བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༨ པ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༨ པ་དེ་བཞིན་ཕྱི་ལོ་  ༢༠༢༢ ཟླ་ ༨ ཚེས་ ༢༧ ནས་ཕྱི་ཟླ་ ༩ ཚེས་ ༡ བར་ཉིན་གྲངས་དྲུག་རིང་བཞུགས་སྒར་རྡ་ས་ཁན་ནི་ཡ་རའི་ཨིམ་ཕི་རལ་གསོལ་མགྲོན་ཁང་དུ་སྐོང་ཚོགས་གནང་ཡོད་པ་དང་། སྐབས་དེར་ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། དེ་བཞིན་ཆེད་འབོད་སྐུ་མགྲོན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཟུར་པ་དང་། རྡ་ས་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ (Shri Ajay Singh ManKotia) མཆོག་དང་། རྒྱ་གར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ (Shri Ajit Nehria) མཆོག གཞན་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། ས་གནས་གཞོན་ལྷན་ཁག་གི་སྐུ་ཚབ་ཚོགས་བཅར་བ། གསར་འགྱུར་རྒྱུད་ལམ་ཁག་གི་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༢༠༠ ཙམ་མཉམ་ཞུགས་གནང་ཡོད།

ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ནས་ཚོགས་ཆེན་དབུ་འབྱེད་མཛད་སྒོའི་གཙོ་སྐྱོང་ཐོག་སྐུ་མགྲོན་གཙོ་བོ་མཆོག་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་དྲུང་དུ་ཚོགས་ཆེན་དབུ་འབྱེད་ཀྱི་སྣང་གསལ་མར་མེ་ཞལ་ཁ་ཕྱེ་གནང་མཛད་རྗེས་བོད་གཞུང་ཟློས་གར་ཚོགས་པའི་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མཐུན་གཞས་མཉམ་གཏོང་ཞུས། དེ་རྗེས་གཞིས་བྱེས་གཉིས་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་སླད་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་རང་ལུས་མེར་སྲེག་གནང་མཁན་རྣམས་གཙོ་བྱས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས། བློས་གཏོང་བཅས་པར་བཀའ་དྲིན་རྗེས་དྲན་དང་གུས་འདུད་མཚོན་སླད་མྱ་ངན་ངག་བཅད་སྐར་མ་གཅིག་ཞུས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས་ཕྱི་ལོ་ ༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པ་ནས་བཟུང་ད་བར་གཞོན་ལྷན་སྒྲིག་འཛུགས་ཀྱི་འཕེལ་རིམ་དང་། བོད་དོན་འཐབ་རྩོད་དང་འབྲེལ་བའི་ཆབ་སྲིད་ལས་འགུལ། བོད་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ། སྤྱི་ཚོགས་ཞབས་ཞུ། དབུ་ཁྲིད་མི་སྣ་གསོ་སྐྱོང་སོགས་གཞོན་ལྷན་སྒྲིག་འཛུགས་ནས་མི་ལོ་ ༥༢ ཙམ་རིང་གི་ལས་འགུལ་སྙིང་བསྡུས་ངོ་སྤྲོད་དང་། རྒྱ་དམར་སྲིད་གཞུང་ནས་བོད་ནང་སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་མུས་ཡིན་པས་བོད་ནང་གི་དངོས་ཡོད་གནས་སྟངས་ཛ་དྲག་ཅན་དུ་གྱུར་ཡོད་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད།

དེ་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་གཞོན་ལྷན་གྱི་ ༼སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས།༽ དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༨ པའི་ཐོག་ནས་༸སྐུའི་བླ་སྨན་པ་རྣམ་གཉིས་ལ་འབུལ་གཏན་འཁེལ་བ་བཞིན་༸སྐུའི་བླ་སྨན་པ་སྐུ་ཞབས་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱི་སྐུ་ཚབ་ཏུ་རང་བཙན་འཐབ་རྩོད་པ་བསྟན་འཛིན་བཙོན་འགྲུས་ལགས་ནས་བཞེས་ཡོད་པ་དང་། ༸སྐུའི་བླ་སྨན་པ་སྐུ་ཞབས་ཚེ་དབང་རྟ་མགྲིན་ལགས་ཀྱི་སྐུ་ཚབ་ཏུ་བོད་གཞུང་སྨན་རྩིས་ཁང་གི་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས་ནས་བཞེས་ཡོད། དེ་བཞིན་གཞོན་ལྷན་གྱི་ ༼རང་བཙན་གཟེངས་རྟགས།༽ དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་། བོད་མི་མང་སྤྱི་འཐུས་ཟུར་པ་ཚེ་བརྟན་ནོར་བུ་དམ་པ་གང་དེར་གཞོན་ལྷན་གྱི་ཚོགས་ཆེན་ཐེངས་ ༡༨ པའི་ཐོག་ནས་འབུལ་གཏན་འཁེལ་བ་བཞིན་དམ་པ་ཁོང་གི་བུ་མོས་བཞེས་རྒྱུ་ཡིན་ཡང་ཕེབས་མ་ཐུབ་སྟབས་བལ་ཡུལ་ས་གནས་གཞོན་ལྷན་གྱི་ཚོགས་གཙོ་ཡེ་ཤེས་ལགས་ནས་དམ་པ་ཁོང་གི་བུ་མོའི་ཚབ་ཞུས་ཏེ་བཞེས་གནང་ཡོད།

