ཟས་བཅད་ངོ་རྒོལ་གྱི་ལས་འགུལ།

ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ནི་ཚད་མཐོའི་འཚེ་མེད་ཞི་བའི་ལས་འགུལ་ཞིག་ཡིན་པར་སོང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་དམིགས་ཏེ་ད་བར་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་མང་ཐག་ཅིག་སྤེལ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ཀྱི་གནད་དོན་ཐད་རྒྱབ་སྐྱོར་རག་ཐབས་དང་། དགྲ་བོ་རྒྱ་དམར་གཞུང་ནས་ཀྱང་གཞིས་ལུས་བོད་མི་ཚོའི་མངོན་འདོད་ལ་བརྩི་སྲུང་དང་ལེན་ཡོང་རྒྱུར་དགོས་འདུན་གང་མང་བཏོན་ཡོད།

 

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་རྣམས་ཀྱི་ཐོ་གཞུང་གཤམ་གསལ།

 

༡༽ ཕྱི་ལོ་༡༩༧༤ཟླ་༨ཚེས་༣༠ཉིན་ནས་བོད་རིགས་གཞོན་ནུ་ལྷན་ཚོགས་ནས་རྒྱ་གར་རྒྱལ་ས་ལྡི་ལིའི་འབྲུག་གཞུང་དོན་གཅོད་ལས་ཁུངས་མདུན་དུ་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་འགོ་འཛུགས་གནང་ཡོད།ཐེངས་དེའི་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་བ་རྣམས་ཀྱི་དགོས་འདུན་གཙོ་བོ་ནི། འབྲུག་རྒྱལ་ཁབ་ནས་འབྲུག་ནང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་གཙོ་བྱས་པའི་བོད་མི་གྲངས་༢༨ནས་འབྲུག་རྒྱལ་པོ་བཀྲོངས་རྩིས་བྱེད་འཆར་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་ཞེས་མ་ཤི་བར་གྱིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་གསར་འགྱུར་རྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་ཆེན་པོ་བྱུང་ཡོད་པ་དང་། དེ་ལྟར་ཉིན་གྲངས་༡༤སྤེལ་རྗེས་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འཐུས་མི་ཁག་ནས་ལས་འགུལ་བ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་གྱིས་ཟས་བཅད་ལས་འགུལ་དེ་བཞིན་མཚམས་འཇོག་བྱ་དགོས་པ་དང་། འབྲུག་རྒྱལ་དབུས་གཞུང་ལ་ངེད་ཚོས་འབྲེལ་བ་ཞུ་རྒྱུ་ཡིན་ཞེས་ཁས་ལེན་གནང་བ་ལྟར་གཞོན་ལྷན་གྱི་མ་ཤི་བར་གྱི་ཟས་བཅད་ལས་འགུལ་བ་རྣམས་ནས་ཀྱང་དེ་དོན་ཉིན་གྲངས་བཅུ་བཞིའི་རྗེས་མཚམས་འཇོག་གནང་ཡོད།[1]དེ་བཞིན་སྐབས་དེར་འབྲུག་ནང་གནས་སྡོད་བོད་མི་ཚོས་ཀྱང་འབྲུག་གཞུང་ལ་ངོ་རྒོལ་སྐད་འབོད་ཤུགས་ཆེ་རིམ་པར་བྱས་ཡོད་པ་རེད།

 

༢༽ ཕྱི་ལོ་༡༩༧༧ཟླ་༣ཚེས་༡༠ཉིན་ཏེ་གསུམ་བཅུའི་དུས་དྲན་གྱི་གཞི་རྒྱ་ཆེ་བའི་ལས་འགུལ་དེ་བཞིན་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རིམ་བསྟུད་ཀྱིས་སྤེལ་བར་རྒྱ་གར་སྐོར་སྲུང་ཉེན་རྟོག་པ་རྣམས་དང་ཕན་ཚུན་གདོང་ཐུག་ཇེ་ཆེར་ཕྱིན་པར་བརྟེན་བཞུགས་སྒར་རྡ་རམ་ས་ལ་དང་།རཱ་ཇེ་སྤུར། ལྡེ་ར་དྷུན། སྦིར། སིམ་ལ་སོགས་ས་གནས་ཁག་མང་པོ་ནས་བོད་མི་དྭང་བླངས་ལས་འགུལ་བ་མང་པོ་འབྱོར་ནས་ལྡི་ལི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་ཁྱོན་བོད་མི་གྲངས་༨༣དང་མཐར་ལས་འགུལ་བ་བདུན་གྱིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་དགོས་འདུན་གཙོ་བོ་ནི། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ནས་ཕྱི་ལོ་༡༩༥༩དང་། ༡༩༦༡།༡༩༦༥བཅས་སོ་སོར་བོད་དོན་སྐོར་འཇོག་གནང་མཛད་པའི་གྲོས་ཆོད་རྣམས་མུ་མཐུད་ནས་གྲོས་གླེང་གནང་དགོས་ཞེས་ཉིན་གྲངས་༡༢རིང་ཟས་བཅད་ངོ་རྒོལ་གནང་མཐར་རྒྱ་གར་གྱི་ཇ་ན་ཏ་པར་ཏྲི་(Janata Party)ཞེས་པའི་གཞུང་འཛིན་ཚོགས་པ་དང་། གཞུང་འཛིན་ཚོགས་པའི་འཐུས་མི་ཁག་ནས་ཟས་བཅད་ལས་འགུལ་བ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་ཤུགས་ཆེ་གནང་སྟེ་མ་ཤི་བར་གྱིས་ཟས་བཅད་ལས་འགུལ་དེ་བཞིན་མཚམས་འཇོག་དགོས་སྐོར་གྱི་འབོད་སྐུལ་གནང་ཡོད་པ་མ་ཟད། དགོས་འདུན་ཁག་ཁས་ལེན་གནང་བ་བཞིན་ལྡི་ལི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་སུ་ཡི་གེ་སྤྲད་ཡོད་པ་རེད། དེ་ལྟར་ན་ཕྱི་ཚེས་༣༠ཉིན་མ་ཤི་བར་གྱིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་བཞིན་འཚམས་འཇོག་གནང་ཡོད།

