བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པའི་གཞོན་ལྷན་གྱི་བསྒྲགས་གཏམ།

 

 

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པའི་གཞོན་ལྷན་གྱི་བསྒྲགས་གཏམ།

 

དེ་རིང་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་མོ་འདི་ནི་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་སྤུན་ཟླ་སེར་སྐྱ་ཕོ་མོ་ཁྲི་ཚོ་མང་པོས་མ་གྲོས་བསམ་པ་གཅིག་མཐུན་གྱི་ཐོག་ནས་དགྲ་བོ་རྒྱ་དམར་སྲིད་གཞུང་གི་བཙན་འཛུལ་དང་། གཉའ་གནོན་གཤུ་གཞོག་ལ་འགོག་རྒོལ་གྱིས་དཔའ་ངར་ཞུམ་མེད་ངང་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་ལོང་སྤྱོད་དང་བཅས་པ་བློས་གཏོང་གིས་རང་ས་རང་སྲུང་དང་། རང་རེའི་དབུ་ཁྲིད་ཉེན་སྲུང་ཞུས་པའི་སྤོབས་པ་སྐྱེ་གཞིའི་ཉིན་མོ་ཞིག་ཡིན་པར་སོང་། དང་ཐོག་བོད་མིའི་ཚེ་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་དང་། ད་བར་བོད་ཕྱི་ནང་གཉིས་ནས་སྔ་ཕྱི་བར་གསུམ་དུ་བོད་རྒྱལ་ཁབ་སླར་གསོ་དང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་སོགས་ཀྱི་སླད་གཅེས་པའི་རང་སྲོག་ཚུན་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་དཔའ་ངར་ཞུམ་མེད་ཀྱི་མཛད་རྗེས་ལ་དགའ་གུས་ཡི་རང་གིས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་མ་ཟད། ད་དུང་ཡིན་ནའང་དགྲ་བོ་རྒྱ་དམར་སྲིད་གཞུང་གིས་བཙན་འཛུལ་དང་གཉའ་གནོན་གཤུ་གཞོག་འོག་མྱངས་དང་མྱོང་བཞིན་པའི་གཞིས་ལུས་སྤུན་ཟླ་ཚོར་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན། དམིགས་བསལ་འདི་ལོར་བོད་གཞིས་རྩེ་དིང་རི་ཁུལ་དུ་ས་ཡོམ་གྱི་འབྱུང་བའི་གནོད་ཚེ་ཚབས་ཆེ་བྱུང་ནས་སྤུན་ཟླ་མང་པོའི་ཚེ་སྲོག་ཤོར་བ་སོགས་མི་རྒྱུ་ཟོག་གསུམ་ལ་གོད་ཆགས་ཚབས་ཆེ་བྱུང་བདང་། ཉེ་ཆར་ཡང་བོད་བསྟན་སྲིད་ཉག་ཕྲའི་དུས་སྐབས་སུ་བཀའ་དྲིན་ལྷག་པར་དུ་ཆེ་བའི་༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་ལྷ་སྲས་རྒྱ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་བཅས་འདས་པོ་རྣམས་ལ་མྱ་ངན་གུས་འདུད་ཞུ་རྒྱུ་དང་། ཤུལ་ལུས་ནང་མི་བུ་ཕྲུག་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན། 