 

སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ཐོག་མར་གཞོན་ལྷན་ཚོགས་ཆེན་གྱི་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་བཅས་ཏེ། ༸སྐུའི་བླ་སྨན་པ་རྣམ་གཉིས་ལ་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་དང་། གཞོན་ལྷན་གྱི་ཚོགས་ཟུར་དང་བོད་མི་མང་སྤྱི་ཟུར་དམ་པ་ཚེ་བརྟན་ནོར་བུ་ལགས་སུ་རང་བཙན་གཟེངས་རྟགས་ཕུལ་བ་སོགས་གཞོན་ལྷན་ནས་ཁོང་རྣམ་པའི་མཛད་རྗེས་ངོས་འཛིན་གནང་བའི་ཡི་རང་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་གསུང་གནང་ཡོད་པ་དང་། དེང་སྐབས་རྒྱ་གཞུང་གིས་བོད་མི་རིགས་དང་རིག་གཞུང་རྩ་མེད་གཏོང་བའི་སྡུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་མི་རྣམས་ཆབ་སྲིད་ཀྱི་ཐོག་ནས་ལྷག་བསམ་དང་སྙིང་སྟོབས། བློས་གཏོང་། མི་རིགས་ཀྱི་ལ་རྒྱ། ལས་དོན་ཆར་གཞི་དང་ལྡན་པ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་དམ་གཡོ་བ་མེད་པ། ལྷག་བསམ་རི་ལྟར་སྲ་བརྟན་ཡིན་པ་བཅས་ཧ་ལས་པ་ཡིན་ཚུལ་དང་། ང་ཚོས་ལས་དོན་བྱེད་སྐབས་བོད་ནང་གི་བོད་མི་ཚོའི་བསམ་བློ་གཞི་ལ་བཞག་གི་ཡོད་ནའང་འདྲ། བཙན་བྱོལ་ནང་གི་བོད་མི་ཚོའི་བསམ་བློ་གཞི་ལ་བཞག་གི་ཡོད་ནའང་འདྲ། གང་ལྟར་མ་འོངས་པར་ང་ཚོས་མི་མང་གི་བསམ་བློ་གཞི་ལ་བཞག་པའི་ཐོག་ནས་ལས་དོན་སྤེལ་ཕྱོགས་ལ་དགོངས་པ་བཞེས་དགོས་གལ་དང་། བོད་ནང་གི་བོད་མི་ཚོས་བཙན་བྱོལ་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དབུ་ཁྲིད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་མི་མང་ཡོངས་ལ་ཡིད་ཆེས་བློ་གཏད་བརྒྱ་ཆ་བརྒྱ་གནང་གི་ཡོད་པ་བཞིན་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱི་ལས་སྟངས་བྱེད་སྟངས་ལ་བརྟེན་ནས་ཡིད་ཆེས་བློ་གཏད་རླགས་ཡག་གི་ཉེན་ཁའང་བརྒྱ་ཆ་བརྒྱ་ཡོད་ཚུལ་སོགས་བོད་ཕྱི་ནང་གི་ཆབ་སྲིད་གནས་སྟངས་དང་། རྒྱ་ནག་ནང་གི་ཆབ་སྲིད་ཀྱི་འགྱུར་འགྲོས། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འཁོར་ཡུག གཞོན་ལྷན་ནས་ཀྱང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་མཐུན་པའི་ཐོག་ནས་བོད་དོན་འཐབ་རྩོད་ཀྱི་ལས་དོན་གནང་ཕྱོགས་སོགས་ཀྱི་ཐད་བཀའ་སློབ་གསུང་བཤད་ཟབ་རྒྱས་གནང་ཡོད།