 

མ་ཤི་བར་ཟས་བཅད་ངོ་རྒོལ་སྤེལ་གནང་མཁན་ལས་འགུལ་བ་བདུན་གྱི་མཚན་གཞུང་།

 

༡༽ སྐུ་ཞབས་བསྟན་ཆོས་ལགས། དགུང་ལོ་ ༤༡།

༢༽ སྐུ་ཞབས་བསྟན་འཛིན་ཚུལ་ཁྲིམས་ལགས། དགུང་ལོ་ ༢༠།

༣༽ སྐུ་ཞབས་རྟ་འབྲིན་ལགས། དགུང་ལོ་ ༣༠།

༤༽ སྐུ་ཞབས་ཚེ་རིང་དབང་ཕྱུག་ལགས། དགུང་ལོ་ ༢༨།

༥༽ སྐུ་ཞབས་བློ་བཟང་རབ་བརྟན་ལགས། དགུང་ལོ་ ༣༠།

༦༽ སྐུ་ཞབས་དཀོན་མཆོག་ལགས། དགུང་ལོ་ ༤༨།

༧༽ སྐུ་ལྕམ་མ་ལྷ་མོ་ཚེ་རིང་ལགས། དགུང་ལོ་ ༤༥།

 

ཕྱི་ལོ་༡༩༨༨ཟླ་༣ཚེས་༥ཉིན་བྱམས་པ་སྤྱན་འདྲེན་ཉིན་གཞིས་ལུས་རྒྱ་ཆེའི་མི་མང་གིས་སྐྱར་དུ་རྒྱ་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་བྱས་པར་བརྟེན་སྔར་བས་དྲག་ཤུགས་ཆེ་རུ་བཏང་ནས་བོད་མི་མང་པོ་བསད་རྨས་དང་གར་སོང་ཆ་མེད་དུ་བཏང་ཡོད་པའི་གནས་ཚུལ་ཐོས་འཕྲལ་འདི་ག་བོད་རིགས་གཞོན་ནུ་ལྷན་ཚོགས་ནས་འགན་འཁུར་སྣེ་ཁྲིད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲིལ་བསྒྲགས་ལས་ཁུངས་མདུན་དུ་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡང་ཉིན་གྲངས་ ༡༡ སོང་མཚམས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དགོངས་དོན་འོག་མ་འཆི་བར་གྱི་ཟས་བཅད་ངོ་རྒོལ་དེ་མཚམས་འཇོག་ཞུས་ཡོད། དགོས་འདུན་ནང་རྒྱ་དམར་གཞུང་ནས་ཕྱི་ལོ་ ༡༩༨༧ ཟླ་ ༩ པའི་ཚེས་ ༢༧ ནས་འཇུ་བཟུང་བརྩན་འཁྲིད་དང་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་རྣམས་གློད་ཀྲོལ་དགོས་སྐོར་དང་། མཉམ་འབྲེལ་རྒྱལ་ཚོགས་ནས་རྟོག་ཞིབ་མི་སྣ་ཆེད་གཏོང་གིས་བོད་མི་གྲངས་ག་ཚོད་དམར་བསད་དང་རྨས་སྐྱོན་གཏོང་ཡོད་སྐོར་གྱི་སྙན་ཐོ་བསྡུ་ལེན་དགོས་སྐོར། རྒྱལ་སྤྱིའི་གསར་འགོད་པ་རྣམས་བོད་ལ་འགྲོ་རྒྱུའི་ཆོག་མཆན་སྤྲོད་དགོས་སྐོར་སོགས་ཀྱི་དགོས་འདུན་བཏོན་གནང་ཡོད།

 

ཕྱི་ལོ་ ༡༩༨༨ ཟླ་ ༣ ཚེས་ ༢༣ ཉིན་ནས་བཟུང་ན་ནི་ཏལ་ས་གནས་གཞོན་ལྷན་ནས་ལྡི་ལིར་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་གནང་མཁན་ཚོར་གདུང་སེམས་མཉམ་སྐྱེད་མཚོན་སླད་ཕྱག་ཚོད་ ༤༨ རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་གནང་ཡོད།

 

ཕྱི་ལོ་ ༡༩༨༩ ཟླ་ ༨ ཚེས་ ༡༥ ཉིན་ནས་བཟུང་སྐུ་ཞབས་ཚེ་བརྟན་དངོས་གྲུབ་ལགས་ནས་ཇི་ནི་ཝར་བརྟན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་མ་འཆི་བར་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་དང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སོགས་དང་འབྲེལ་བའི་ཚོགས་འདུ་ཐེངས་ ༤༡ པར་མཉམ་ཞུགས་གནང་མཁན་གྱི་སྐུ་འཚབ་ཚོའི་ངོས་ནས་བོད་ཀྱི་གནད་དོན་ཐད་རྒྱབ་སྐྱོར་རག་ཐབས་གནང་ཡོད།

 

