རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ།

ཅན་རྡི་སྒར་ནས་ལྡི་ལི་བར་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ།

 

ཅན་རྡི་སྒར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འགན་འཁུར་ཐོག་སྤྱི་ལོ་ ༢༠༠༧ ཟླ་ ༡ ཚེས་ ༡༤ ནས་ ༢༠ བར་ཉིན་གྲངས་དྲུག་རིང་བོད་དོན་དྲིལ་བསྒྲགས་སླད་ཅན་རྡི་སྒར་པན་ཇབ་མཐོ་སློབ་ནས་རྒྱལ་ས་ལྡི་ལི་བར་རྐང་འཁོར་འགྲུལ་བཞུད་ཀྱི་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད། ལས་འགུལ་ཐོག་ཅན་རྡི་སྒར་མཐོ་སློབ་འདྲ་མིན་ནང་སློབ་གཉེར་བྱེད་བཞིན་པའི་བོད་ཕྲུག་སློབ་གཉེར་བ་གྲངས་ ༤༠ སྐོར་ནས་མཉམ་ཞུགས་གནང་ཡོད་པ་དང་། རྐང་འཁོར་འགྲུལ་བཞུད་ནང་དངོས་སུ་ལས་འགུལ་སྤེལ་མཁན་བུ་ ༢༠ དང་བུ་མོ་ ༤ བཅས་ཁྱོན་བོད་ཕྲུག་ ༢༤ སྐོར་ནས་འཛུལ་ཞུགས་གནང་ཡོད་འདུག

ལས་འགུལ་གྱི་དགོས་འདུན་གཙོ་བོ་ནི་ ༢༠༠༨ ལོར་རྒྱ་ནག་ཏུ་འཚོགས་རྒྱུའི་རྒྱལ་སྤྱིའི་ཨ་ལིམ་པིག་རྩེད་འགྲན་ལ་ངོ་རྒོལ་དང་། དེ་དག་རྒྱལ་སྤྱིའི་རྩེད་འགྲན་ཚོགས་ཆུང་ནས་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་དུ་ཡོད་པ་དེར་བསམས་གཞིགས་ཀྱིས་ཆོག་མཆན་ཕྱིར་འཐེན་དགོས་ཡོད་ལུགས་དང་། གཞན་ཡང་འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་སྐུ་ན་ཕྲ་ཤོས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གཙོས་པའི་བོད་མི་ཆབ་སྲིད་ཀྱི་བཙོན་པ་རྣམས་འཕྲལ་དུ་གློད་འགྲོལ་དགོས་པའི་དགོས་འདུན་བཅས་ཡིན།

 

༧པཎ་ཆེན་སྐུ་ཕྲེང་ ༡༡ པ་ཀློད་གྲོལ་ཡོང་ཆེད་གྱི་རྐང་འཁོར་སྐོར་སྐྱོད།

 

ཕྱི་ལོ་༢༠༡༦ཟླ་༤ཚེས་༣༠ཉིན་རྒྱ་ནག་སྲིད་གཞུང་གིས་༸ཀུན་གཟིགས་༸པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་དྲུག་ནས་བཙན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནད་དོན་དང་འབྲེལ་བའི་ཐོག་ནས་དགོས་འདུན་དོན་ཚན་བཞི་ཅན་ཞིག་དང་བཅས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། ཕྱི་ལོ་༢༠༡༦ཟླ་༥ཚེས་༡༧ཉིན་ཏེ་༸ཀུན་གཟིགས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་ཆོག་རྒྱ་དམར་སྲིད་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་པའི་ཉིན་མོ་དང་སྟབས་བསྟུན་གྱིས་གཞོན་ལྷན་གྱིས་འགན་འཁུར་གོ་སྒྲིག་འོག་༸ཀུན་གཟིགས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང་འབྲེལ་བའི་གཞོན་ལྷན་གྱི་དགོས་འདུན་དོན་ཚན་བཞི་ཅན་ཞིག་དང་བཅས་ཏེ་རྐང་འཁོར་བསྐོར་སྐྱོད་ཀྱི་ལས་འགུལ་ཞིག་རྒྱ་གར་བྱང་ཕྱོགས་ཨུ་ཏར་ཁན་ཌ་མངའ་སྡེའི་རྒྱལ་ས་དྷེ་ར་དྷུན་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ནས་འགོ་འཛུགས་ཀྱིས་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བ་རྒྱ་གཞུང་གི་བཙན་འོག་ཏུ་འཇོག་དགོས་བྱུང་བའི་ཉིན་མོ་སྟེ་ཕྱི་ཟླ་༥ཚེས་༢༣ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་མཇུག་སྒྲིལ་ཞུས་ཡོད་པ་དང་། སྐབས་དེའི་དབུ་འཛུགས་མཛད་སྒོའི་ཐོག་རྒྱ་གར་གྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་གྷ་ནེ་ཤེ་ཇོའོ་ཤེ་ (MLA Mr. Ganesh Joshi) མཆོག་གིས་དབུས་པའི་རྒྱ་གར་དཔོན་རིགས་ཁག་ཅིག་དང་། གཞོན་ལྷན་གྱི་དབུས་རྒྱུན་ཟུར་པ། ས་གནས་བོད་རིགས་ཚོགས་པ་ཁག་གི་སྐུ་ཚབ་མི་སྣ་སོགས་ཕེབས་ཡོད། སྐབས་དེའི་རྐང་འཁོར་བསྐོར་སྐྱོད་ཀྱི་ལས་འགུལ་ནང་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་དང་བཅས་ཁྱོན་མི་གྲངས་༤༢ཙམ་མཉམ་བཞུགས་གནང་ཡོད་པ་རེད།