དམིགས་བསལ་སྐུ་མགྲོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀུར་འོས་དཔལ་ལྡན་སྐུ་ངོ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་རྩེ་ཕུད་གསུམ་ལ་གཟེངས་རྟགས་འབུལ་བཞེས་གནང་ཡོད་པ་དང་། རྩེ་ཕུད་ཨང་གསུམ་པ་སྦིར་ས་གཞོན་དང་། རྩེ་ཕུད་ཨང་གཉིས་པ་སྤོན་ཊ་ས་གཞོན། རྩེ་ཕུད་ཨང་དང་པོ་ལྡི་ལི་ས་གཞོན་བཅས་ཡིན་པས་ས་གནས་རྩེ་ཕུད་ཀྱི་གཟེངས་རྟགས་ཕུལ་ཐུབ་པ་བྱུང་ཡོད། དེ་བཞིན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཟུར་པ་དང་། རྡ་ས་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ (Ajay Singh ManKotia) མཆོག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་གཉིས་སུ་ཞབས་ལོ་ ༡༥ ལྷག་རྒྱུན་ལས་ཀྱི་ཞབས་ཞུ་སྒྲུབ་གནང་མཁན་གཞོན་ལྷན་ལས་ཐོག་ཚོགས་གཞོན་བློ་བཟང་ཚེ་རིང་ལགས་སུ་གཞོན་ལྷན་གྱི་གཟེངས་རྟགས་གནང་ཡོད་པ་དང་། གསུང་བཤད་གནང་ཡོད། ཆེད་འབོད་སྐུ་མགྲོན་རྒྱ་གར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ (Ajit Nehria) མཆོག་ནས་རྡ་ས་ས་གནས་གཞོན་ནུ་ལྷན་ཚོགས་སུ་ཞབས་ལོ་ ༡༥ ལྷག་རིང་ས་གནས་རྒྱུན་ལས་ཀྱི་ཞབས་ཞུ་སྒྲུབ་གནང་མཁན་བསྟན་འཛིན་མིག་དམར་ལགས་སུ་གཞོན་ལྷན་གྱི་གཟེངས་རྟགས་གནང་གྲུབ་རྗེས་ཆེད་འབོད་སྐུ་མགྲོན་མཆོག་ནས་ཀྱང་གསུང་བཤད་གནང་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བློ་བཟང་ཚེ་རིང་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་བཅས་གཞོན་ལྷན་གྱི་ཚོགས་ཆེན་ཐེངས་ ༡༨ པ་དབུ་འབྱེད་མཛད་སྒོའི་ལས་རིམ་ཁག་ལེགས་པར་གྲུབ།