ཕྱི་ལོ་༡༩༩༧ཟླ་༣ཚེས་༡༠ཉིན་མོ་ནས་བཟུང་རྒྱལ་སྤྱིའི་ཁྲིམས་དོན་ལྷན་ཚོགས་(ICJ)ནས་བོད་དོན་སྐོར་༡༩༩༧ཟླ་༡༢ནང་འདོན་གནང་མཛད་པའི་སྙན་ཐོའི་འབྲུ་དོན་སྙིང་པོ་གཞིར་བཟུང་ཐོག་དགོས་འདུན་དོན་ཚན་གསུམ་ཅན་ཞིག་བཞག་སྟེ་བདག་ཉིད་ཆེན་པོ་གྷན་དྷིས་ལམ་སྟོན་གནང་བའི་མང་གཙོའི་ལམ་ལུགས་དང་མཐུན་པ་འཚེ་མེད་ཞི་བའི་ངོ་རྒོལ་དུ་རང་སྲོག་བློས་བཏང་གི་ཟས་བཅད་ངོ་རྒོལ་ལས་འགུལ་གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་འགན་འཁུར་སྣེ་ཁྲིད་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཇཱན་ཏར་མཱན་ཏར་ས་གནས་སུ་བོད་མི་ས་ཡ་དྲུག་གི་ངོ་བོ་མཚོན་ཆེད་རྒྱལ་གཅེས་དཔའ་བོ་དཔའ་མོ་དྲུག་ནས་ཟས་བཅད་ངོ་རྒོལ་ལས་འགུལ་དབུ་འཛུགས་གནང་ཡོད་པ་དང་། སྐབས་དེར་རང་སྲོག་བློས་བཏང་དང་མ་བསྐུལ་དང་བླངས་ཀྱིས་ཟས་བཅད་ངོ་རྒོལ་ནང་ཞུགས་མཁན་རྒྱལ་གཅེས་པ་ཟླ་བ་རྒྱལ་པོ་ལགས་དང་། ཟླ་བ་ཚེ་རིང་ལགས། ཀརྨ་སྲིད་གཅོད་ལགས། དཔལ་འཛོམས་ལགས། གཡུང་དྲུང་ཚེ་རིང་ལགས། ཀུན་བཟང་ལགས་བཅས་ཁྱོན་མི་གྲངས་དྲུག་གིས་ཕྱི་ཟླ་༤ཚེས་༢༦བར་ཁྱོན་ཉིན་གྲངས་༤༩རིང་རང་སྲོག་བློས་བཏང་གིས་ཟས་བཅད་ངོ་རྒོལ་གནང་ཡོད་པ་དང་། མཐར་ས་གནས་རྒྱ་གར་སྐོར་སྲུང་བས་ལས་འགུལ་བ་རྣམས་བཙན་གྱིས་སྨན་ཁང་དུ་ཁྲིད་ནས་དོ་དམ་སྟངས་འཛིན་འོག་གནས་དགོས་བྱུང་ཡོད་པ་མ་ཟད། ཟས་བཅད་ལས་འགུལ་མུ་མཐུད་སྤེལ་བཞིན་པར་འགོག་རྐྱེན་བཟོས་ཡོད་པ་དང་། གཉིས་ནས་མཉམ་འབྲེལ་རྒྱལ་ཚོགས་ནས་ཟས་བཅད་ལས་འགུལ་བའི་དགོས་འདུན་དོན་ཚན་ཁག་ལ་དགོངས་བཞེས་གནང་མེད་པ་སོགས་ལ་བརྟེན། མཐར་འུ་ཐུག་བཟོད་བྲལ་གྱིས་རང་སྲོག་བློས་བཏང་གི་ཟས་བཅད་ལས་འགུལ་རུ་ཁག་གཉིས་པའི་ནང་ཞུགས་མཁན་གྱི་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ནས་ཕྱི་ཟླ་༤ཚེས་༢༧ཉིན་གྱི་ཞོགས་པའི་ཆུ་ཚོད་༦པའི་ཐོག་བོད་བསྟན་སྲིད་མི་རིགས་དང་བཅས་པའི་རང་དབང་དང་བདེ་སྡུག་གི་ཆེད་དུ་རྒྱ་གར་རྒྱལ་ས་ལྡི་ལིའི་ཇཱན་ཏར་མཱན་ཏར་རང་ལུས་མེར་སྲེག་གནང་ཡོད་པ་དང་། ཁོང་གིས་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་བཟོད་སྒོམ་བྲལ་བའི་གནས་སུ་གྱུར་ཡོད་པ་འཛམ་གླིང་གི་མཉམ་འབྲེལ་རྒྱལ་ཚོགས་དང་། མི་མང་ཡོངས་ལ་ཤེས་སུ་བཅུགས་ཡོད།

 

ཕྱི་ལོ་ ༡༩༩༨ ཟླ་ ༣ ཚེས་ ༣༡ ཉིན་ཨ་རིའི་ལོ་སི་ཨེན་ཇེལ་བོད་རིགས་རྣམས་ནས་གཞོན་ལྷན་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་བ་རྣམས་ལ་རྒྱབ་སྐྱོར་མཚོན་སླད་ཕྱག་ཚོད་ ༢༤ རིང་ཟས་བཅད་ངོ་རྒོལ་དང་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་གནང་ཡོད།

 

ཕྱི་ལོ་ ༡༩༩༨ ཟླ་ ༤ ཚེས་ ༦ ཉིན་ནས་བཟུང་ལུམ་པ་རིང་དགོན་པ་ནས་གཞོན་ལྷན་གྱི་ཟས་བཅད་ངོ་རྒོལ་ལས་འགུལ་བ་དྲུག་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་མཚོན་སླད་ཕྱག་ཚོད་ ༢༤ རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་གནང་ཡོད།

 

ཕྱི་ལོ་ ༡༩༩༨ ཟླ་ ༤ ཚེས་ ༨ ནས་ ༡༡ ས་གནས་རྡོ་རྗེ་གླིང་དང་ཁང་ཤང་། ཀ་ལིང་སྤོང་། སྒང་ཏོག མི་རིགས། ཨོ་རི་ས། མེན་པཊ་སོགས་ནས་མི་མང་ ༣༥༠ ཙམ་བྱང་ཤར་ས་གནས་ཀལ་ཀ་ཊར་ཆེད་འཛོམས་ཀྱིས་ཕྱག་ཚོད་ ༧༢ རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་ཀལ་ཀ་ཏའི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་ལས་འགུལ་ཞིག་སྤེལ་ཡོད།

 

ཕྱི་ལོ་ ༡༩༩༨ ཟླ་ ༤ ཚེས་ ༢༣ ཉིན་ཨ་རིའི་ཨོ་ལ་ཕྷ་མཐོ་སློབ་གྱི་སློབ་ཕྲུག་རྣམས་ནས་གཞོན་ལྷན་གྱི་ཟས་བཅད་ངོ་རྒོལ་གནང་མཁན་བོད་མི་དྲུག་ལ་རྒྱབ་སྐྱོར་མཚོན་སླད་ཕྱག་ཚོད་ ༣༦ རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་གནང་ཡོད།

 

ཕྱི་ལོ་ ༡༩༩༨ ཟླ་ ༤ ཚེས་ ༢༧ ཉིན་ཁལ་གྷེ་རིའི་བོད་མི་བརྒྱད་ཙམ་ནས་ཕྱག་ཚོད་ ༢༤ ནས་ ༥༠ བར་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་གཞོན་ལྷན་ལས་འགུལ་བ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་པ་གནང་ཡོད།

