བོད་དོན་ཞུ་གཏུགས་ལས་འགུལ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་བཞིན་ཕྱི་ལོ་ ༡༩༧༠ ལོར་དབུ་འཛུགས་བྱས་པ་ནས་བཟུང་དབུས་སྤྱི་ཁྱབ་རྒྱུན་ལས་རིམ་བྱུང་གི་བཀོད་མངགས་དང་འགན་འཁུར་སྣེ་ཁྲིད་འོག་དབུས་ས་གཉིས་ནས་ནུས་ཤུགས་གཅིག་སྒྲིལ་གྱིས་རྣམ་པ་དང་ངོ་བོ་འདྲ་མིན་གྱི་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་མང་དག་ཅིག་སྤེལ་ཐུབ་པ་བྱུང་ཡོད། དེ་ཡང་ཆབ་སྲིད་ཐད་འཚེ་མེད་ཞི་བའི་ལྟ་གྲུབ་གཞིར་གཟུང་ཐོག་རྒྱ་ནག་གི་དཔོན་རིགས་དང་གཞུང་ཚབ། མཉམ་འབྲེལ་རྒྱལ་ཚོགས་ཁང་ཁག་སོགས་ཀྱི་མདུན་སར་ངོ་རྒོལ་སྐད་འབོད་དང་། ཡིག་ཆ་འགྲེམས་སྤེལ། ཞུ་སྙན་འབུལ་གཏུགས། ཟས་བཅད་ངོ་རྒོལ། ཞི་བའི་གོམ་བགྲོད། རྐང་འཁོར་དང་སྦག་སྦག་སྐོར་སྐྱོད། མར་མེའི་ཁྲོམ་སྐོར་སོགས་ཀྱི་ལས་འགུལ། རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣར་སྣེ་ལེན་དང་བོད་དོན་ངོ་སྤྲོད་ཞུ་འབོད་སོགས་ཀྱི་བོད་དོན་ལས་འགུལ་སྤེལ་དང་སྤེལ་མུས་ཡིན།

གཙོ་བོ་རྒྱ་དམར་སྲིད་གཞུང་ནས་གཞིས་ལུས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་མུས་ཀྱིས་ཆོས་ལུགས་ཀྱི་བྱེད་སྒོ་ཐ་དག་ལ་བཀག་སྡོམ། རྒྱལ་གཅེས་པ་བོད་རིགས་གྲངས་ལས་འདས་པ་ཞིག་ཉེས་མེད་འཛིན་བཟུང་བཙོན་འཇུག་དང་། བོད་ཀྱི་ཁོར་ཡུག་ལ་གནོད་གཞིའི་ལས་འགུལ་སྣ་མང་བརྩམས་དང་རྩོམ་མུས་ཡིན་པའི་གནད་དོན་སོགས་ཀྱི་ཐད་སྙན་ཐོ་འགྲེམས་སྤེལ་དང་། རྒྱལ་སྤྱིའི་ཚོགས་འདུ་རིམ་པར་མཉམ་ཞུགས་ཀྱིས་འབྲེལ་ཡོད་དཔོན་རིགས་ཚོར་ཆུ་གཏུགས་དང་། བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རྒྱབ་སྐྱོར་རག་ཐབས། བོད་དོན་བདེན་མཐའ་སེལ་ཐབས་སོགས་གནང་དང་གནང་མུས་ཡིན།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ལོ་ལྟར་རང་རིགས་གཞོན་སྐྱེས་ཚོར་འགོ་ཁྲིད་ཟབ་སྦྱོང་སྤྲོད་མུས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་རྒྱལ་རབས་ལོ་རྒྱུས་སོགས་ཀྱི་གོ་གཏོགས་གང་ལེགས་སྤེལ་བཞིན་ཡོད་པ་མ་ཟད། འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་ཐོག་རང་རིགས་གཞོན་སྐྱེས་རྣམས་ནས་འཐབ་རྩོད་ནང་ཞབས་འདེགས་སྔར་ལྷག་ཞུ་རྒྱུར་རམ་འདེགས་གནང་དང་གནང་མུས་ཡིན།

 

དམིགས་བསལ་འདི་ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བོད་ཀྱི་རྒྱལ་གཅེས་དཔའ་བོའི་ཉིན་མོ་དང་སྟབས་བསྟུན་གྱིས་བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ་ཞེས་པ་ཞིག་ཕྱི་ལོ་༢༠༢༣ཟླ་༤ཚེས་༢༩ཉིན་རྒྱ་གར་བྱང་ཤར་ཁུལ་གྱི་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ནས་འགོ་འཛུགས་ཀྱིས་རྒྱ་གར་བྱང་ཤར་བྷེང་གྷལ་(West Bengal)བརྒྱུད་ཨ་སམ་མངའ་སྡེའི་ཏེཛ་པུར་བར་གཞིས་རྒྱ་ཆེ་བའི་གོམ་བགྲོད་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ད་ལེན་གོམ་བགྲོད་ཀྱི་དམིགས་ཡུལ་གཙོ་བོ་ནི། ཕྱི་ལོ་༢༠༢༣ལོའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་(G20) ཡི་ཚོགས་འདུའི་སྐབས་རྒྱ་གར་སྲིད་བློན་མོ་དྷིར་བོད་དོན་གླེང་སློང་དགོས་པའི་ནན་སྐུལ་ཞུས་པ་དང་། སྟོབས་ཆེན་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པར་ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ལྷན་དུ་བོད་དོན་ཐད་གླེང་སློང་ངེས་པར་དགོས་པའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། རྒྱ་དམར་སྲིད་གཞུང་ནི་ནམ་ཡང་ཡིད་ཆེས་བྱེད་ཆོག་པའི་རྒྱལ་ཁབ་མིན་པའི་བརྡ་ལན་སེལ་གཏོན་གྱི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་ཡོད།

Back To Top