ལོ་ངོ་ ༦༦ ཡར་སྔོན་གྱི་དེ་རིང་ཉིན་མོར་ཆོལ་གསུམ་སྤུན་ཟླ་རྣམས་ནས་གསུམ་གཉིས་ས་ཡི་དཀྱིལ་འཁོར་དུ་དབང་བསྒྱུར་བའི་བཙན་པོ་རིམ་བྱོན་གྱི་སྙིང་སྟོབས་ངོམས་ཏེ་བོད་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོབ་དང་། རང་གི་དབུ་ཁྲིད་རང་གི་སྲུང་སྐྱོབས་ལ་དམིགས་ཏེ་ནོར་གླིང་དང་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དུ་སྤོབས་སེམས་དང་བཅས་མཉམ་འཛོམས་ཀྱིས་ ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་ཡིན། རྒྱ་དམར་བོད་ནས་ཕར་རྒྱུགས་ཤིགསོགས་ཀྱི་འབོད་སྒྲ་གནམ་ས་གཡོ་བར་བསྒྲོགས་ཏེ་བསྟན་དགྲ་རྒྱ་དམར་གྱི་བཙན་འཛུལ་དང་བཙན་གནོན་ལ་འགོག་རྒོལ་བྱས་པའི་སྤོབས་པ་སྐྱེ་འོས་པའི་ཉིན་མོ་ཞིག་དང་། གཉིས་ནས་སྤུན་ཟླ་ཁྲི་ཚོ་མང་པོའི་རང་གི་གཅེས་པའི་ལུས་སྲོག་ལོང་སྤྱོད་དང་ཕ་ས་དགྲ་ལག་ཏུ་ཤོར་བའི་ཉིན་ནག་ཞིག་ཡིན་པས། རང་རིགས་རྣམས་ནས་བསྟན་དགྲའི་བྱ་ངན་རྣམས་རྡོ་བརྐོས་རི་མོ་བཞིན་རྟགས་བརྟན་སེམས་བཅང་གིས་འགོག་རྒོལ་ཐེར་འདོན་ལས་འགུལ་ནང་མཉམ་ཞུགས་དང་། སྤུན་ཟླའི་འདུ་ཤེས་རྡོ་རྗེའི་བྲག་བཞིན་བརྟན་སྲུང་གིས་ཆིག་སྒྲིལ་གྱི་དཔུང་ཤུགས་སྔར་ལྷག་ངོམས་ཏེ་བོད་བསྟན་སྲིད་མི་རིགས་ལ་ཕན་པའི་ཞབས་ཞུ་གང་ནུས་སྒྲུབ་པའི་ཐོག་དུས་དྲན་སྲུང་བརྩི་ཞུ་དགོས་པའི་ཉིན་མོ་ཞིག་ཀྱང་ཡིན།  དགྲ་བོ་རྒྱ་དམར་སྲིད་གཞུང་ནས་དྲག་ཆས་བེད་སྤྱོད་ཀྱིས་བོད་རྒྱལ་ཁབ་ཆེན་པོ་བཙན་བཟུང་བྱས་པ་ནས་བཟུང་སྤུན་ཟླ་ཁྲི་ཚོ་མང་པོ་གང་བྱུང་འཛིན་བཟུང་བཙན་ཁྲིད་ཀྱིས་དམར་གསོད་བཏང་ཡོད་པ་དང་། མང་པོ་ཞིག་སྡུག་གཅོང་མནར་གཅོད་ཀྱི་སྲིད་བྱུས་ནག་པོའི་འོག་གར་སོང་ཆ་མེད་དང་མུག་ཤི་ཐེབས་པ། བོད་ཀྱི་རི་ཆུ་ནག་གསུམ་གཙོས་སྣོད་བཅུད་རྣམས་ནས་གཏེར་ཁ་སྔོག་འདོན་དང་ཆུ་རག་གསར་རྒྱག་སོགས་ཀྱིས་མིང་ཙམ་གྱི་འཛུགས་བསྐྲུན་ལས་གཞིའི་འོག་གཏོར་སྐྱོན་ཚབས་ཆེ་གཏོང་མུས་ཀྱིས་བོད་ཀྱི་ཁོར་ཡུག་ཛ་དྲག་ཅན་དུ་གྱུར་པ་དང་། དགོན་སྡེ་རྩ་གཏོར་དང་སློབ་གྲྭ་སོགས་བཙན་གྱིས་སྒོ་རྒྱག་ཏུ་བཅུགས་ཏེ་རང་མི་རིགས་ཀྱི་སྐད་དང་ཡིག་གེ་གཙོས་ཡུལ་སྲོལ་གོམས་གཤིས་རྣམས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་འདྲ་མིན་ཞིག་ལག་བསྟར་བྱེད་བཞིན་ཡོད་པར་གཞིས་བཞུགས་སྤུན་ཟླ་རྣམས་ནས་སྔ་ཕྱི་བར་གསུམ་དུ་བཙན་རྒོལ་རྒྱལ་སྐྱོབས་ཀྱི་ལས་འགུལ་བསྟུད་མར་སྤེལ་ཡོད་པ་མ་ཟད། རྒྱལ་གཅེས་དཔའ་བོ་དཔའ་མོ་ ༡༦༩ ལྷག་གིས་སྐུ་ལུས་མེར་སྲེག་གི་བློས་གཏོང་གཙོས་འགོག་རྒོལ་གྱི་ལས་འགུལ་རིམ་པར་སྤེལ་མུས་ཡིན་ཡང་། དགྲ་བོ་རྒྱ་དམར་སྲིད་གཞུང་ནས་ཉམ་ཆུང་བོད་མི་རྣམས་ཀྱི་རེ་འབོད་དང་མངོན་འདོད་ལ་ཉན་འཇོག་རྩ་བ་ནས་མེད་པར། ཁོང་རྣམས་ཀྱི་རང་དབང་དང་ཐོབ་ཐང་སོགས་ལ་རྩིས་མེད་ཀྱིས་གང་བྱུང་འཛིན་བཟུང་བཀག་ཉར་དང་། རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་དུས་བཀག་བཙོན་འཇུག་དང་ཐོབ་ཐང་བཙན་འཕྲོག ལས་ཀ་ནས་ཕྱིར་ཕུད་སོགས་ཀྱི་དཀའ་ངལ་སྤྲད་དང་སྤྲོད་མུས་ཀྱི་ཛ་དྲག་གི་གནས་སུ་གྱུར་བཞིན་ཡོད།