 

ཕྱི་ལོ་༡༩༩༩ཟླ་༤ཚེས་༥ནས་༣༠བར་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་འདུ་ཐེངས་༥༥པའི་སྐབས་དང་བསྟུན་ཏེ།བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་འགན་འཁུར་སྣེ་ཁྲིད་ཐོག་ལྡི་ལིར་སྔ་ལོའི་མ་ཤི་བར་གྱི་ཞི་བའི་ཟས་བཅད་ངོ་རྒོལ་ལས་འགུལ་གྱི་ལས་མཇུག་གི་ཚུལ་དུ་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ལས་འགུལ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། སྐབས་དེར་ལས་འགུལ་ནང་མཉམ་ཞུགས་གནང་མཁན་གཞོན་ལྷན་སྤྱི་ཁྱབ་ཚོགས་གཞོན་ཀརྨ་ཡེ་ཤེས་ལགས་དང་། དྲུང་ཆེ་པདྨ་ལྷུན་གྲུབ་ལགས། བོད་ཀྱི་ཆབ་སྲིད་བཙོན་ཟུར་ར་སྒྲེང་བསྟན་པ་ཚེ་རིང་ལགས་བཅས་གསུམ་གྱིས་ཟས་བཅད་ལས་འགུལ་གནང་ཡོད་པ་དང་། སྐབས་འདིའི་ཟས་བཅད་ལས་འགུལ་གྱི་དགོས་འདུན་དོན་ཚན་བཞི་ཅན་ཞིག་སྔར་ལོའི་ཁ་སྣོན་དུ་བཏོན་ཡོད་པ་རེད། ལྷག་པར་ཟས་བཅད་ལས་འགུལ་དབུ་འཛུགས་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་དྲུང་ཆེའི་ལས་ཁང་། མཉམ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆེན་ཐེངས་༥༥པའི་གཙོ་འཛིན་དང་རྒྱལ་ཁབ་སོ་སོའི་འཐུས་མི། མཉམ་ཚོགས་ཀྱི་བྱིས་པའི་རང་དབང་སྡེ་ཚན། གཞན་ཡང་རྒྱལ་སྤྱིའི་སྲིད་གཞུང་དང་སྒྲིག་འཛུགས་ཁག་མི་མང་དང་བཅས་པ་ཚང་མས་གཞོན་ལྷན་གྱི་ལས་འགུལ་འདིའི་དགོས་འདུན་དོན་ཚན་ཁག་འགྲུབ་སླད་རྒྱབ་སྐྱོར་དང་མཐུན་འགྱུར་གནང་དགོས་པའི་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་ཐུབ་པ་བྱུང་ཡོད། ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁང་མདུན་དུ་མི་མང་འདུ་འཛོམས་སར་གཞོན་ལྷན་སྤྱི་ཁྱབ་ཟུང་དྲུང་ནས་མཛད་སྒོ་དབུ་འཛུགས་གནང་ཡོད་པ་དང་། མཛད་སྒོའི་ཐོག་སྤྱི་ཁྱབ་ཚོགས་གཞོན་དང་། སུད་སིའི་ཚོགས་པ་ཁག་གི་སྐུ་ཚབ་རྣམས་ཀྱིས་གསུང་བཤད་གྲུབ་རྗེས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ལས་འགུལ་དངོས་སུ་དབུ་འཛུགས་ཞུས་ཡོད། དེ་དང་དུས་མཚུངས་སུ་གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས་ས་གནས་གཞོན་ལྷན་ཁག་༡༡ཙམ་གྱི་རྒྱུན་ལས་ཚོགས་མི་དང་བཅས་མི་མང་༣༠༠ལྷག་ཅིག་སྣེ་ཁྲིད་འོག་རྒྱ་གར་རྒྱལ་ས་ལྡི་ལིར་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་པ་མ་ཟད། བཞུགས་སྒར་རྡ་སར་གཞོན་ལྷན་དབུས་ས་གཉིས་ཀྱི་སྣེ་ཁྲིད་འོག་ཆུ་ཚོད་༢༤རིང་སུད་སིའི་ལས་འགུལ་བར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མཚོན་སླད་ཟས་བཅད་ངོ་རྒོལ་ཞིག་ཀྱང་གོ་སྒྲིག་ཞུས་ཡོད་པ་རེད།

 

ཕྱི་ལོ་ ༡༩༩༩ ཟླ་ ༤ ཚེས་ ༥ ཉིན་བཞུགས་སྒར་རྡ་སའི་སྤྱི་སྤྱོད་གླང་འཁོར་འབབ་ཚུགས་སུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་གཙོས་ཁྱོན་མི་གྲངས་ ༡༥༠ ཙམ་ནས་ཇི་ནི་ཝར་མ་འཆི་བར་ལས་འགུལ་སྤེལ་མཁན་གྱི་གཞོན་ལྷན་ལས་འགུལ་བ་ཚོར་རྒྱབ་སྐྱོར་མཚོན་སླད་ཕྱག་ཚོད་ ༡༢ རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་གནང་ཡོད།

 

ཉིན་ད་ག་རང་བྱང་ཤར་འབྲས་ལྗོངས་སྒང་ཏོག་ཏུ་བོད་མི་དང་ས་གནས་ཡུལ་མི་གྲངས་ ༥༠༠ ཙམ་གྱིས་ཕྱག་ཚོད་ ༢༤ རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་གཞོན་ལྷན་ལས་འགུལ་བ་རྣམས་ལ་རྒྱབ་སྐྱོར་གནང་ཡོད།

 

གཞོན་ལྷན་ས་གནས་སྤོན་ཊ་དང་པུ་རུ་ཝ་ལ་སོགས་ནས་ཀྱང་ཕྱག་ཚོད་ ༢༤ རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་གནང་ཡོད།

 

གཞོན་ལྷན་ས་གནས་ན་ནི་ཏལ་ནས་ཀྱང་ཕྱག་ཚོད་ ༡༢ རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་མཚན་པ་ནས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་དགོས་འདུན་བཏོན་གནང་ཡོད།