 

༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གློད་དཀྲོལ་དགོས་པའི་དགོས་འདུན་གྱི་སྦག་སྦག་སྐོར་སྐྱོད།

 

སྤྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༣ ནས་ ༢༥ བར་ཉིན་གསུམ་རིང་ ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གློད་དཀྲོལ་དགོས་པའི་སྦག་སྦག་སྐོར་བསྐྱོད་བ་ ༣༠ ཡོད་པའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད། དེ་ཡང་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་མཉམ་རུབ་ཀྱིས་གོ་སྒྲིག་འོག་དུས་ཡུན་ལོ་ངོ་ ༣༠ རིང་རྒྱ་དམར་གྱི་བཙན་བཟུང་འགོ་ཡོད་པའི་ ༧ཀུན་གཟིགས་༧པཎ་ཆེན་སྐུ་འཕྲེང་བཅུག་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་དཀྲོལ་དགོས་པའི་དགོས་འདུན་དང་། ཁོང་གི་གནས་བབ་རྒྱ་གར་དང་རྒྱལ་སྤྱིའི་སྤྱི་ཚོགས་ནང་དྲིལ་བསྒྲགས་ཡོང་ཆེད་དུ་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༣ ནས་ ༢༥ བར་ཉིན་གསུམ་རིང་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱ་གར་རྒྱལ་ས་ལྡིི་ལི་བར་སྤེལ་ཡོད།

སྐབས་དེར་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མཆོག་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་བོད་ཀྱི་ཡུལ་སྲོལ་གོམ་གཤིས་དང་ཆོས་ལུགས་ཀྱི་དད་མོས་ཐོག་ཐག་གཅོད་བྱ་རྒྱུར་ཐོབ་ཐང་གང་ཡང་མེད་སྐོར་གསུང་ཡོད།

 

ཧིན་བོད་ས་མཚམས་བར་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ།

 

ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༧ ནས་བཟུང་ཚེས་ ༢༣ དབར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཧི་མ་ཅལ་མངའ་སྡེའི་ཀི་ནོར་ཧིན་བོད་ས་མཚམས་བར་རྒྱ་གཞུང་ཐེར་འདོན་གྱི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིགས་བརྩམས་པ་དང་། ལས་འགུལ་དེ་བཞིན་སྤེལ་ཏེ་རྒྱ་གཞུང་གི་་དམ་དྲག་དང་གདུག་རྩུབ་སྲིད་བྱུས་འོག་ཉེས་མེད་འཛིན་བཟུང་བཙོན་འཇུག་དང་གཉའ་གནོན་བཤུ་གཞོག་སོགས་ཀྱིས་བོད་མི་རྣམས་ཉིན་མཚན་འཁྱོལ་དཀའ་བའི་གནས་སྟངས་དང་། རྒྱ་གཞུང་གི་དམ་དྲག་དང་གདུག་རྩུབ་སྲིད་བྱུས་འགོ་བོད་འབྲི་རུ་རྫོང་དུ་ཛ་དྲག་གི་གནས་སྟངས་གྱུར་བཞིན་པའི་ཡིད་སྐྱོའི་གནས་སྟངས་སོགས་དྲིལ་བསྒྲགས་ཀྱིས་རྒྱ་ནག་དམར་པའི་སྲིད་གཞུང་ཐེར་འདོན་ཡོང་ཆེད་སྤེལ་བ་ཞིག་ཡིན།