ད་དུང་ཉེ་བའི་ཆར་ཡང་དགྲ་བོ་རྒྱ་དམར་སྲིད་གཞུང་ནས་ཐབས་བརྒྱ་བྱུས་སྟོང་གིས་བོད་ཅེས་པའི་ཐ་སྙད་དེ་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ནས་ནག་བསུབ་གཏོང་རྒྱུའི་འབད་བརྩོན་ཐོག་བོད་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་དང་། ལོ་རྒྱུས་བརྫུན་བཟོ། གནས་ཚུལ་འཁྱོགས་བརྗོད་སོགས་བྱེད་མུས་ཀྱིས་བོད་མི་རིགས་ཀྱི་ངོ་བོ་དེ་བཞིན་སྤྱི་ཡོངས་ནས་ནག་བསུབ་གཏོང་རྒྱུའི་བྱུས་ངན་སྣ་ཚོགས་རྩོམ་བཞིན་ཡོད་པར་ཁ་གཏད་གདོང་ལེན་སྔར་ལྷག་དགོས་གལ་མཐོང་། གཞན་ཡང་ཨ་རིའི་ནང་རྟེན་གཞི་བྱས་པའི་རང་དབང་གི་ཁང་པའི་ལོ་འཁོར་ཞིབ་འཇུག་སྙན་ཐོའི་ནང་འཛམ་གླིང་གི་རྒྱལ་ཁབ་ ༢༡༠ ཡི་ནང་ནས་བོད་ནི་ཆབ་སྲིད་དང་སྤྱི་དམངས་ཀྱི་རང་དབང་ཆེས་སྡུག་ཤོས་དེ་ཡིན་པ་སླར་ཡང་གསལ་སྟོན་གནང་ཡོད་པ་བཅས་གྱི་ཛ་དྲག་གི་གནས་སྟངས་འོག སྔ་ལོར་ཨ་རི་སྲིད་གཞུང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་ཀྱིས་བོད་རང་བཙན་གྱི་བདེན་པའི་ལོ་རྒྱུས་ལ་རྒྱབ་སྐྱོར་དང་རང་གཞུང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་སོགས་ཨ་རིའི་ཁྲིམས་སུ་གཏན་འབེབས་ཀྱི་རྒྱབ་སྐྱོར་ཚད་མཐོ་ཐོབ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་དེ་བཞིན་ལག་བསྟར་དོན་འཁྱོལ་ཡོང་རྒྱུར་ཁོར་ཡུག་བསྐྲུན་ཡོད་པས། ང་ཚོས་ཀྱང་གོ་སྐབས་དམ་འཛིན་གྱིས་རྒྱལ་ཁབ་གཞན་རྣམས་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་སྔར་ལྷག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་། དམིགས་བསལ་བོད་རང་བཙན་གྱི་བདེན་པའི་ལོ་རྒྱུས་ཀྱི་གནས་བབ་ལ་ངོས་འཛིན་ཡོང་ཐབས་ལ་འབད་བརྩོན་སྔར་ལྷག་གནང་དགོས་རྒྱུ་ནི་གལ་འགང་ཆེན་པོར་མཐོང་། རྒྱ་གར་གཞུང་དམང་གཉིས་ནས་ཀྱང་བོད་ཀྱི་ཆབ་སྲིད་ཀྱི་དཀའ་ངལ་སེལ་ཐབས་སུ་རྒྱབ་སྐྱོར་སྔར་ལྷག་གནང་རྒྱུར་རེ་བ་ཞུ་བཞིན་ཡོད་པ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་ཚོགས་པ་ཆེ་ཁག་དྲུག་ལས་གྲུབ་པའི་རྒྱ་གར་བོད་དོན་ཞུ་གཏུགས་མཐུན་ཚོགས་ཆེད་འཛུགས་ཀྱིས་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ནང་བོད་དོན་གླེང་སློང་ཡོང་རྒྱུར་རེ་སྐུལ་ཞུ་བཞིན་ཡོད་པ་མ་ཟད། རྒྱ་གར་གྲོས་ཚོགས་དང་ཆབ་སྲིད་ཚོགས་པ་བཅས་ནས་བོད་ཀྱི་གནད་དོན་ཐོག་གྲོས་ཆོད་གཏན་འབེབ་ཡོང་ཐབས་སོགས་ལ་ཡང་འབད་བརྩོན་ཞུ་བཞིན་ཡོད།