 

ཕྱི་ལོ་༢༠༠༤ཟླ་༤ཚེས་༢རེས་གཟའ་པ་སངས་ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཨ་རིའི་རྒྱལ་ས་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་ཐང་དུ་དགོས་འདུན་དོན་ཚན་ལྔ་དང་བཅས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ལས་འགུལ་དབུ་འཛུགས་གནང་ཡོད་པ་དང་།ལས་འགུལ་དེར་གཞོན་ལྷན་སྤྱི་ཁྱབ་ཟུང་དྲུང་སྒྲོལ་མ་ཆོས་འཕེལ་ལགས་དང་། སྒང་ཏོག་ས་གནས་གཞོན་ནུའི་ཚོགས་གཞོན་རྒྱ་མཚོ་ལགས། དེ་བཞིན་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ནུའི་ཚོགས་མི་བསོད་ནམས་དབང་འདུས་ལགས་གསུམ་གྱིས་མ་སྐུལ་དང་བླངས་ངང་འཛུལ་ཞུགས་གནང་ཡོད།

 

ཕྱི་ལོ་༢༠༠༦ཟླ་༢ཚེས་༡༠ནས་༢༦བར་ཉིན་གྲངས་བཅུ་བདུན་རིང་ཨི་ཀྲ་ལིའི་གྲོང་ཁྱེར་ཀྲོ་རི་ནོར་རྒྱལ་སྤྱིའི་ཨོ་ལིམ་པིག་དགུན་དུས་རྩེད་འགྲན་ཐེངས་༢༠པ་འཚོགས་པ་དང་དུས་བསྟུན་ཨི་ཀྲ་ལིའི་བོད་རིགས་ཚོགས་པས་མཐུན་འགྱུར་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་འགན་འཁུར་གོ་སྒྲིག་འོག་ཀྲོ་རི་ནོར་དུ་ཕྱི་ལོ་༢༠༠༦ཟླ་༢ཚེས་༡༤ནས་བཟུང་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ལས་འགུལ་ཞིག་སྤེལ་ཡོད་པ་དང་།ཟས་བཅད་ལས་འགུལ་ཐོག་མཉམ་ཞུགས་གནང་མཁན་གཙོ་བོ་བོད་ནང་ལོ་མང་རིང་རྒྱ་དམར་གྱི་བཙན་གནོན་འོག་སྡུག་སྦྱོང་མྱངས་མྱོང་བའི་བོད་མི་ཆབ་སྲིད་བཙོན་ཟུར་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་དང་། བཞུགས་སྒར་རྡ་ས་ས་གནས་གཞོན་ལྷན་གྱི་ཚོགས་གཙོ་བསོད་ནམས་དབང་འདུས་ལགས། དེ་བཞིན་ཨི་ཀྲ་ལིའི་བོད་རིགས་ཚོགས་པའི་ཚོགས་གཞོན་རྟ་མགྲིན་ཆོས་འཕེལ་ལགས་བཅས་བོད་མི་གསུམ་ནས་མ་སྐུལ་དང་བླངས་ཐོག་བོད་སྤྱིའི་རྩ་དོན་སླད་ཟས་བཅད་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་པ་དང་།

 

སྐབས་དེའི་ཟས་བཅད་ངོ་རྒོལ་གྱི་དགོས་འདུན་དོན་ཚན་ཁག་གསུམ།

 

༡༽ རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲད་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་སྐོར།

༢༽ རྒྱ་དམར་གཞུང་ནས་ཀུན་གཟིགས་ ༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་ཐད་གནས་ཚུལ་གསལ་པོ་ར་སྤྲོད་བྱ་དགོས་ཚུལ།

༣༽ རྒྱ་དམར་གཞུང་ནས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་ཀྲོལ་གཏོང་དགོས་ཡོད་ཚུལ།

 

ཕྱི་ལོ་༢༠༠༦ཟླ་༢ཚེས་༢༥ཉིན་རྒྱལ་སྤྱིའི་ཨོ་པིག་རྩེད་འགྲན་ལྷན་ཚོགས་ཀྱི་རྒྱུན་ལས་དང་ཡུ་རོབ་ཨོ་པིག་རྩེད་འགྲན་ལྷན་ཚོགས་ཀྱི་ཚོགས་གཙོ་གཅིག་ལྕོག་སྐུ་ཞབས་མ་རིིའོ་པིས་ཀན་ཏི་མཆོག ཀྲོ་རི་ནོ་ཨོ་པིག་དགུན་དུས་རྩེད་འགྲན་ཚོགས་ཆུང་གི་ཚོགས་གཞོན་སྐུ་ཞབས་མ་ཛ་པིར་པའུ་ལོ་མཆོག་རྣམ་གཉིས་ཀྱིས་གཞོན་ལྷན་གྱིས་གོ་སྒྲིག་བྱས་པའི་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་གནང་ཡུལ་དུ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད་པ་དང་། སྐབས་དེར་ཁོང་རྣམ་གཉིས་ཀྱིས་ཟས་བཅད་ངོ་རྒོལ་གྱི་དགོས་འདུན་ཁག་གི་ཐོག་ཕྱག་བསྟར་མཛད་རྒྱུའི་ཞལ་བཞེས་བཟང་པོ་གནང་བ་དང་འབྲེལ་ཟས་བཅད་ལས་འགུལ་མྱུར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ནན་པོ་གནང་བ་སོགས་གནད་ཡོད་མི་སྣ་མང་པོ་ཞིག་གི་འབོད་སྐུལ་ལ་བརྟེན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཟས་བཅད་ལས་འགུལ་དེ་བཞིན་ཕྱི་ལོ་༢༠༠༦ཟླ་༢ཚེས་༢༧ཉིན་མཚམས་འཇོག་གི་གསལ་བསྒྲགས་དང་བཅས་ཏེ་རེ་ཞིག་མཚམས་འཇོག་གནང་དགོས་བྱུང་ཡོད་པ་རེད།

 