དེ་ལྟར་གསོལ་ཇའི་བར་གསེང་གྲུབ་རྗེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༨ པ་དངོས་སུ་དབུ་འཛུགས་ཀྱིས་ཕྱི་ཟླ་ ༩ ཚེས་ ༡ བར་ཉིན་གྲངས་དྲུག་རིང་གྲོས་གཞི་དོན་ཚན་ཁག་དགུའི་ཐོག་བགྲོ་གླེང་གོ་བསྡུར་ལེགས་པར་གནང་རྗེས་གྲོས་ཆོད་དོན་ཚན་ཁག་ཉེར་གཉིས་ཐག་གཅོད་གཏན་འབེབས་གནང་ཐུབ་པ་བྱུང་ཡོད། ཚོགས་ཆེན་གྱི་ཉིན་མཐའ་མའི་ཉིན་རྒྱབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་སྐབས་ ༡༨ པའི་འོས་མི་མཚན་འདོན་གྱིས་སྔོན་འགྲོའི་འོས་མིའི་ཁྲོད་ཁྱོན་མི་གྲངས་ ༢༠ བྱུང་ཡོད་པ་དང་། དེ་རྗེས་གཞོན་ལྷན་སྐབས་ ༡༨ པའི་དབུས་རྒྱུན་འོས་འདེམས་ཀྱི་འོས་བསྡུའི་འགན་འཛིན་དུ་གཞོན་ལྷན་དབུས་རྒྱུན་ཟུར་པ་སྐུ་ངོ་འཇམ་དཔལ་ཆོས་བཟང་ལགས་དང་། དབུས་རྒྱུན་ཟུར་པ་ཤེས་རབ་འོད་ཟེར་ལགས་རྣམ་གཉིས་གདན་ཞུས་ཐོག་དངོས་གཞིའི་འོས་འདེམས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྐབས་ ༡༨ པའི་དབུས་རྒྱུན་གཞོན་ལྷན་གྱི་སྒྲིག་གཞིའི་དགོངས་དོན་བཞིན་ཁྱོན་མི་གྲངས་བདུན་འདེམས་ཐོན་བྱུང་ཡོད་པ་དང་། དེ་ལྟར་མུ་མཐུད་གཞོན་ལྷན་སྐབས་ ༡༨ པའི་ཚོགས་གཙོ་ཚོགས་གཞོན་དང་། དྲུང་ཆེ་བཅས་འོས་འདེམས་ཀྱིས་གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་སྐབས་ ༡༨ པའི་ཚོགས་གཙོར་སྐབས་ ༡༧ པའི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་སྐྱར་དུ་འདེམས་ཐོན་བྱུང་བ་དང་། སྤྱི་ཁྱབ་ཚོགས་གཞོན་དུ་གཞོན་ལྷན་དབུས་རྒྱུན་ཟུར་པ་བཀྲ་ཤིས་རྟགས་རྒྱས་ལགས་འདེམས་ཐོན་བྱུང་ཡོད། དེ་བཞིན་སྤྱི་ཁྱབ་དྲུང་ཆེར་སྐབས་ ༡༧ པའི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་སྐྱར་དུ་སྐབས་ ༡༨ པའི་དྲུང་ཆེར་འོས་འདེམས་བྱུང་ཡོད། འོན་ཀྱང་དབུས་རྒྱུན་མི་གྲངས་བདུན་འོས་འདེམས་བྱུང་བའི་ཁྲོད་ནས་རྡ་ས་ས་གནས་ཚོགས་ཟུར་སངས་རྒྱས་རྡོ་རྗེ་ལགས་རྩ་དགོངས་ཞུས་པར་བརྟེན་རྒྱུན་ལས་ཁ་སྐོང་གི་གནས་སྟངས་ཆགས་ཏེ་འོས་བསྡུའི་འགན་འཛིན་རྣམ་གཉིས་ནས་འོས་གྲངས་མཐོ་ཤོས་རྗེས་མ་ཡར་གཏོང་རྒྱུར་གཞོན་ལྷན་གྱི་སྒྲིག་གཞིའི་ནང་ཁ་གསལ་མེད་སྟབས་འགན་འཛིན་ལྷན་ཚོགས་མ་ཚོགས་བར་སྐབས་ ༡༨ པའི་དབུས་རྒྱུན་མི་གྲངས་དྲུག་ལ་གཏན་འབེབས་ཐག་གཅོད་བྱུང་ཡོད།

 

དེ་ལྟར་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་གསར་རྙིང་གཉིས་ལ་མཇལ་དར་སྒྲོན་འབུལ་གྱི་ལས་རིམ་དབུ་འཛུགས་མ་ཞུས་གོང་སྟེ། ཉིན་རྒྱབ་ཕྱག་ཚོད་གསུམ་པའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་ཇི་ལྟར་གསོལ་བ་བཏབས་པ་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་བརྩེའི་གཟིགས་པ་ཆེན་པོས་ཞལ་བཞེས་བཟང་པོ་ཐོབ་ཏེ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་གཞོན་ལྷན་གྱི་ཚོགས་ཆེན་ཐེངས་ ༡༨ པའི་ཚོགས་བཅར་བ་ཡོངས་ལ་དམིགས་བསལ་གཟིམ་ཆུང་མཇལ་ཁ་དང་། ཕྱག་ཚོད་གཅིག་ཙམ་གྱི་རིང་བཀའ་སློབ་བཀའ་དྲིན་ཟབ་མོ་བསྩལ་གནང་མཛད་པའི་བསྐལ་བཟང་གི་གོ་སྐབས་ཐོབ། དེ་རྗེས་ཚོགས་བཅར་བ་ཡོངས་རྫོགས་དགའ་སྤྲོ་དང་བཅས་ཕྱིར་ཚོགས་ཆེན་ཚུགས་ཡུལ་ཨིམ་ཕི་རལ་གསོལ་མགྲོན་ཁང་དུ་མཉམ་འཛོམས་ཀྱིས་གཞོན་ལྷན་དབུས་རྒྱུན་གསར་རྙིང་གཉིས་ཀར་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་དང་། ས་གནས་གཞོན་ལྷན་ཁག་ནས་མཇལ་དར་སྒྲོན་འབུལ་གྱི་ལས་རིམ་དང་བཅས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༨ པ་དེ་བཞིན་ལེགས་གྲུབ་བྱུང་ཡོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

Back To Top