 

དེ་བཞིན་གཞི་རྒྱ་ཆེ་བའི་ཆབ་སྲིད་ཀྱི་ལས་འགུལ་ཡང་གང་མང་སྤེལ་ཏེ་རྒྱ་གར་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་དོན་དྲིལ་བསྒྲགས་རྒྱ་གང་ཆེ་སྤེལ་བཞིན་ཡོད་ལགས་ན། རང་རེའི་ཆོལ་གསུམ་སྤུན་ཟླ་ཚང་མས་ཕྱི་དགྲ་ལ་ཁ་གཏད་གདོང་ལེན་དང་ནང་སྤུན་ཟླའི་མཛའ་མཐུན་ལ་དད་དམ་ལྷད་མེད་ཐོག་བོད་དོན་ལས་འགུལ་ནང་མཉམ་ཞུགས་ཀྱིས་ནུས་པ་མཉམ་སྤུང་གནང་སྐྱོང་ཡོང་བར་འབོད་སྐུལ་ཞུ་རྒྱུ་ཡིན།

 

དམིགས་བསལ་འདི་ལོར་བོད་མི་རིགས་ཀྱི་འཐབ་རྩོད་དང་ངོ་བོ་གསོན་གནས་སོགས་ལ་བཀའ་དྲིན་གཞལ་མཐའ་བྲལ་བའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་ཡིན་པར་སོང་ཁོང་ལ་བཀའ་དྲིན་རྗེས་དྲན་དང་འཁྲུངས་སྐར་གྱི་ཕྱག་རྟགས་ཆེ་ཤོས་ནི་དོན་དམ་པའི་གཞིས་ལུས་བོད་མིའི་མགྲིན་ཚབ་པ་ཞིག་དང་བོད་མིའི་ནང་ཁུལ་ཆིག་སྒྲིལ་གནང་རྒྱུ་དེ་ཡིན་པས་ཆོལ་གསུམ་སྤུན་ཟླ་ཚང་མས་དེ་དོན་དགོངས་བཅང་གིས་ལག་བསྟར་དོན་འཁྱོལ་ཡོང་རྒྱུར་རེ་སྐུལ་སྙིང་ནས་ཞུ།

 

མཐའ་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་དང་ཐུགས་ཀྱི་བཞེད་དགོངས་མཐའ་དག་འགེག་མེད་ལྷུན་གྲུབ་དང་། བོད་རང་བཙན་གྱི་བདེན་མཐའ་སེལ་ཏེ་གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་མགྱོགས་ནས་མྱུར་དུ་ཤར་བའི་སྨོན་འདུན་དང་བཅས། །

 

བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས།

བོད་རྒྱལ་ལོ་ ༢༡༥༡ ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༡༠ ཉིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

Back To Top