༡༽ ཕྱི་ལོ་ ༢༠༠༧ ཟླ་ ༧ པའི་ཚེས་ ༨ ནས་བཟུང་རྒྱ་གར་རྒྱལ་ས་ལྡི་ལིར་གཞོན་ལྷན་ལས་འགུལ་བ་ ༡༤ ནས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་༸པཎ་ཆེན་༸དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་དང་སྐུ་ཁམས་བདེ་མིན་གྱི་གནས་སྟངས་རྒྱ་གཞུང་ནས་དངོས་ཡོད་གནས་སྟངས་གསལ་བཤད་དགོས་སྐོར།

 

༢༽ སྤུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་ཚེ་བཙོན་གྱི་ཉེས་ཆད་དང་དེ་བཞིན་ཆབ་སྲིད་བཙོན་པ་གཞན་རྣམས་ལ་ཁྲིམས་ལུགས་ལག་བསྟར་གྱིས་ཉེས་ཆད་བཏང་ཡོད་ཚུལ་རྒྱ་གཞུང་ནས་དྲིལ་བསྒྲགས་བྱས་ཡོད་པར་སོང་། ཁོང་རྣམ་ནས་ནག་ཉེས་བསག་ཡོད་པའི་བདེན་དཔང་དང་ཁྲིམས་ལུགས་གཞིར་བཟུང་ཉེས་ཆད་སོགས་བཏང་ཡོད་ཚེ་དེ་དག་གི་དཔང་རྟགས་བཏོན་དགོས་པའི་འབོད་སྐུལ།

 

༣༽ རྒྱ་གཞུང་ནས་དྲིལ་བསྒྲགས་ལོག་བཤད་ཀྱིས་བོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་ལོང་སྤྱོད་བྱེད་ཚུལ་དུས་ནས་དུས་སུ་བཤད་ཀྱིན་ཡོད་པར་སོང་། རྒྱ་གཞུང་ནས་བོད་མི་ཚོར་གཞི་རྩིའི་འགྲོ་བ་མིའི་ཐོབ་ཐང་ཡོད་ཚུལ་བཤད་པ་བཞིན་དཔང་རྟགས་ངེས་བཏོན་དགོས་པའི་འབོད་སྐུལ།

 

༤༽ དེ་བཞིན་རྒྱ་གཞུང་གིས་བོད་ནང་མེ་འཁོར་ལྕག་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་སྣོད་བཅུད་ཁོར་ཡུག་སོགས་ལ་དོ་ཕོག་གཏོང་བཞིན་ཡོད་པས་དེ་དག་མཚམས་འཇོག་དགོས་སྐོར་དང་། རྒྱལ་སྤྱིའི་ཨོ་རྩལ་རྩེད་འགྲན་ཚོགས་ཆུང་ནས་རྒྱ་གཞུང་ལ་ ༢༠༠༨ ལོར་རྒྱ་ནག་ལ་འཚོགས་རྒྱའི་གོ་སྐབས་སྤྲད་ཡོད་པས། རྒྱ་ནག་གཞུང་ནས་བོད་གཙོས་པའི་རྒྱ་དམར་གྱི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཁག་གི་ནང་འགྲོ་བ་མིའི་ཐོབ་ཐང་ཡོད་ཚུལ་བཤད་ཀྱིན་ཡོད་པས་དེ་དག་གི་བདེན་དཔང་དང་དཔང་རྟགས་སེལ་བཏོན་དགོས་སྐོར།

 

ཕྱི་ལོ་༢༠༠༨ཟླ་༧ཚེས་༢༨ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་སྣེ་ཁྲིད་འོག་རྒྱ་གར་རྒྱལ་ས་ལྡི་ལིའི་ཇཱན་ཏར་མཱན་ཏར་རུ་བོད་མི་ས་ཡ་དྲུག་གི་ཚབ་མཚོན་རྒྱལ་གཅེས་པ་དྲུག་གིས་རང་སྲོག་བློས་གཏོང་གིས་བོད་རྒྱལ་ཁབ་ཆེན་པོའི་བདེན་དོན་སླད་རྒྱ་གཞུང་གིས་ཕྱི་ལོ་༢༠༠༨ལོའི་ཨོ་ལིམ་པིག་རྩེད་འགྲན་གྱི་མགྲོན་བདག་བྱེད་པའི་འོས་བབས་མེད་ཅེས་པའི་མིང་བྱང་ཐོག་མཐའ་གཅིག་ཏུ་ངོ་རྒོལ་མཚོན་ཕྱིར་མི་མང་གི་ལས་འགུལ་མདུན་སྐྱོད་ཆེན་མོ་གཉིས་པའི་ཆ་ཤས་<དུས་ཚོད་ངེས་མེད་ཀྱི་ལྟོ་མེད་ཆུ་མེད་ཀྱི་ཟས་བཅད་ངོ་རྒོལ་ལས་འགུལ།>ཞེས་པ་དབུ་འཛུགས་གནང་ཡོད། ཕྱི་སུ་ཉིན་དགུའི་རྗེས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་བ་ཚོ་རྒྱ་གར་གྱི་སྨན་ཁང་ཞིག་ནང་རྒྱ་གར་ཉེན་རྟོགས་པས་བཙན་འཕྲིད་བྱས་ཡོད།

 

ཕྱི་ལོ་༢༠༡༡ཟླ་༤ཚེས་༢༡དགོང་མོར་རྒྱ་གཞུང་གིས་ཀིརྟི་དགོན་པའི་དགེ་འདུན་པ་༣༠༠ལྷག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་།ལོ་ན་དྲུག་ཅུ་བརྒལ་བའི་རྒས་ཁོག་གཉིས་ཀྱང་ཉེས་རྡུང་འོག་སྐུ་སྲོག་ཤོར་བ་སོགས་སྔ་ཕྱི་བར་གསུམ་གྱི་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་ཆེད་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་དང་། ཟུང་དྲུང་བསྟན་འཛིན་ནོར་བཟང་ལགས། དཔལ་འབྱོར་འགན་འཛིན་དཀོན་མཆོག་ཡར་འཕེལ་ལགས་བཅས་གསུམ་གྱིས་འགན་འཁུར་དང་བླངས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དགོས་འདུན་དོན་ཚན་གཉིས་དང་འབོད་སྐུལ་དོན་ཚན་གཅིག་གི་ཐོག་ནས་ཕྱི་ལོ་༢༠༡༡ཟླ་༤ཚེས་༢༥ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་ཇཱན་ཏར་མཱན་ཏར་དུ་ལྡི་ལི་བསམ་ཡས་གླིང་ས་གནས་གཞོན་ནུ་དང་། རོ་ཧི་ནི་ས་གནས་གཞོན་ནུ། ལྡི་ལིར་གནས་སྡོད་བོད་རིགས་མི་མང་། གསར་འགོད་པ་བཅས་ལྷན་འཛོམས་ཐོག་<དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་>ཞེས་པ་ཞིག་དབུ་འཛུགས་གནང་ཡོད།

