་ལག་གདང་སྦྲེལ། དམིགས་འབེན་དང་ཁ་ཕྱོགས་མ་ནོར་བར་ཕྱི་དགྲ་བོར་ལྟས་ནས་གོ་སྐབས་དམ་འཛིན་གྱིས་བོད་དོན་བདེན་པའི་འཐབ་རྩོད་ཀྱི་ལས་འགུལ་ལ་ཕྱོགས་ཡོངས་ནས་ནུས་ཤུགས་གཅིག་སྒྲིལ་དགོས་རྒྱུ་ནི་དུས་རབས་ཀྱིས་སྐུལ་བའི་ལས་འགན་དང་། མི་རབས་ལ་འཁྲི་བའི་འགན་འཁྲི་ཉག་ཅིག་ཡིན་པས་ཚང་མས་བོད་སྤྱི་དོན་ལ་དགོངས་པ་ཟབ་བཞེས་ཐོག་སྔར་ལྷག་འབད་བརྩོན་གནང་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད།

དེ་བཞིན་སྤྱིར་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ཆེ་བ་དང་བྱེ་བྲག་ཏུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཆབ་སྲིད་དང་འབྲེལ་བའི་བསམ་ཚུལ་མཐུན་མིན་སོགས་ཀྱི་སྤྱི་ཚོགས་འཁྲུག་ཆ་ཧ་ཅང་ཆེ་བའི་དུས་སྐབས་ཤིག་ཡིན་ནའང་། དེ་དག་ནི་སྤྱིར་མང་གཙོའི་སྤྱི་ཚོགས་ཤིག་གི་ནང་དགོས་ངེས་ཀྱི་རྒྱན་ཆ་ལྟ་བུ་ཞིག་ཡིན་པ་མ་ཟད། རང་དབང་ལོངས་སུ་སྤྱོད་པའི་ཐོབ་ཐང་ཞིག་ཡིན་པ་བརྗོད་མ་དགོས་མོད་ཀྱང་། དེང་སྐབས་རང་རེའི་སྤྱི་ཚོགས་ནང་སྨྲ་བརྗོད་རང་དབང་གི་ཚད་ལས་བརྒལ་ཏེ་རང་གཞུང་དབུས་བོད་མིའི་སྒྲིག་འཛུགས་དང་། བོད་མིའི་བླ་ན་མ་མཆིས་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསམ་ཡུལ་ལས་འདས་པ་དང་བློ་ཡུལ་དུ་གཤོངས་དཀའ་བའི་གཞི་མེད་སྐྱོན་འཛུགས་དང་། ལྷག་པར་གཞན་གྱི་རྒྱུ་དངོས་དང་མགོ་སྐོར་བསླུ་ཁྲིད་འོག་ཏུ་སོང་བའི་གང་ཟག་རེ་ཟུང་གིས་༸རྒྱལ་བའི་སྐུ་ཕྱྭར་ཡང་ཐོ་བརྩམས་ཕོད་པའི་བསམ་ངན་སྦྱོར་རྩུབ་ཅན་དང་། དེའི་གཡས་གཡོན་དུ་ཡོད་པའི་རིགས་མཐུན་སྐུལ་འདེད་པ་དང་བསམ་ཕྱོགས་གཅིག་མཐུན་པ་དག་ལའང་ཁ་གཏད་གདོང་ལེན་བྱེད་སྒོ་གང་འོས་བྱ་རྒྱུ་ཡིན་ཞེས་ནན་བརྗོད་བྱ་རྒྱུ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལ་བརྩི་བཀུར་ཞུ་མཁན་དང་། རང་གཞུང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་ཀྱིས་བོད་དོན་བདེན་པའི་འཐབ་རྩོད་གནང་འདོད་ཀྱི་རེ་འདུན་ཡོད་མཁན་གྱི་བོད་རིགས་རྣལ་མ་ཞིག་ཡིན་ན་མི་ངན་དེ་རིགས་ལ་ཆོས་དང་ཟང་ཟིང་གི་འབྲེལ་བ་མི་བྱེད་པ་དང་། མི་ངན་གྱི་རྒྱབ་ལངས་དང་བྱས་ངན་འགེབས་སྲུང་མ་བྱས་པར་སླད་ཕྱིན་ཡང་དེ་རིགས་ངན་པ་རྒྱ་ཡན་དུ་མི་འགྲོ་བར་དམ་དོན་ཡིད་གཟབ་འབད་བརྩོན་སྔར་ལྷག་གནང་རྒྱུར་འབོད་སྐུལ་དང་དྲན་སྐུལ་ཡང་ཞུ་བཞིན་ཡོད།

དེ་རིང་འདིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༥༤ ཧྲིལ་པོ་འཁོར་བའི་དུས་དྲན་དང་སྟབས་བསྟུན་གྱིས་ཨ་རིའི་སྲིད་གཞུང་ནས་བོད་དོན་ཁྲིམས་འཆར་གཏན་འབེབས་བྱུང་བ་སོགས་བོད་དོན་བདེན་པའི་འཐབ་རྩོད་ལ་རྒྱལ་སྤྱིའི་སྲིད་གཞུང་དང་གྲོས་ཚོགས་འཐུས་མི། དེ་བཞིན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྒེར་ཁག་ནས་ད་བར་དངོས་ཤུགས་རྒྱུད་གསུམ་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྷག་པར་དུ་རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྒེར་ཁག་དང་། རང་རིགས་མི་མང་དང་བཅས་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ལ་ད་བར་དངོས་ཤུགས་རྒྱུད་གསུམ་དང་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་དང་། མཐུན་འགྱུར་རོགས་རམ་གནང་མཁན་ཡོངས་ལ་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་སྦྲགས། སླད་མར་ཡང་ཇི་སྲིད་བོད་རང་བཙན་གྱི་བདེན་མཐའ་མ་བསལ་གྱི་བར་དེ་སྲིད་དུ་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་སྔར་ལྷག་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུ་རྒྱུ་ཡིན།

མཐའ་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེས་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། བོད་རང་དབང་རང་བཙན་གྱི་རྒྱལ་ཁབ་དེ་བཞིན་མགྱོགས་ནས་མྱུར་དུ་སླར་གསོ་ཐུབ་ནས་གཞིས་བྱེས་བོད་མི་ཡོངས་རྫོགས་མཉམ་འཛོམས་ཡོང་བའི་བཀྲིས་སྨོན་འདུན་གྲངས་མེད་ཞུ་རྒྱུ་དང་བཅས།  བོད་རྒྱལ་ལོ། །

 

བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས།

བོད་རྒྱལ་ལོ་ ༢༡༥༡ ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༧ ཉིན།

Document 12

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

Back To Top