དེ་ཡང་སྦག་སྦག་སྐོར་སྐཡོད་དེའི་ནང་ཁྱོན་སྦག་སྦག་གྲངས་ ༥༠ ཏག་ཏག་ཡོད་པ་དང་། དེ་ནི་ལོ་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༥༠ ཧྲིལ་པོ་འཁོར་བའི་མཚོན་དོན་དང་། སྦག་སྦག་སྐོར་སྐྱོད་དེའི་ནང་ཧི་མ་ཅལ་མངའ་སྡེའི་ནང་ཁུལ་དང་། ཉེ་འཁོར་གྱི་ས་གནས། སྦིར་ས་གནས་གཞོན་ནུ། རྡ་ས་ས་གནས་གཞོན་ནུ། སིམ་ལ། ཀུ་ལུ་མ་ན་ལི། བདེ་སྐྱིད་གླིང་། སྤོན་ཊ་ས་གནས་གཞོན་ནུ་དང་དེ་བཞིན་རོ་ཐང་སྦག་སྦག་སྐོར་སྐྱོད་བའི་འཐུས་མི་བཅས་ཁྱོན་སྦག་སྦག་སྐོར་སྐྱོད་བ་ ༥༠ ཙམ་དང་། སྦག་སྦག་ལས་བཟོ་བ། སྨན་ཞབས་པ། དཔར་པ་དང་གཞོན་ལྷན་རྒྱུན་ལས་ལས་བྱེད་བཅས་ཁྱོན་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ ༦༥ ཙམ་ནས་ཉིན་དྲུག་གི་ལས་འགུལ་དེ་བཞིན་ལམ་ལྷོང་ལེགས་གྲུབ་ངང་སྤེལ་ཐུབ་པ་བྱུང་ཡོད།

 

དགུས་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གྱི་སྦག་སྦག་སྐོར་སྐྱོད།

 

བོད་རྒྱལ་ལོ་ ༢༡༤༨ ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༠ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོར་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཉིན་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་དང་སྟབས་བསྟུན་གྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་གཞོན་ལྷན་བསམ་ཡས་གླིང་གི་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་བྷེང་ལོར་ནས་འགོ་འཛུགས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་ཅིག་གོ་སྒྲིག་ཞུས་ཏེ་རྒྱ་ནག་ནང་འཚོག་རྒྱུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཚུགས་རྒྱུའི་འོས་བབས་མེད་པའི་ངོ་རྒོལ་སྐྱོན་བརྗོད་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། སྐབས་དེར་སྦག་སྦག་སྐོར་སྐྱོད་ཀྱི་དབུ་འབྱེད་མཛད་སྒོར་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཆེད་བཅར་གྱིས་གཏམ་བཤད་སྤེལ་དོན་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ལོ་ངོ་ ༥༡ ཧྲིལ་པའི་རིང་ཆོལ་ཁ་དང་། ཆོས་ལུགས། ཕོ་མོ་དང་རིགས་རུས་དབྱེད་མེད་ཀྱིས་བོད་ཀྱི་ཆབ་སྲིད་འཐབ་རྩོད་ནང་ཞབས་ཞུ་སྒྲུབ་ཡོད་པ་དང་། གྲུབ་འབྲས་ལྡན་པའི་ལས་འགུལ་སྣ་མང་སྤེལ་བར་བརྟེན་གཞོན་ལྷན་གྱི་སྒྲིག་འཛུགས་འདིར་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་རེ་བ་དང་། ཡིད་ཆེས་བརྟན་པོ་ཡོད་བསྡད་པ་ཞིག་དང་། རྒྱ་ནག་དམར་ཤོག་སྲིད་གཞུང་ནས་ཀྱང་དུས་ནམ་ཡིན་ལ་སྡང་ཟུག་ཆེན་པོས་སྒྲིག་འཛུགས་ཀྱི་ལས་དོན་ལ་ཐབས་བརྒྱ་བྱུས་སྟོང་གིས་དོ་ཕོག་གཏོང་རྒྱུར་ཐབས་ཤེས་བྱེད་ཀྱིས་ཡོད་ཚུལ། དམིགས་བསལ་ཛ་དྲག་གི་དུས་སྐབས་འདིར་བོད་མི་སྤྱི་སྒེར་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱིས་ལས་འགུལ་གང་མང་དང་སྣ་མང་སྤེལ་དགོས་རྒྱུ་གལ་ཆེན་པོ་ཡིན་ཚུལ་སོགས་ཀྱི་ཐད་གཏམ་བཤད་སྤེལ་གནང་ཡོད། མཛད་སྒོ་གྲུབ་རྗེས་སྤྱི་ཁྱབ་དྲུང་ཆེ་མཆོག་ནས་སྦག་སྦག་སྐོར་སྐྱོད་པ་རྣམས་བྷེང་ལོར་ནས་༸གོང་ས་ཏཱ་ལའིབླ་མའི་མཐོང་སློབ་བར་ཕེབས་སྐྱེལ་ཞུས་ཏེ་ཉིན་དེའི་ལས་འགུལ་ལེགས་གྲུབ་བྱུང་ཡོད།

 

Back To Top