 

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ཕྱི་ལོ་༢༠༡༢ཟླ་༢ཚེས་༢༢ཉིན་ནས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དྭང་བླངས་བ་ཤིང་བཟའ་རིན་པོ་ཆེ་མཆོག་དང་།གཞོན་ལྷན་ས་རྒྱུན་ཡེ་ཤེས་བསྟན་འཛིན་ལགས། རྡོ་རྗེ་རྒྱལ་པོ་ལགས་བཅས་གསུམ་གྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་དགོས་འདུན་དོན་ཚན་ལྔ་ཅན་ཞིག་གི་ཐོག་ནས་ཟས་ངོ་རྒོལ་གྱི་ལས་འགུལ་འགོ་འཛུགས་གནང་ཡོད་པ་དང་། དེ་ལྟར་ཉིན་གྲངས་༢༧འགྲོ་སྐབས་ཟས་བཅད་ལས་འགུལ་བ་གསུམ་ལས་རྡོ་རྗེ་རྒྱལ་པོ་ལགས་ཀྱི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་པའི་རྐྱེན་གྱིས་ནིའུ་ཡོག་གྲོང་ཁྱེར་ཉེན་རྟོག་པ་དང་། ཛ་དྲག་སྨན་བཅོས་རུ་ཁག་མཉམ་རུབ་ཀྱིས་སྨན་ཁང་དུ་ཁྲིད་ཡོད་ཀྱང་ཁོང་གིས་སྨན་ཁང་ནང་དུའང་ཟས་བཅད་ངོ་རྒོལ་ལས་འགུལ་མུ་མཐུད་བྱེད་རྒྱུ་ཡིན་ཞེས་གསུངས་པ་ལྟར་ཞལ་ལག་གི་རིགས་རྩ་བ་ནས་མ་མཆོད་པར་གནས་མུས་སུ་ཕྱི་ཟླ་༣ཚེས་༢༢ཉིན་ཤིང་བཟའ་རིན་པོ་ཆེ་མཆོག་དང་། ཡེ་ཤེས་བསྟན་འཛིན་ལགས་རྣམ་གཉིས་ཟས་བཅད་ངོ་རྒོལ་གནང་ཡུལ་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སྦན་ཀི་མུན་(Ban Ki-moon)མཆོག་གི་སྐུ་ཚབ་དང་། རྒྱལ་ཚོགས་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་སློབ་སྟོན་གནང་མཁན་རྣམ་གཉིས་ཆེད་དུ་ཕེབས་ཏེ་མཇལ་འཕྲད་གནང་བ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་ཟས་བཅད་ངོ་རྒོལ་གནང་མཁན་ཚོའི་རེ་འདུན་ཁག་ལ་གཟིགས་རྟོག་གནང་རྒྱུ་ཡིན་ཞེས་གསུངས་པར་བརྟེན་དུས་ཡུན་ཉིན་གྲངས་༣༠རིང་ཟས་བཅད་ངོ་རྒོལ་གནང་མཐར་དེ་ཉིན་མཚམས་འཇོག་གིས་མཇུག་སྒྲིལ་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ནས་རྒྱལ་ཚོགས་ཀྱི་སྐུ་ཚབ་རྣམ་གཉིས་ཆེད་དུ་ཟས་བཅད་ངོ་རྒོལ་གནང་ཡུལ་དུ་གཟིགས་རྟོག་གནང་བར་ཕེབས་ཏེ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་རྣམ་པ་དང་མཇལ་འཕྲད་གནང་བ་དེ་ནི། བོད་མིའི་རྒྱལ་ཁ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་སྐོར་གསུངས་ཡོད། མཇུག་སྒྲིལ་རྗེས་ནིའུ་ཡོག་གྲོང་ཁྱེར་གྱི་ཉེན་རྟོག་པ་དང་། ཛ་དྲག་སྨན་བཅོས་རུ་ཁག་མཉམ་རུབ་ཀྱིས་ཤིང་བཟའ་རིན་པོ་ཆེ་མཆོག་དང་། ཡེ་ཤེས་བསྟན་འཛིན་ལགས་རྣམ་གཉིས་ཀྱང་སྨན་ཁང་དུ་སྨན་བཅོས་བྱེད་དུ་ཁྲིད་གནང་ཡོད།

 

༡༽ བོད་ནང་དོན་དངོས་ཀྱི་ཛ་དྲག་གནས་ཚུལ་མཁྱེན་རྟོགས་ཡོང་སླད་རྒྱལ་ཚོགས་ཀྱི་སྐུ་ཚབ་བོད་ནང་གཏོང་དགོས་རྒྱུར་འབོད་སྐུལ།

༢༽རྒྱ་གཞུང་གིས་བོད་ནང་དྲག་པོའི་ཁྲིམས་གཞི་བསྡམས་པར་རྒྱལ་ཚོགས་ནས་འཕྲལ་དུ་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲད་དགོས་རྒྱུ།

༣༽ རྒྱལ་སྤྱིའི་གསར་འགོད་པ་རྣམས་བོད་ནང་འགྲོ་བཅུག་དགོས་རྒྱུ།

༤༽ བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་གློད་བཀྲོལ་གཏོང་དགོས་རྒྱུ།

༥༽ བོད་མི་ཚོར་དམར་ཤོག་གི་རྒྱལ་གཅེས་སློབ་གསོ་སྤྲོད་བཞིན་པར་ངོ་རྒོལ་དང་མཚམས་འཇོག་དགོས་རྒྱུ།

 

ཕྱི་ལོ་༢༠༡༥ཟླ་༨ཚེས་༢༥ཉིན་རྒྱལ་གཅེས་དཔའ་མོ་བཀྲིས་སྐྱིད་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་གི་དབང་བསྒྱུར་དང་བཙན་གནོན་ལ་ངོ་རྒོལ་གནང་ནས་དེ་ཉིན་རང་ཁོང་འདས་གྲོངས་སུ་གྱུར་ནས་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་རེད།ཁོང་ནི་ལོ་འདིའི་རང་ལུས་མེར་སྲེག་གནང་མཁན་བདུན་པ་དེ་ཆགས་ཡོད། སྤྱིར་སྙིང་སྟོབས་ཅན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་གཅིག་མཇུག་གཉིས་མཐུད་ཀྱིས་རྩ་ཆེའི་རང་ལུས་མེར་སྲེག་གནང་སྟེ་ “༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས། བོད་རང་བཙན་ཡིན།”ཞེས་པ་སོགས་ཀྱི་འབོད་ཚིག་ཐོག་ནས་བོད་མིའི་མངོན་འདོད་འདོན་གནང་ཡོད་ཀྱང་། རྒྱ་ནག་སྲིད་གཞུང་གིས་དེ་དག་ལ་ཡ་ལན་སྤྲོད་རྒྱུ་ལས་ལྡོག་སྟེ་བོད་མིའི་ཐོག་དམ་དྲག་ཇེ་ཆེར་བཏང་བ་དང་། བོད་མི་ཡོངས་ཀྱི་ཚེ་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྐྱོན་འཛུགས་དང་སྐུར་འདེབས་ཚོད་མེད་ཞུས་དང་ཞུ་མུས་ལ་བརྟེན་བོད་འབངས་ཡོངས་ཀྱི་སེམས་ཁམས་སུ་གསོ་ཐབས་མེད་པའི་རྨ་ཁ་ཞིག་བཟོས་ཡོད་པ་རེད། དེ་ལྟར་ན་འདི་ག་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་གསུམ་ནས་བོད་ནང་གི་ཛ་དྲག་གནས་སྟངས་དྲིལ་བསྒྲགས་དང་། རང་ལུས་མེར་སྲེག་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་ལ་རྒྱབ་སྐྱོར་དང་། གཞིས་ལུས་སྤུན་ཟླ་ཡོངས་ལ་གདུང་སེམས་མཉམ་སྐྱེད་བཅས་ཀྱི་ཆེད་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་རྒྱ་གར་རྒྱལ་ས་ལྡི་ལིར་ཕྱི་ལོ་༢༠༡༥ཟླ་༩ཚེས་༡༠ཉིན་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཚོགས་ལ་ཉེ་བའི་སྐབས་དང་བསྟུན་ནས་གཞོན་ལྷན་གྱི་དགོས་འདུན་དོན་ཚན་ལྔ་ཅན་ཞིག་གི་ཐོག་ནས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་དངོས་སུ་དབུ་འཛུགས་ཞུས་ཡོད་པ་དང་། ཟས་བཅད་ལས་འགུལ་ནང་མཉམ་ཞུགས་གནང་མཁན་གསུམ་ནི་གཞོན་ལྷན་ཚོགས་གཞོན་རྟ་མགྲིན་སྲིད་ཆོས་ལགས་དང་། དྲིལ་བསྒྲགས་འགན་འཛིན་ཚེ་དབང་སྒྲོལ་མ་ལགས། དཔལ་འབྱོར་འགན་འཛིན་བསྟན་འཛིན་དབང་ཕྱུག་ལགས་བཅས་ནས་གཤམ་གསལ་དགོས་འདུན་ཁག་ལྔ་འདོན་གནང་གིས་ལས་འགུལ་དབུ་འཛུགས་ཞུས་གནང་ཡོད།

 

༡༽ མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་ནས་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་དོན་གླེང་སློང་དགོས།

༢༽ རྒྱ་ནག་སྲིད་གཞུང་ལ་རང་ལུས་མེར་སྲེག་གི་གཞི་རྒོལ་གནང་མཁན་བོད་མིའི་དགོས་འདུན་ཁག་ལ་འགན་འཁུར་ཡ་ལན་དགོས་པ་ནན་སྐུལ་མཐའ་འཁྱོལ་བྱ་དགོས།

༣༽ རྒྱ་ནག་སྲིད་གཞུང་ལ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡོད་མེད་ཀྱི་བདེན་དཔང་གསལ་སྟོན་དགོས་པ་ནན་སྐུལ་བྱ་དགོས།

༤༽ བོད་ཀྱི་དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་ངེས་པར་དུ་གཏོང་དགོས།

༥༽ རྒྱ་ནག་སྲིད་གཞུང་ལ་བོད་ཀྱི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་བཀྲོལ་དགོས་པ་ནན་སྐུལ་བྱ་དགོས།

 

ཉིན་ ༣༢ སོང་རྗེས་རྒྱ་གར་དུ་གནས་བཞུགས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་མཆོག་ནས་གཞོན་ལྷན་གྱི་དགོས་འདུན་ཁག་ལ་བརྩི་སྲུང་དང་བོད་མིའི་མངོན་འདོད་ཐོག་གླེང་སློང་གནང་རྒྱུ་ཡིན་པའི་ཞལ་བཞེས་བཟང་པོ་ཐོབ་སྟེ་ལས་འགུལ་མཚམས་འཇོག་བྱས་གནང་ཡོད།

[1]སྐབས་འདིའི་ཟས་བཅད་ངོ་རྒོལ་གྱི་དགོས་འདུན་གཙོ་བོ། དེ་སྔ་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ནས་ཕྱི་ལོ་༡༩༥༩དང་། ༡༩༦༡།༡༩༦༥བཅས་སོ་སོར་བོད་དོན་སྐོར་འཇོག་གནང་མཛད་པའི་གྲོས་ཆོད་རྣམས་ལ་གྲོས་མོལ་དང་མཇུག་སྐྱོང་གནང་དགོས་རྒྱུར་འབོད་སྐུལ་ཞུས་ཡོད།

Back To Top